Tuesday, July 6, 2021

གུང་ཐང་བསླབ་བྱའི་བསྡུས་འགྲེལ།

གུང་ཐང་བསླབ་བྱའི་བསྡུས་འགྲེལ། 

 

བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་གི་བསྡུས་འགྲེལ།

བསླབ་བྱ་མཛད་པ་པོ། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག ༡༧༦༢ ༡༨༢༣

                      བསྡུས་འགྲེལ་བྱེད་པོ།  བེ་རི་རྒྱལ་སྲས། 

 

                                 མཆོད་བརྗོད།

རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་པའི་དབྱངས། །

ངུར་སྨྲིག་གར་གྱིས་རྣམ་རོལ་ཙོང་ཁ་པ། ། 

དངོས་གྲུབ་ཀུན་སྩོལ་བཅོམ་ལྡན་གཤིན་རྗེའི་གཤེད། ། 

རྣམ་གསུམ་དབྱེར་མེད་ཞབས་ཀྱི་པདྨོ་ལ། ། 

གུས་པས་འདུད་དོ་བརྩེ་བས་རྗེས་སུ་ཟུངས། །

       རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་འཇམ་པའི་དབྱངས་དང་། དེ་ཉིད་མི་ཡི་རྣམ་རོལ་རྗེ་ཙོང་ཁ་པ་ཆེན་པོ། བསྟན་སྲུང་ཆེན་མོ་བཅོམ་ལྡན་གཤིན་རྗེའི་གཤེད་དེ་རྡོ་རྗེ་འཇིགས་བྱེད་བཅས་གསུམ་རྣམ་པ་ཐ་དད་པ་ཙམ་ལས་ངོ་བོ་གཅིག་པའི་བླ་མ་ཡི་དམ་ཆོས་སྲུང་གསུམ་ལ་གུས་པས་འདུད་པ་ལགས་ན། བདག་ཅག་རྣམས་ཐུགས་བརྩེ་བས་རྗེས་སུ་གཟུང་དུ་གསོལ་བའོ།། 

 

                                   སྣོད་ལྡན་ཉན་པར་སྐུལ་བ། 

སྐྱེ་བར་བཏགས་པས་མངོན་རློམ་ཚངས་པ་དང༌། །

ཁེངས་དྲེགས་འབྱོར་བས་གཡེང་བའི་འདོད་ལྷའི་རིགས། ། 

མ་ཡིན་བློ་གསལ་ཚུལ་མཐུན་དོན་གཉེར་ཅན། ། 

སློབ་གཉེར་ཚུལ་བཞིན་བྱེད་པར་འདོད་རྣམས་ལ།།

གདམས་ངག་ཅུང་ཟད་སྦྱིན་ནོ་ཉོན་ཅིག་ཨང༌། །

 

       སྐྱེ་བ་མཐོན་པོ་བླངས་པའི་རློམ་སེམས་ཅན་ཚངས་པ་སོགས་འཇིག་རྟེན་པའི་དྲེགས་པའི་ལྷ་བརྒྱད་དང་། འདོད་ལྷའི་རིགས་ལྟ་བུ་མ་ཡིན་པར། བློ་གསལ་ཞིང་ཆོས་དང་ཚུལ་དང་མཐུན་པའི་ལམ་དོན་གཉེར་ཅན་རྣམས་ལ་སློབ་སྦྱོང་ཇི་ལྟར་བྱེད་པའི་ཚུལ་ལས་བརྩམས་པའི་གདམས་ངག་ཅུང་ཟད་སྦྱིན་པར་བྱ་ཡི། ཁྱེད་རྣམས་ཀྱིས་སྣོད་ཀྱི་སྐྱོན་གསུམ་སྤངས་ནས་ཉོན་ཅིག་ཅེས་པའོ།། 

 

                                  དལ་འབྱོར་སྙིང་པོར་ལེན་པར་གདམས་པ། 

དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །

མཚན་ལྡན་བཤེས་དང་ཆོས་མཐུན་གྲོགས་ཀྱིས་བསྐྱངས། ། 

མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ། ། 

ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས། ། 

ཕྱི་བཤོལ་སྤངས་ཏེ་སྙིང་པོ་ལོངས་ཤིག་ཨང༌། ། 

       

དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་ཐོབ་ཅིང་། རྒྱལ་བའི་བསྟན་པ་དང་མཇལ། དེ་སྟོན་པའི་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་། ཆོས་གྲོགས་པའི་ཟླ་གྲོགས་རྣམས་ཀྱིས་བསྐྱངས་པའི་རྟེན་འབྲེལ་འདི་འདྲ་བ་འཛོམས་པ་ནི་ཆེས་ཤིན་ཏུ་དཀའ་བ་དང་། ཕྱི་བཤོལ་གྱི་ལེ་ལོ་སོགས་ལེ་ལོ་གསུམ་སྤངས་ནས་དལ་རྟེན་སྙིང་པོར་ལོངས་ཤིག་ཅེས་བསྐུལ་བའོ།།

                                   ཐོས་བསམ་བྱེད་དགོས་པར་གདམས་པ།

ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། ། 

བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང༌། ། 

རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས། ། 

བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན། ། 

འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང༌། ། 

       རང་གི་ཕ་ཡུལ་ན་ཡོད་པའི་ཕ་མ་གཉེན་ཉེ་དུ་ཀུན་རྒྱང་རིང་དུ་བཞག་ནས་སློབ་གཉེར་གྱི་ཆེད་དུ་སོང་རྗེས། སློབ་གྲྭའི་ནང་དོན་མེད་གྲོགས་པོ་དང་ལྷན་དུ་སློབ་སྦྱོང་མི་བྱེད་པར་རྣམ་གཡེང་བྱེད་པ་ནི་བསམ་བློ་གཏོང་མི་ཤེས་པའི་སྨྱོན་པ་རང་ཡིན་པས། གང་གི་ཕྱིར་སློབ་གྲྭའི་ནང་འོངས་པའི་དོན་ནི་སློབ་སྦྱོང་ལ་ཐོས་བསམ་བྱེད་པ་འདི་ཡིན་པས། ཐོས་བསམ་གྱི་ལས་ལ་བློ་རྩེ་གཅིག་ཏུ་སྒྲིམས་ཤིག་ཅེས་བསྐུལ་བའོ།། 

 

                                   བཤེས་གཉེན་ལེགས་པར་བསྟེན་པར་གདམས་པ།

སྒོ་གསུམ་དགེ་ལ་སྦྱར་ཕྱིར་མིང་དང་དོན། །

མཐུན་པའི་བཤེས་ཤིག་རང་གི་དགེ་རྒན་དུ། །

བསྟེན་ནས་ཆོས་ཀྱི་བྱ་བ་མ་ལུས་པའི། ། 

རྩ་བར་མཐོང་སྟེ་བཀའ་བཞིན་བསྒྲུབས་པ་ཡིས། ། 

རྟེན་འབྲེལ་མགོ་ནས་འགྲིག་པར་གྱིས་ཤིག་ཨང༌། ། 

       ལུས་ངག་ཡིད་གསུམ་གྱི་བྱ་བ་དགེ་བ་ལ་སྦྱར་བའི་ཕྱིར་དུ་མིང་དོན་མཚུངས་པའི་དགེ་བའི་བཤེས་ཤིག་བསྟེན་པ་ནི་ཆོས་དང་ཡོན་ཏན་ཀུན་གྱི་རྩ་བ་ཡིན་པས། དགེ་རྒན་གྱི་བཀའ་བཞིན་སྒྲུབ་པ་འདི་ཤིན་ཏུ་གལ་ཆེ་བས་རྟེན་འབྲེལ་མགོ་མ་ནས་འགྲིགས་པ་གྱིས་ཤིག་ཅེས་བསྐུལ་བའོ།།

                     

                                   སྡིག་གྲོགས་སྤོང་བར་གདམས་པ།

སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས། ། 

གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས། ། 

རྩེད་རྒོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི། ། 

ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས། །

འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང༌། །

       སྡིག་གྲོགས་ཞེས་པ་ནི་མགོ་ལ་རྭ་ཅོ་མཐོ་གང་ཙམ་སྐྱེས་པ་ཞིག་མི་འབྱུང་བར། དེ་ནི་རང་ལ་གཅེས་མདོག་དགའ་མདོག་མདོག་གིས་ཕན་པའི་ཟོལ་བསྟན་ནས་སློབ་སྦྱོང་བྱེད་དུ་མི་འཇུག་པར་རྩེད་རྒོད་སོགས་ཀྱིས་སེམས་པ་གཡེང་དུ་བཅུག་སྟེ། བག་མེད་པའི་སྡིག་པའི་ལས་ལ་སྦྱོར་བ་དེ་སྡིག་པའི་གྲོགས་པོ་ཡིན་པས། འགོ་ནད་དམ་ནད་ཡམས་བཞིན་དུ་རྒྱང་རིང་དུ་སྤོངས་ཤིག་ཅེས་བསྐུལ་བའོ།།

 

                                   གཅིག་པུར་གནས་པར་གདམས་པ།

ཆ་རྐྱེན་ཡོད་ན་མི་བཟོད་མྱུར་དུ་བརླག ། 

མེད་ན་མི་བཟོད་བུ་ལོན་སྟོང་འཇལ་བྱེད། །

ཅི་བྱས་ཆོས་ཀྱི་གེགས་སུ་འགྲོ་བ་འདི། ། 

གྲོགས་ངན་འདུ་འཚོགས་མང་བའི་སྐྱོན་ཡིན་པས། ། 

བསེ་རུ་ལྟ་བུར་གནས་པར་གྱིས་ཤིག་ཨང༌། ། 

       མཐུན་པའི་ཆ་རྐྱེན་རྣམས་མྱུར་དུ་བརླག་པ་དང་། མེད་ན་དེ་སྒྲུབ་པའི་ཆེད་དུ་བུ་ལོན་སྟོང་འཇལ་བྱེད་པ་སོགས་ཅི་དང་གང་བྱེད་ཀྱང་དམ་པའི་ཆོས་སྒྲུབ་པའི་གེགས་སུ་འགྲོ་བའི་རྒྱུ་གཙོ་བོ་ནི། གྲོགས་ངན་པ་དང་འབྲེལ་འདྲིས་མང་ཞིང་འདུ་ཚོགས་ཆེ་བའི་སར་དོན་མེད་གཡང་རྒྱུགས་མང་བའི་སྐྱོན་པས། རི་དྭགས་བསེ་རུ་བཞིན་དུ་གཅིག་པུར་གནས་ནས་དགེ་བའི་བྱ་བ་ལ་བརྩོན་ཅིག་ཅེས་བསྐུལ་བའོ།།

 

 

      མཐུན་རྐྱེན་དང་འགལ་རྐྱེན་ངོ་སྤྲོད་པ།

མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས། ། 

ཉམས་བྱེད་འདོད་ཡོན་བདུད་ཀྱི་གཡབ་མོ་སྟེ། ། 

འདོད་ཆུང་ཆོག་ཤེས་སྔོན་བྱོན་དམ་པ་རྣམས། ། 

དབུལ་བས་མ་མནར་དོན་གཉིས་རྩེར་སོན་པས། ། 

འཕྲལ་ཕུགས་ཁེ་ཉེས་གང་ཆེ་དཔྱོད་ཅིག་ཨང༌། །

       མིང་དུ་མཐུན་རྐྱེན་ཟེར་ཡང་། དོན་དུ་ཆོས་ལས་ཉམས་སུ་འཇུག་མཁན་དེ་ནི་བདུད་ཀྱི་གཡབ་མོ་ཡིན་ལ། འདོད་ཆུང་ཆོག་ཤེས་གནང་བའི་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ནོར་གྱིས་ཕོངས་ཀྱང་དབུལ་བས་མ་མནར་བར་མ་ཟད། རང་གཞན་གྱི་དོན་ཀུན་གྱི་རྩེར་སོན་པས། གནས་སྐབས་འཕྲལ་དང་མཐར་ཐུག་ཕུགས་ཀྱི་ཁེ་དང་ཉེས་གང་ཆེ་གང་ཆུང་ལ་དཔྱོད་ཅིག་ཅེས་བསྐུལ་བའོ།།

 

      ཕྱི་ཚུལ་ཙམ་ལ་འཁྲུལ་མི་རུང་བར་གདམས་པ།

གདོལ་སྤྱོད་ཁྱིམ་པའི་རྗེས་འཇུག་གཡོ་ཁྲམ་མཁན། ། 

ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ། ། 

ལྟོ་སྐྱ་གོས་ཧྲུལ་ཐོས་དང་ཚུལ་ཁྲིམས་ཀྱི། ། 

བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང༌། ། 

གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་ནོ་ཨང༌། ། 

       སྤྱོད་ངན་ལ་གོམས་པའི་ཁྱིམ་པའི་རྗེས་སུ་འཇུག་པའི་གཡོ་སྒྱུ་ཁྲམ་གསུམ་ལ་འདྲིས་པ་དག ཕྱི་ཚུལ་ནས་བལྟས་ན་གོས་རྫིག་པོ་གྱོན། ཁ་པར་ཐོན་གསར་འཁྱེར། འགྲོ་ས་འདུག་ས་གོང་ཆེ་ལ་བྱས། སྤྱི་ཚོགས་ཁྲོད་དུའང་མཐོང་ཆེ་བའི་བཟོ་ལྟར་ལྟར་སྣང་ཡང་། དེ་ནི་སྙེ་མ་སྟོང་པ་མགོ་འཕང་མཐོ་བ་དང་འདྲ་ལ། ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བ་སྐྱེལ་ཞིང་། ཐོས་བསམ་ལས་འཇུག་སྟེ། ཚུལ་ཁྲིམས་གཙང་མར་སྲུང་བའི་དམ་པ་རྣམས་ནི་འབྲས་བུ་དང་ལྡན་པའི་སྙེ་མ་བཞིན་མགོ་བ་ཐུར་དུ་གུག་ནས་དམའ་ན་ཡང་། དོན་དུ་གཏན་གྱི་སྐྱིད་སྡུག་ནི་གནམ་ས་ལྟ་བུའི་ཁྱད་ཡོད་པས། ཕྱི་ཚུལ་ཙམ་ལ་འཁྲུལ་མི་ཉེན་པའི་བསྐུལ་མ་གནང་བའོ།། 

 

                            རང་ཚུགས་བརྟན་པོ་དགོས་པར་གདམས་པ།

བླ་མ་ལ་གུས་མཐོ་ལ་ཕྲག་དོག་མེད། ། 

དམན་ལ་བརྩེ་སོགས་ནང་ནས་དུལ་གྱུར་ན། ། 

ཕྱི་བལྟས་ཅོལ་ཆུང་སྐྱེ་བོས་མངགས་ཚད་ལ། །

མི་ཉན་གྱོང་བོར་སྣང་ཡང་སྐྱོན་མེད་པས། ། 

ཕྱི་འཇམ་ཁོང་རྩུབ་སྤྱོད་པ་སྤོངས་ཤིག་ཨང༌། ། 

       རང་གི་བླ་མ་གུས་ཤིང་དད་པ་དང་། རང་ལས་མཐོ་བ་དག་ལ་ཕྲག་དོག་མི་བྱེད་པར་རྗེས་སུ་ཡི་རངས་པ། དམན་པ་དག་ལ་ཁྱད་གསོད་མི་བྱེད་པར་གཅིག་ཏུ་བརྩེ་བ་སོགས་ཀྱིས་རྒྱུད་ནང་ནས་དུལ་ན། ཕྱི་བལྟས་ཅོལ་ཆུང་གི་སྐྱེ་བོས་མངགས་ཚད་དང་ཟེར་ཚད་ལ་མ་ཉན་པར་གྱོང་པོར་སྣང་ཡང་། དེ་ནི་རང་ཚགས་པའི་རྟགས་ཡིན་པས་སྐྱོན་མེད་ལ། དེ་ལྟར་མིན་པར་ཕྱི་འཇམ་ཁོག་རྩུབ་ཀྱི་སྤྱོོད་པ་དང་ལས་དེ་སྤོངས་ཤིག་ཅེས་བསྐུལ་བའོ།། 

 

                            ཚུལ་ཁྲིམས་སྲུང་བར་གདམས་པ།

མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱི་རྒྱུ། ། 

བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་འདི། ། 

རྣམ་གྲོལ་དོན་གཉེར་རྣམས་ཀྱི་སྲོག་ཡིན་ཀྱང༌། ། 

ཚུལ་འཆོས་སྤྱོད་པ་འདི་ཡིས་ཐར་དཀའ་བས། ། 

བསླབ་ཁྲིམས་ངོ་ལྐོག་མེད་པར་སྲུངས་ཤིག་ཨང༌། ། 

       མངོན་མཐོ་ལྷ་དང་མིའི་གོ་འཕང་དང་། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་དང་། བསྟན་པའི་གཞི་རྩ་གཙོ་བོ་ལྷག་པའི་ཚུལ་ཁྲིམས་ཉིད་ནི་རྣམ་གྲོལ་དོན་གཉེར་ཅན་རྣམས་ཀྱིས་སྲོག་ཡིན་ཡང་། འདི་ནི་ཚུལ་འཆོས་སམ་ཟོལ་གྱིས་བཅོས་པའི་རྣམ་འགྱུར་ཙམ་གྱིས་གང་ཡང་མི་འོང་བས། བསླབ་པའི་ཚུལ་ཁྲིམས་ནི་ངོ་ལྐོག་རྒྱབ་མདུན་མེད་པར་སྲུངས་ཤིག་ཅེས་བསྐུལ་བའོ།། 

 

     བག་ཡོད་བསྟེན་པར་གདམས་པ།

ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །

སྨྲ་བ་ཉུང་བས་ཕོག་ཐུགས་གཡེང་བ་མེད། ། 

དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན། ། 

ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་འགྱུར་བས། ། 

སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང༌། ། 

       ཕྱི་ལུས་ཀྱི་ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་ལ་འཐད་ཅིང་བབ་པ་དང་། ངག་གི་དོན་མེད་ཀྱི་སྨྲ་བ་ཉུང་ན་གཞན་ལ་ཕོག་ཐུག་མེད་ཅིང་སེམས་གཡེང་བ་སོགས་མི་འབྱུང་བ་དང་། ཡིད་ཀྱི་དད་པ། བརྩོན་འགྲུས། དྲན་པ་དང་ཤེས་བཞིན་བརྟན་པོས་ཉིན་རེ་བཞིན་དུ་རང་རྒྱུད་ཀྱི་ཡོན་ཏན་ཡར་ངོའི་ཟླ་བ་ལྟར་འཕེལ་བར་འགྱུར་བས། ལུས་ངག་ཡིད་གསུམ་གྱི་སྒོ་འདི་བག་དང་ལྡན་པར་གྱིས་ཤིག་ཅེས་བསྐུལ་བའོ།། 

 

      ཐོས་པ་བཙལ་བར་གདམས་པ།

དང་པོ་ཐོས་པའི་སྒྲོན་མེ་མ་སྦར་ན། ། 

ཀུན་ནས་ཉོན་མོངས་སྲིད་པའི་སྐྱོན་མཚང་དང༌། ། 

རྣམ་བྱང་ཐར་པའི་ལམ་གྱི་བགྲོད་ཚུལ་སོགས། ། 

བླང་དོར་ཇི་ལྟར་བྱ་བ་མི་ཤེས་པས། །

ཐོས་པས་བློ་མིག་སྦྱངས་པར་གྱིས་ཤིག་ཨང༌། །

       དང་ཐོག་ཐོས་པའི་སྒྲོན་མེ་མ་སྤར་ན། ཀུན་ཉོན་སྲིད་པ་འཁོར་བའི་སྐྱོན་མི་ཤེས་ཤིང་། རྣམ་བྱང་ཐར་པའི་ལམ་གྱི་བགྲོད་ཚུལ་སོགས་བླང་དོར་གྱི་གནས་ཇི་བཞིན་དུ་མི་རྟོགས་པས། དགེ་བའི་བཤེས་ཀྱི་དྲུང་ནས་གཞུང་ལུགས་ལ་ཐོས་པ་བཙལ་བར་བསྐུལ་བའོ།། 

རྒྱུན་དུ་དཔེ་ཀློག་ཞིབ་ཚགས་དགོས་པ་གདམས་པ།

དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། ། 

བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། ། 

དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །

ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། ། 

དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང༌། ། 

       དོན་རྒན་པོ་དང་འདྲ་བ་དེ་ཚིག་འཁར་བ་དང་འདྲ་བ་ལ་བརྟེན་ནས་ལང་དགོས་པ་ལས། འཁར་བ་མེད་པར་ལང་མི་ཐུབ་པས། གཞུང་ཚིག་གཙོ་གནད་རྣམས་བློ་འཛིན་མི་བྱེད་པར། དཔེ་ཀློག་རགས་པ་རེ་དང་། ངག་སྒྲོས་ཐུན་ཐུན་རེས་གང་ཡང་མི་ཕན་པས། རྒྱུན་དུ་དཔེ་ཆ་བློ་འཛིན་དང་། སྐྱོར་སྦྱངས་ཡུན་རིང་པོར་དང་། རྒྱུན་མཐུད་ནས་གྱིས་ཤིག་ཅེས་བསྐུལ་བའོ།།

      གཞུང་དོན་ཤེས་དགོས་པར་གདམས་པ།

གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང༌། །

དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང༌། ། 

ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས། ། 

བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས། ། 

དོན་ལ་བརྟག་དཔྱད་ཞིབ་མོ་གྱིས་ཤིག་ཨང༌། །

       གཞུང་ཚིག་བློ་རུ་བཟུང་ནས་མང་དུ་བསྐྱར་ན་ཡང་། དོན་མི་ཤེས་པར་མི་འབད་ན། ཞབས་རིམ་གྱི་ཆོས་ཀློག་དང་། ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་སྟོང་ཚར་བྱས་ཀྱང་། དོན་ལ་སྒྲོ་འདོགས་མི་ཆོད་པས། གཞུང་གི་དོན་ཤེས་པའི་སྟེང་ནས་བརྟག་དཔྱད་ཞིབ་མོ་གྱིས་ཤིག་ཅེས་བསྐུལ་བའོ།། 

      དཀའ་སྤྱད་སྡུག་རུས་དགོས་པར་གདམས་པ།

ཀུན་བྱང་འཇུག་ལྡོག་ཚུལ་ལ་མ་རྨོངས་ཤིང༌། ། 

ཚོགས་ཀྱི་དབུས་སུ་སྨྲ་མཁས་དཔལ་འདོད་ན། །

ད་ལྟ་བཟའ་བཏུང་ཉིད་ཀྱི་བདེ་བ་ལ། ། 

ཆགས་པའི་སྐྱིད་ཆོས་འདི་ཡིས་མི་འགྲུབ་པས། ། 

དཀའ་སྤྱད་སྡུག་རུས་བཟོད་པར་གྱིས་ཤིག་ཨང༌། ། 

       ཀུན་ཉོན་དོར་བྱ་དང་། རྣམ་བྱང་བླང་བྱའི་ཚུལ་ཤེས་པའི་སྟེང་ནས་འཁོར་བར་འཇུག་ལྡོག་ལ་མི་རྨོངས་པར་ལེགས་པར་ཤེས་ཤིང་། ཚོགས་ཆེ་བའི་དབུས་སུ་སྨྲ་མཁས་པའི་མཁས་པའི་སྙན་གྲགས་འདོད་ན། ད་ལྟ་ནས་བཟའ་བཏུང་གཉིད་གསུམ་ཁོ་ན་བྱས་པའི་སྐྱིད་ཆོས་ཀྱི་གང་ཡང་མི་འགྲུབ་པས། ཟས་བརྗེད་གཉིད་བཅག་དང་སྔར་ལང་ཕྱི་ཉལ། དཀའ་སྤྱད་སྡུག་རུས་གྱིས་ཤིག་ཅེས་བསྐུལ་བའོ།། 

 

     བརྩོན་འགྲུས་རྩོམ་པར་གདམས་པ།

ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། ། 

ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། ། 

ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། ། 

དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། ། 

བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང༌། ། 

       བརྩོན་འགྲུས་ཇི་ལྟར་རྩོམ་དགོས་ཤེ་ན། ཉིན་རེ་ཟས་ཀྱང་མི་དྲན་པར་རྩོམ་ཁུལ་བྱས་ཤིང་། ཞུགས་མ་ཐག་ནས་མཁས་པར་འགྱུར་འདོད་སྐྱེས་ཏེ། ཞག་གསུམ་ཙམ་མ་ལོན་པའི་གོང་ནས་རྗེས་མེད་པར་གཡེང་བས་འཁྱེར་ན་དེ་འདྲ་བ་དེ་ལ་ཅི་ཡང་མི་ཡོང་བས། བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་དུ་སྟེན་ཅིག་ཅེས་བསྐུལ་བའོ།། 

 

     བྱིང་རྒོད་སྤོང་པར་གདམས་པ།

དཀོར་དང་སྒྲིབ་པས་བྱིང་ཞིང་རྨུགས་པའི་སྟེང༌། ། 

ད་རུང་ཟས་དང་གཉིད་ཀྱི་ཚོད་མི་རིག ། 

ལང་ཤོར་བློ་ངན་འཕྲོ་ཞིང་རྒོད་པའི་ཐོག ། 

ཕྱི་ཕྱིར་འཆལ་གཏམ་དུ་མས་གཡེང་བ་སོགས། །

དགག་བྱའི་རིགས་ལ་བསྒྲུབ་བྱར་མ་འཛིན་ཨང༌།།

       རང་ཅག་གི་སློབ་སྦྱོང་གི་གེགས་ཆེ་ཤོས་གཉིས་ནི། བློ་རིག་མི་གསལ་བའི་བྱིང་བ་དང་། གསལ་ཡང་དོན་མེད་དུ་གཡེང་བའི་རྒོད་པ་གཉིས་ཡིན་པས། དཀོར་དང་སྒྲིབ་པས་བློ་བྱིང་ཤིང་རྨུགས་པའི་སྟེང་། ཟས་གཉིད་ལ་ཚོད་མི་རིག་པ་དང་། ལང་ལ་ཤོར་བའི་གོམས་པ་ངན་པས་དོན་མེད་ཀྱི་ཡུལ་འཕྲོ་ཞིང་རྒོད་པའི་ཐོག འཆལ་གཏམ་གྱིས་གཡེང་བ་བྱུང་ན། སློབ་སྦྱོང་གང་ཡང་མི་འོང་བས། དེ་དག་དགག་བྱ་ཡིན་པས། དེ་དགག་བྱ་ཡིན་པར་ཤེས་དགོས་པ་ལས་དེ་དག་བསྒྲུབ་བྱར་མ་འཛིན་ཅིག་ཅེས་བསྐུལ་བའོ།། 

 

                                   ཆུ་སྣ་གར་ཁྲིད་མི་བྱེད་པར་གདམས་པ།

སྐྱོན་ཡོན་བླང་དོར་རང་གིས་མི་ཕྱེད་པར། །

གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་ན་ཡང༌། །

ཉེས་སྐྱོན་སུ་ཡིས་ལག་པས་མི་སེལ་ལ། ། 

ཡོན་ཏན་སུས་ཀྱང་ཁ་རུ་མི་ལྡུག་པས། ། 

བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང༌། །

       སྐྱོན་དང་ཡོན་ཏན། བླང་བྱ་དང་དོར་བྱ་སོགས་རང་གི་དབྱེ་བ་མི་ཕྱེད་པར། གཞན་གྱི་གྲགས་སྐམ་གྱི་རྗེས་སུ་འབྲང་ན་རང་གིས་ངེས་པ་རྙེད་པ་གང་ཡང་མི་འོང་ལ། རང་གི་སྐྱོན་ནི་རང་གིས་སེལ་དགོས་པ་ལས་གཞན་གྱི་ལག་པ་སུས་ཀྱང་མི་སེལ་བ་དང་། རང་གི་ཡོན་ཏན་ནི་རང་གིས་སྒྲུབ་དགོས་པ་ལས་གཞན་སུས་ཀྱང་རང་གི་ཁ་རུ་མི་ལྡུག་པས། རང་གི་ཀླད་པ་དཀྲུགས་ནས་ཐག་ཆོད་པ་ཞིག་བྱེད་པ་ལས། བླུན་པོ་ཆུ་སྣ་གར་ཁྲིད་གཏན་ནས་མ་བྱེད་ཅེས་བསྐུལ་བའོ།ས྄ 

      སློབ་སྦྱོང་གཙོ་བོ་ལ་འབད་པར་གདམས་པ།

ཟབ་ཟབ་མན་ངག་ཟེར་དགུ་ཚོལ་བ་དང༌། ། 

ཐོབ་ཐོབ་མང་པོའི་རྣམ་གྲངས་གསོག་བྱེད་ཅིང༌། ། 

སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ། ། 

གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིནཔས། ། 

རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང༌། ། 

       ཤིན་ཏུ་ཟབ་པོ་རེད་ཟེར་ཚད་འཚོལ་དུ་འགྲོ་བ་དང་། གཅིག་ཐོབ་བྱུང་གཉིས་ཐོབ་བྱུང་ཟེར་ནས་ཐོབ་གྲངས་ཙམ་གསོག་པར་བྱེད་ཅིང་། རང་གི་སློབ་སྦྱོང་གཙོ་བོ་གང་ཡིན་པ་དེ་ལ་མི་འབད་པར། དེ་མིན་པར་སྒྲ་དང་། སྙན་ངག སྨན་དང་རྩིས་སོགས་ལ་མགོ་འཁོར་ན། གཞུང་ལུགས་གཙོ་བོ་ནང་དོན་རིག་པའི་ཐོས་བསམ་རྣལ་མའི་གེགས་སུ་འགྱུར་བས། རྟག་ཏུ་རྩ་བ་གཙོ་འཛིན་དགོས་པས། རྩ་བ་བོར་ནས་ཡལ་ག་ཙམ་ལ་གཙོ་བར་མ་འཛིན་ཅིག་ཅེས་བསྐུལ་བའོ།། 

 

                            གོ་རིགས་ཟུང་འབྲེལ་ལ་གདམས་པ།

རང་རང་གཞུང་གི་བརྗོད་བྱ་དགོས་དོན་སོགས། ། 

མ་མཐོང་ཤགས་འགྱེད་ཚིག་འཁྲི་སྐམ་པོ་དང༌། ། 

རིགས་པས་དཔྱད་པ་མི་བཟོད་གོ་ཐོབ་ཀྱི། ། 

བམ་བཤད་འདིས་ཀྱང་བརྡར་ཤ་མི་ཆོད་པས། ། 

གོ་རིགས་ཟུང་དུ་འབྲེལ་བར་སྦྱོངས་ཤིག་ཨང༌། །

       རང་གི་གཞུང་དེའི་བརྗོད་བྱ། དགོས་པ། ཉིང་དགོས་སོགས་མི་མཐོང་བར་ཕན་ཚུན་ཤགས་འགྱེད་དང་རྩོད་པའི་ཚིག་སྐམ་ཙམ་གྱིས་གང་ཡང་མི་འོང་བ་དང་། རིགས་པས་དཔྱད་པ་མི་བྱེད་པར་བམ་བཤད་དང་རགས་བཤད་ཙམ་གྱིས་གཞུང་དོན་ལ་བརྡར་ཤ་མི་ཆོད་པས། གཞུང་སྤྱིའི་གོ་བ་དང་། དཀའ་གནད་ལ་དཔྱད་པའི་རིགས་པ་གཉིས་ཟུང་དུ་འབྲེལ་བར་སྦྱོངས་ཤིག་ཅེས་བསྐུལ་བའོ།། 

 

      རང་ལུགས་བརྟན་པོ་དགོས་པར་གདམས་པ།

འཁྲུལ་བྲལ་གཞུང་རེ་ངེས་བཟུང་གཞིར་བྱས་ནས། ། 

གཞན་རྣམས་དེ་དང་སྦྱར་ཏེ་དཔྱོད་པ་ལས། ། 

གང་བྱུང་དཔེ་ལ་ལྟ་ཞིང་ཐམས་ཅད་ཀྱི། ། 

རྗེས་སུ་འབྲངས་པ་ཤེས་རབ་འཆལ་འགྱུར་བས། །

རང་ལུགས་གཏད་སོ་ཡོད་པར་གྱིས་ཤིག་ཨང༌། ། 

       ཚིག་དོན་ལ་འཁྲུལ་བ་བྲལ་བའི་གཞུང་ཞིག་གཞི་རྩར་བཟུང་ནས། གཞུང་གཞན་དང་གཞན་རྣམས་རྩ་བ་དེའི་ཡན་ལག་ཏུ་སྦྱར་ཏེ་དཔྱོད་དགོས་ཀྱི། དེ་ལྟར་མིན་པར། གང་བྱུང་བྱུང་གི་དཔེ་ཆ་ལ་ལྟ་ཞིང་། གཞུང་ཐམས་ཅད་ཀྱི་རྗེས་སུ་འབྲངས་ན་རང་ཉིད་ཤེས་རབ་འཆལ་བའི་རྒྱུ་ཡིན་པས། རང་ལུགས་གཏད་སོ་ཡོད་པ་ཞིག་དང་། བརྟན་པོ་ཡོད་པ་ཞིག་གྱིས་ཤིག་ཅེས་བསྐུལ་བའོ།།

      གཞུང་དོན་ལ་དཔྱད་པ་ཡུན་རིང་བྱེད་པར་གདམས་པ།

དཔྱད་པས་ངེས་པ་ལམ་ཙམ་རྙེད་ན་ཡང༌། ། 

ཆོས་ཚུལ་ཟབ་པས་ཐག་གཅོད་མི་སྔ་ཞིང༌། ། 

འགྲིག་འགྲིག་མང་པོས་རྣམ་རྟོག་རྒྱ་སྐྱེད་པས། ། 

དཔྱད་པ་མ་ཐལ་གཞུང་ལ་འཁྲིལ་བཞིན་དུ། ། 

རྒྱས་བསྡུས་འཚམ་པའི་དཔྱད་ཚུལ་གྱིས་ཤིག་ཨང༌། ། 

       གཞུང་ལ་དཔྱད་པ་བྱས་ཏེ། གནས་སྐབས་ངེས་པ་ཅུང་ཙམ་རྙེད་ན་ཡང་། ཆོས་ཚུལ་ཤིན་ཏུ་ཟབ་པས། དེ་དེ་ཡིན་ནོ་ཞེས་ཐག་གཅོད་སྔ་མི་ཉན་པ་དང་། གཞུང་ལུགས་རྣམས་སུ་འགྲིག་འགྲིག་ལྟར་ཡོད་པ་མང་བས་དེ་དག་གིས་རྣམ་རྟོག་གི་རྒྱ་སྐྱེད་པས། དཔྱད་པ་བྱེད་དགོས་ཀྱང་དཔྱད་ཐལ་མི་ཆེ་བར། གཞུང་ཚིག་ལ་འཁྲིལ་བཞིན་དུ་དཔྱད་པ་རྒྱས་དྲགས་པའམ་ཐལ་ཆེ་ནས་འཐོར་འགྲོ་བ་མིན་པ་དང་། བསྡུས་དྲགས་པའམ་ཅུང་ཙམ་གྱི་ཐག་གཅོད་མི་བྱེད་པར་རྒྱས་བསྡུས་འཚམ་པ་ཞིག་གྱིས་ཤིག་ཅེས་བསྐུལ་བའོ།།

 

     ཤེས་ཡོན་གྱིས་རང་རྒྱུད་དུལ་བར་གདམས་པ།

མ་རིག་མུན་སེལ་ཐོས་པའི་མེ་སྦར་ཅིང༌། ། 

ང་རྒྱལ་དུ་བའི་ངོ་བོར་འཁྱིལ་བ་ཡིས། ། 

ཕྱི་ཕྱིར་སྐྱོན་ཡོན་མཐོང་བ་སྒྲིབ་བྱེད་ལ། །

ཆོས་སུ་སོང་ན་ཤེས་རྒྱུད་དུལ་དགོས་པས། །

སྙེ་མ་ལོང་བ་མགོ་འཕང་མ་མཐོ་ཨང༌། ། 

       གཞུང་དོན་ཇི་བཞིན་དུ་མ་ཤེས་པའི་མུན་པ་སེལ་བར་ཐོས་པའི་མེ་སྦར་བའི་སྐབས། མེ་དེ་དང་ལྷན་དུ་གཅིག་ཤེས་སྙམ་པའི་ང་རྒྱལ་གྱི་དུ་བ་འཁྱིལ་བའི་ཉེན་ཁ་ཡོད་པས། དུ་བ་དེས་སྐྱོན་ཡོན་དང་བླང་དོར་སྒྲིབ་པར་འགྱུར་བས། ཅི་སྦྱངས་པ་ཐམས་ཅད་ཆོས་སུ་སོང་ན། གང་ཤེས་པ་དེས་རང་གི་རྒྱུད་དུལ་བར་ཕན་ལ། སྙེ་མ་ལོང་བ་བཞིན་དུ་མགོ་འཕང་མ་མཐོ་ཞེས་བསྐུལ་བའོ།། 

     ང་རྒྱལ་སྤོང་བར་གདམས་པ།

མཐོན་པོའི་སྒང་ལ་ཆུ་བོ་མི་ཆགས་པས། ། 

དམན་ས་བཟུང་སྟེ་གུས་པའི་བརྟུལ་ཞུགས་ཀྱིས། ། 

ཆོས་མཐུན་བློ་ཁ་མཐོ་བ་ཐམས་ཅད་ལས། ། 

བློ་སྐྱེད་གང་ལོན་བྲེ་གསོག་ཕུལ་གསོག་གིས། ། 

སྒྲོ་འདོགས་འཕྲལ་དང་འཕྲལ་དུ་ཆོད་ཅིག་ཨང༌། ། 

       སའི་སྒང་མཐོན་པའི་སྟེང་ལ་ཆུ་བོ་མི་ཆགས་པས། རང་ཉིད་དམན་ས་བཟུང་ནས་གཞན་ལ་གུས་ཞབས་དང་བཅས་ཏེ། ཆོས་གྲོགས་བློ་ཁ་མཐོ་བ་རྣམས་ལས་བློ་སྐྱེད་ཆུང་ཆུང་ཡིན་ཡང་། བྲེ་ཡིས་གསོག་པ་དང་། ཕུལ་གྱིས་གསོག་པ་བྱས་ནས་མ་ཤེས་པའི་དོན་གང་ལའང་ང་རྒྱལ་སྤངས་ཏེ་གཞན་ལ་དྲིས་ནས་སྒྲོ་འདོགས་འཕྲལ་མ་ཉིད་དུ་ཆོད་ཅིག་ཅེས་བསྐུལ་བའོ།།

      བཀའ་པོད་ལྔ་གར་སློབ་པར་གདམས་པ།

དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང༌། ། 

ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། ། 

བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། ། 

མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །

བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང༌། ། 

       ལྟ་བའི་རྣམ་གཞག་སྟོན་པའི་དབུ་མ་དང་། རིགས་པའི་རྣམ་གཞག་སྟོན་པའི་ཚད་མ། ཆོས་ཀྱི་རྣམ་གྲངས་སྟོན་པའི་མཛོད། ལམ་གྱི་རྣམ་གཞག་སྟོན་པའི་ཕར་ཕྱིན། ཚུལ་ཁྲིམས་ཀྱི་རྣམ་གཞན་སྟོན་པའི་འདུལ་བ་སྟེ་བཀའ་པོད་ལྔ་ལས་གཅིག་ལ་མ་བསླབས་ན་ཆ་མི་ཚང་བར་འགྱུར་བས། བཀའ་པོད་ལྔ་ག་ལ་ཆ་ཚང་བར་སྦྱོངས་ཤིག་ཅེས་བསྐུལ་བའོ།། 

 

                                   དྲན་ཤེས་བསྟེན་པར་གདམས་པ།

དཀའ་བས་བསགས་པའི་མང་ཐོས་ནོར་བུ་ཡང༌། །

བརྗེད་ངས་རྐུན་པོས་དལ་གྱིས་འཇོམས་བྱས་ཏེ། ། 

རིན་ཆེན་གླིང་ནས་སྟོང་བར་ལྡོག་སྲིད་པས། ། 

རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་པོ་ཡིས། ། 

གང་ཤེས་བརྗེད་པ་མེད་པར་སོགས་ཤིག་ཨང༌། ། 

       ལོ་མང་རིང་དཀའ་བ་སྤྱད་ནས་བསགས་པའི་མང་དུ་ཐོས་པའི་ནོར་བུ་དེ་ཡང་། བརྗེད་ངས་ཀྱི་རྐུན་པོ་དེས་དལ་གྱིས་འཇོམས་ཤིང་བརྐུས་ན་རིན་ཆེན་གྱི་གླིང་ནས་སྟོང་ལོག་ཏུ་འགྱུར་བས། དུས་རྒྱུན་དུ་གང་སྦྱངས་པའི་གཞུང་དོན་རྣམས་ལ་གོམས་འདྲིས་དང་དྲན་ཤེས་བསྟེན་ཏེ། གང་སྦྱངས་པ་རྣམས་མ་བརྗེད་པར་གྱིས་ཤིག་ཅེས་བསྐུལ་བའོ།། 

 

      ཚོགས་བསགས་སྒྲིབ་སྦྱོང་བྱེད་པར་གདམས་པ།

སྙིགས་དུས་བློ་དང་བསོད་ནམས་དམན་པའི་ཕྱིར། །

ལྷག་པའི་ལྷ་དང་ཡི་དམ་ཆོས་སྲུང་ལ། ། 

རྩེ་གཅིག་གསོལ་འདེབས་ཕྱག་མཆོད་མཎྜལ་སོགས། །

ཚོགས་བསགས་སྒྲིབ་སྦྱོང་འབད་པ་དྲག་པོ་ཡིས། ། 

ཞིང་གི་མཐུ་ལ་རྒྱབ་རྟེན་གྱིས་ཤིག་ཨང༌། །

       སྙིགས་མ་ལྔ་བདོ་བའི་དུས་འདིར་བློོའི་ནུས་པ་དང་། བསོད་ནམས་ཤིན་ཏུ་དམན་པས། ལྷག་པའི་ལྷ། ཡི་དམ། ཆོས་སྲུང་རྣམས་ལ་རྩེ་གཅིག་པའི་གསོལ་འདེབས་དང་། ཕྱག་མཆོད་འབུལ། མཎྜལ་སོགས་ཕུལ་ཏེ། ཚོགས་བསགས་སྒྲིབ་སྦྱོང་བྱས་ནས། ཞིང་མཆོག་ཏུ་གྱུར་པ་དེ་རྣམས་ལ་རྒྱབ་རྟེན་གྱིས་ཤིག་ཅེས་བསྐུལ་བའོ།།  

 

      ཐུན་མོང་ལམ་སྦྱོང་དགོས་པར་གདམས་པ།

ཐུན་མོང་ལམ་སྦྱངས་སྔོན་དུ་མ་སོང་ཞིང༌། །

གཞུང་དོན་ལྟ་བའི་བློ་མིག་མ་ཕྱེ་བར། ། 

ཆོ་གའི་ངག་འདོན་བྱང་བ་ཙམ་ཞིག་གིས། ། 

གསང་སྔགས་འཆང་བའི་གྲལ་དུ་མི་ཚུད་པས། ། 

བསྟན་ལ་རིམ་པ་བཞིན་དུ་སློབས་ཤིག་ཨང༌། ། 

       མདོ་སྔགས་ཐུན་མོང་བའི་ལམ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་ལ་བློ་སྦྱངས་པ་སྔོན་དུ་མ་སོང་ཞིང་། ལྷག་པར་དུ་གཞུང་དོན་ལྟ་བའི་བློ་མིག་མ་ཕྱེ་བར། ཆོ་གའི་ཚིག་འདོན་པ་ཙམ་ཞིག་གིས་གསང་སྔགས་འཆང་བའི་གྲལ་ལ་མི་ཚུད་པས། དང་ཐོག་ཐུན་མོང་བའི་ལམ་ལ་བློ་སྦྱང་དགོས་པའི་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་རིམ་པ་བཞིན་དུ་སློབས་ཤིག་ཅེས་བསྐུལ་བའོ།།

                                   རྒྱུད་བཞི་ལ་སློབ་པར་གདམས་པ།

གསང་ཆེན་རྒྱུད་ཀྱི་རྒྱལ་པོའི་སྨན་ཧྲོག་རྣམས། ། 

སྦྱོར་བར་བསྡེབས་པ་བསྐྱེད་རྫོགས་རིམ་པ་སོགས། །

ཡིན་ཕྱིར་གཞུང་ལུགས་ཆེ་རྣམས་ཡལ་བོར་ནས། ། 

མན་ངག་ཁོ་ནར་དགའ་བ་གནས་མིན་པས། ། 

རྩ་བཤད་སྦྱར་ཏེ་རྒྱུད་དོན་ཚོལ་ཅིག་ཨང༌། ། 

       གསང་སྔགས་རྒྱུད་ཀྱི་རྒྱལ་པོའི་སྨན་རྣམས་སྦྱོར་ཞིང་བསྡེབས་པ་བསྐྱེད་རིམ་དང་རྫོགས་རིམ་གཙོ་བོ་དང་། རྒྱུད་སྡེ་འོག་མ་གསུམ་ལ་སྦྱར་ན་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་སོགས་ཡིན་པས། གཞུང་ལུགས་ཆེ་བ་རྣམས་བོར་ནས། བླ་མ་གཅིག་གི་མན་ངག་ཡིན་ཟེར་བ་ཙམ་ལ་དགའ་བ་ནི་མི་རུང་བས། རྩ་རྒྱུད་དང་བཤད་རྒྱུད་སྦྱར་ཏེ་རྒྱུད་ཀྱི་དགོངས་དོན་ཚོལ་ཅིག་ཅེས་བསྐུལ་བའོ།། 

 

གསང་སྔགས་ཀྱི་དགོས་པ་ཤེས་པར་གདམས་པ། 

གསང་སྔགས་དེ་ཡང་འཕྲལ་གྱི་རྐྱེན་སེལ་ལམ། ། 

ཚེ་དང་ནོར་སྒྲུབ་དབང་སྡུད་མངོན་སྤྱོད་སོགས། ། 

ཚེ་འདིའི་ལག་ཆ་ཁོ་ནར་འཁྱེར་བ་ནི། །

ས་མཆོག་ཙན་དན་སོལ་བར་བྱས་འདྲ་བས། ། 

ཆོས་ཀྱིས་ངན་སོང་བསྒྲུབས་པ་མ་བྱེད་ཨང༌། ། 

       སྐད་གྲགས་ཆེ་བའི་གསང་སྔགས་དེ་ཡང་རང་ཉིད་ཀྱི་འཕྲལ་གྱི་རྐྱེན་ངན་པ་སེལ་ཐབས་ཙམ་དང་། ཚེ་དང་ནོར་སྒྲུབ་པ། དབང་སྡུད་པ་སོགས་ཚེ་འདི་སྣང་ཁོ་ནའི་ཆེད་དུ་འཁྱེར་བ་ནི། ཙན་དན་གྱིས་སོལ་བ་བྱས་པ་དང་འདྲ་བས། ཆོས་ཆོས་སུ་འགྲོ་བ་དང་། ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་འགྲོ་བ། གསང་སྔགས་ཀྱི་ཆོས་གསང་སྔགས་ཀྱི་ཆོས་སུ་འགྲོ་བར་གྱིས་ཤིག་ཅེས་བསྐུལ་བའོ།།

 

                                   དམ་ཚིག་སྲུང་བར་གདམས་པ།

སྔགས་གཞུང་ཐོས་བསམ་བྱས་པའི་ཉིང་དགོས་སུ། ། 

རྒྱལ་ཀུན་དགོངས་པ་གཅིག་གྱུར་རྟག་པའི་བཀའ། ། 

དངོས་གྲུབ་རྩ་བ་དམ་ཚིག་བསྲུང་བ་འདིར། །

འབབ་པའི་ཚུལ་ལ་གོ་བ་གཏིང་ཚུགས་པས། །

གཏན་འདུན་འཆུགས་པ་མེད་པར་གྱིས་ཤིག་ཨང༌། ། 

       གསང་སྔགས་ལ་ཐོས་བསམ་བྱས་པའི་ཉིང་དགོས་ནི། རྒྱལ་བ་ཀུན་གྱི་དགོངས་པ་གཅིག་ཏུ་གྱུར་པ་འགྱུར་བ་མེད་པའི་སངས་རྒྱས་ཀྱི་བཀའ་ཐམས་ཅད། མཆོག་དང་ཐུན་མོང་བའི་དངོས་གྲུབ་ཀུན་གྱི་རྩ་བ་ཁས་བླངས་པའི་དམ་ཚིག་སྡོམ་པ་སྲུང་བ་འདིར་འབབ་པ་ཡིན་པས། ཚུལ་འདི་ལ་གོ་བ་ངེས་པ་གཏིང་ཚུགས་པ་ཞིག་རྙེད་པར་བྱས་ནས། གཏན་གྱི་འདུན་མ་འཆུག་པ་མེད་པར་གྱིས་ཤིག་ཅེས་བསྐུལ་བའོ།།

 

                                   ལེགས་ཉེས་འབྱེད་པར་གདམས་པ། 

ཁྱད་པར་ལྟ་བ་སྙིགས་མའི་གནས་སྐབས་འདིར། །

དམ་བཅའ་ཙམ་གྱིས་མཁས་རློམ་སྐྱེ་བོ་ཡི། ། 

སྔོན་མེད་ལེགས་བཤད་སྐད་ཀྱི་འཆལ་གཏམ་ཡང༌། ། 

བསོད་ཆུང་ཤེས་འཆལ་རྣམས་ཀྱི་རྣར་འགྲོ་བས། ། 

རི་བོང་ཅལ་གྱི་རྗེས་སུ་མ་རྒྱུག་ཨང༌། ། 

       ཁྱད་པར་དུ་ལྟ་བ་སྙིགས་མའི་གནས་སྐབས་འདིར་མཁས་རློམ་རྣམས་ཀྱི་ལེགས་བཤད་དུ་གྲགས་པའི་བརྗོད་བྱས་དབེན་པའི་འཆལ་གཏམ་དེ་དག་ཀྱང་བསོད་ནམས་ཆུང་བ་རྣམས་ཀྱི་རྣ་བར་ཤིན་ཏུ་འགྲོ་ཞིང་། དེ་བདེན་པ་ལྟ་བུར་སྣང་ཡང་། དེ་ནི་དེ་ལྟར་མ་ཡིན་པས། རི་བོང་ཅལ་རྒྱུགས་མ་བྱེད་ཅེས་བསྐུལ་བའོ།།

 

     ལྟ་བའི་གནད་ལ་ཞིབ་ཏུ་འབད་པར་གདམས་པ།

འཇམ་པའི་དབྱངས་ཀྱིས་ཉིན་བཞིན་གདམས་པ་ཡིས། ། 

རྒྱལ་བའི་དགོངས་པ་མཐའ་དག་མངོན་གྱུར་པ། །

བློ་བཟང་རྒྱལ་བ་ཡིས་ཀྱང་མ་ཐོན་པའི། ། 

གསར་བཤད་ཕྲ་མེན་མ་ཡི་སོ་ནམ་དེས། ། 

ཕན་ལས་གནོད་པ་ཆེ་བས་སྒྲིམས་ཤིག་ཨང༌། ། 

       རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཇི་ལྟར་གདམས་པའི་རྒྱལ་བའི་དགོངས་པ་བླ་ན་མེད་པ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལེགས་པར་མངོན་དུ་གྱུར་པའི་རྒྱལ་བ་བློ་བཟང་གྲགས་པའི་གསུང་ལས་ཕྱི་རོལ་དུ་གྱུར་པའི་མཁས་རློམ་དག་གི་གསར་བཤད་སྙིང་པོས་དབེན་པ་རྣམས་ཀྱིས་ཕན་པ་ལས་གནོད་ཆེ་བས་ལྟ་བའི་གནད་མཐར་ཐུག་པ་དེ་གང་ཡིན་པ་ཞིབ་ཏུ་དཔྱད་དགོས་ཞེས་བསྐུལ་བའོ།།

      བློ་བཟང་རྒྱལ་བའི་ལུགས་ལ་འབད་པར་གདམས་པ།

ཐུགས་བཅུད་ཟབ་མོར་བསྔགས་པ་ཙམ་མིན་པར། །

རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་ཐམས་ཅད་ཀྱི། ། 

རང་གཞུང་དབང་པོར་བཞུགས་པའི་མདོ་རྒྱུད་ཀུན། ། 

གསལ་བྱེད་རྒྱལ་བ་གཉིས་པའི་ལུགས་བཟང་འདིར། ། 

བློ་རྩེ་གཅིག་ཏུ་དྲིལ་ཏེ་འཇུས་ཤིག་ཨང༌། ། 

       པན་གྲུབ་བཅུ་བདུན་སོགས་པནྜིཏ་ཆེན་པོ་རྣམས་དང་། གྲུབ་ཆེན་བརྒྱད་ཅུ་སོགས་ཐམས་ཅད་ཀྱི་རང་གཞུང་གཙོ་བོ་རྣམས་དཔང་པོར་བཞག་ནས་མདོ་རྒྱུད་བསྟན་བཅོས་ཀུན་གྱི་དགོངས་པ་གསལ་བར་བྱེད་པའི་རྒྱལ་བ་བློ་གྲགས་པའི་ལུགས་བཟང་འདིར་བློ་སེམས་རྩེ་གཅིག་ཏུ་དྲིལ་ནས་ཞུགས་ཤིག་ཅེས་བསྐུལ་བའོ།།

 

     ཐོས་བསམ་ཆོས་སུ་འགྲོ་བར་གདམས་པ།

གར་རྒྱུགས་ཕྱོགས་སུ་དཀྱུས་སྟོན་བྱེད་པ་བཞིན། ། 

དང་པོ་ཉིད་ནས་གཅིག་ཤེས་གཉིས་ཤེས་ཀུན། ། 

སྲིད་པར་འཁྱེར་བའི་དམུ་རྒོད་སེམས་ཀྱི་རྟ། ། 

འདི་ཉིད་གདུལ་ཐབས་ཁོ་ནར་འཁྱེར་བ་ཡིས། ། 

ཐོས་བསམ་ཆོས་སུ་འགྲོ་བར་གྱིས་ཤིག་ཨང༌། །

       དཀྱུས་ས་བསྟན་པའི་རྟ་བཞིན་དུ་དང་པོ་ཉིད་ནས་ཤེས་བྱ་ཡོན་ཏན་སྣ་གཅིག་གཉིས་གང་ཤེས་པ་ཐམས་ཅད་སྲིད་པར་འཁྱེར་བྱེད་དམུ་རྒོད་ཀྱི་སེམས་ཀྱི་རྟ་འདི་འདུལ་ཐབས་ཁོ་ན་ལ་འཁྱེར་ནས། གཞུང་ལུགས་ལ་ཐོས་བསམ་ཅི་ཞིག་བྱས་ཀྱང་། དེ་དག་ཐམས་ཅད་ཆོས་སུ་འགྲོ་བར་གྱིས་ཤིག་ཅེས་བསྐུལ་བའོ།།

 

      འཁོར་གསུམ་དག་པའི་དགེ་སྦྱོར་བྱེད་པར་གདམས་པ།

འཁོར་ལོ་བཞི་ལྡན་རྟེན་བཟང་ཐོབ་སྐབས་འདི། །

འཁོར་བའི་འཆིང་བ་གཅོད་པའི་དུས་ཡིན་པས། །

འཁོར་གསུམ་སྐོར་བའི་ཐབས་ཙམ་མ་ཡིན་པར། ། 

འཁོར་ལོ་གསུམ་གྱི་དགོངས་དོན་ངེས་རྙེད་ནས། ། 

འཁོར་གསུམ་དག་པའི་དགེ་སྦྱོར་གྱིས་ཤིག་ཨང༌། །

       མཐུན་པའི་ཡུལ་ན་གནས་པ། སྐྱེས་བུ་དམ་པ་ལ་བརྟེན་པ། སྨོན་ལམ་བཏབ་པ། བསོད་ནམས་བསགས་པ་བཅས་འཁོར་ལོ་བཞི་དང་ལྡན་པའི་རྟེན་བཟང་རྣམ་པར་དག་པ་ཐོབ་པའི་སྐབས་འདིར། སྲིད་པ་འཁོར་བ་འཆིང་བར་བྱེད་པའི་འཆིང་བྱེད་མ་རིག་པའི་ལྗོན་ཤིང་གཅོད་པའི་དུས་ཡིན་པས། གཞན་ལ་རྩོད་པའི་སྐབས་འཁོར་གསུམ་བསྐོར་ཞིང་ཚར་བཏབ་པ་ཙམ་གྱི་ཐབས་མིན་པར། རྒྱལ་བའི་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་རྟོགས་ནས། བྱ་བྱེད་ལས་གསུམ་བདེན་པས་སྟོང་བའི་འཁོར་གསུམ་རྣམ་པར་མི་རྟོག་པའི་དགེ་སྦྱོར་གྱིས་ཤིག་ཅེས་བསྐུལ་བའོ།།

 

                                   ཆོས་ཆོས་སུ་འགྲོ་བར་གདམས་པ།

ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན། ། 

ཆོས་ཀྱི་སྒོ་འབྱེད་རྣམ་དག་ཐོས་པ་ཡིན། ། 

ཆོས་སུ་སོང་ཚད་འདི་སྣང་ཞེན་ལོག་ཡིན། ། 

ཆོས་ཀྱི་སྙིང་པོ་ཐབས་ཤེས་ཟུང་འཇུག་ཡིན། ། 

ཆོས་ལ་ཆོས་བཞིན་སྤྱོད་པར་གྱིས་ཤིག་ཨང༌། ། 

       ཆོས་ཀྱི་རྩ་བ་བསམ་པ་བཟང་ངན་ཡིན་ལ། ཆོས་ཀྱི་སྒོ་མོ་འབྱེད་བྱེད་ནི་ཡང་དག་པའི་ཐོས་པ་ཡིན། ཆོས་སུ་སོང་མ་སོང་ནི་ཚེ་འདི་སྣང་ལ་ཞེན་ལོག་འབྱུང་མི་འབྱུང་ཡིན་ལ། ཆོས་ཐམས་ཅད་ཀྱི་སྙིང་པོ་ནི་ཐབས་བྱང་ཆུབ་སེམས་དང་། ཤེས་རབ་སྟོང་རྟོགས་པའི་ཤེས་རབ་ཟུང་དུ་འཇུག་པ་དེ་ཡིན་པས། རང་ཉིད་ཀྱིས་བྱས་པའི་ཆོས་དེ་ཆོས་སུ་འགྲོ་བ་དང་། ཐེག་པ་ཆེན་པོའི་ཆོས་སུ་འགྲོ་བར་གྱིས་ཤིག་ཅེས་བསྐུལ་བའོ།།

 

 

             དགེ་བ་བསྔོ་བ།

རྣམ་མང་གཞུང་ལུགས་ཟབ་ཡངས་ཆུ་གཏེར་ལས། ། 

རྣམ་དག་ཐོས་པའི་ནོར་བུ་ལེན་པའི་ཚུལ། ། 

རྣམ་པར་བཤད་པའི་མིག་སྨན་ཐུར་མ་ཡིས། ། 

རྣམ་གྲོལ་དོན་གཉེར་ཡོངས་ཀྱི་མིག་ཕྱེ་སྟེ། ། 

རྣམ་ཀུན་མཁྱེན་པའི་དཔལ་ལ་སྤྱོད་གྱུར་ཅིག །

              རྣམ་མང་གཞུང་ལུགས་ཀྱི་རྒྱ་མཚོ་ལས་ཐོས་པའི་ནོར་བུ་ཇི་ལྟར་ལེན་པའི་ཚུལ་བཤད་པའི་བསླབ་བྱ་མིག་སྨན་ཐུར་མ་ཡིས། རྣམ་གྲོལ་དོན་གཉེར་ཅན་ཡོངས་ཀྱི་བློ་མིག་ཡོངས་སུ་ཕྱེ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་དཔལ་ལ་མྱུར་དུ་སྤྱོད་པར་གྱུར་ཅིག་ཅེས་སྨོན་ཅིང་བསྔོ་བའོ།། 

 

ཅེས་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་བྱ་བ་འདི་ནི། སྤྱིར་དེང་སང་བསྟན་པ་སྙིགས་མའི་མཐར་སོན་པའི་དབང་གིས་ ཉམས་ལེན་དགོས་པའི་གཏམ་ཙམ་ཡང་ནུབ། ཐོས་བསམ་དགོས་པའི་གཏམ་ཙམ་ཡོད་ཀྱང༌། གང་ལ་ཐོས་པ་བྱ་བའི་ཡུལ་དང༌། ཐོས་པ་ཇི་ལྟར་བྱ་བའི་ཚུལ་སོགས་ལེགས་པར་ཤེས་པ་ཤིན་ཏུ་དཀོན་པར་སྣང་བས། འདི་འདྲ་ཞིག་འབྲི་འདུན་སྔར་ནས་ཡོད་པའི་ཐོག་ཉེ་ཆར་དར་ཧན་བེའི་ལིའི་ཤོག་ནས་བློ་དང་ལྡན་པ་དགེ་སློང་དཀོན་མཆོག་རྡོ་རྗེས་བསྐུལ་པའི་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་མ་ཐུབ་ཀྱང༌། བླ་མ་གོང་མ་ཞིག་གི་མིང་ཙམ་ལ་སྐྱབས་སུ་མ་མཆི་བར་གྲྭ་རྐྱང་དཀྱུས་མའི་ལུགས་བཞིན་སློབ་གཉེར་བ་སྡུག་རུས་ཅུང་ཟད་བྱས་པའི་རང་མྱོང་དང༌། དམ་པ་གོང་མའི་གསུང་རྒྱུན་ལ་བསྟེན་ནས་རགས་རིམ་ཞིག་བྲིས་པའི་མཚམས་སུ་ད་ལྟ་ཕན་པར་སྨྲས་ཀྱང་གོ་བ་དཀོན་པར་སྣང་བས་དགོས་པ་མི་འདུག་སྙམ་ནས་བཞག་པའི་ཚེ། བསྟན་ལ་གཅིག་ཏུ་སྨན་པའི་ལྷག་བསམ་དང་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་དགོན་པའི་ཁྲི་ཐོག་པ་དཀོན་མཆོག་རྒྱལ་མཚན་པས་འདིའི་འཕྲོ་བསྐངས་ཏེ་ཆ་ཚང་བ་ཞིག་དགོས་ཞེས་ནན་ཏན་གནང་བ་བཞིན་མཇུག་གྲུབ་པར་བྱས་པ་འདིས་ཀྱང་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག །

 

 

 

       ༢༠༢༡ ཟླ་བ་ ༧ ཚེས་ ༧ ཉིན་རྒྱལ་བའི་འཁྲུངས་སྐར་དུས་ཆེན་ཉིན་གཉིས་པའི་སྐབས་ཁ་བའི་གཅེས་ནོར་ཞེས་པའི་འཕྲིན་ཚོགས་སུ་བསླབ་བྱ་འདིའི་ཚིག་རྐང་འགའ་ཞིག་ལ་འགྲེལ་བཤད་བྱེད་པར་བསྐུལ་བས། རང་གིས་དེ་སྔོན་ཐེངས་འགར་ཀློག་མྱོང་བའི་གུང་ཐང་བསླབ་བྱ་འདི་ཕན་ཐོགས་ཤིན་ཏུ་ཆེ་བར་མཐོང་ནས། བྱིས་པ་རྣམས་ཀྱིས་གོ་བདེ་བའི་བསྡུས་འགྲེལ་འདི་ནི། བེ་རི་རྒྱལ་སྲས་ཀྱིས་འབྲས་སྤུངས་ནས། འདུག་སྟབས་གཅིག་དང་འབྲི་སྟབས་གཅིག་གིས་ཆུ་ཚོད་༢ དང་སྐར་མ་༢༡ ནང་གྲུབ་པར་བྱས་སོ།།