Thursday, December 9, 2021

སྤྱོད་འཇུག་བཀླགས་ཐོ།


 

                      སྤྱོད་འཇུག་བཀླགས་ཐོ།

              

                             

                                                          བེ་རི་རྒྱལ་སྲས།

 

གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།།

                     སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་།།

                     གང་ལ་གནོད་པ་བྱེད་ཀྱང་བདེར་འབྲེལ་བ།།

                     བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།།

 

 

       སྤྱོད་འཇུག་ཅེས་ཡོངས་སུ་གྲགས་པ་འདི་ཉིད་ལོ་ཤས་རིང་ཁོམ་པ་བཙལ་ནས་ཀློག་ཁུལ་བགྱིས་པས་རང་སེམས་ལ་ཅུང་ཟད་ཕན་པའི་ཚོར་སྣང་བསྟུད་མར་སྟེར་བ་ལ་བརྟེན། ད་ཐེངས་སྤྱོད་འཇུག་བཀླགས་ཐོ་ཞིག་རང་གིས་མི་བརྗེད་པ་ཁོ་ནའི་ཆེད་དུ་འབྲི་བར་འདོད་དོ།།

 

       

 

 

 

 

 

 

 

 

 

 

 

 

 

 

སྤྱོད་འཇུག་གི་རྩོམ་པ་པོ་ཞི་བ་ལྷ།

 

       འཁྲུངས་ཡུལ།               ཡུལ་འཁོར་མོ་བཟང་།

       Birthplace :                 Saurastra ( Gujarat) 

       འཁྲུངས་འདས།              685-763 དུས་རབས་ ༧ དང་༨ (དགུང་ལོ་༧༨)

       ཡབ།                        ཡུལ་དེའི་རྒྱལ་པོ་དགེ་བའི་གོ་ཆ།

       Father                                Kalyanavarman

       ཆུང་དུས་མཚན།             ཞི་བའི་གོ་ཆ།  Shantivarman 

       དགོན་པ།     Monastery    ན་ལན་དྲ།    Nalanda

       དགེ་རྒན།     guru         རྒྱལ་བའི་ལྷ།  

       རབ་བྱུང་གི་མཚན། Spiritual name ཞི་བ་ལྷ། Shantideva

       མིང་འདོགས། Nick Name   འདུ་ཤེས་གསུམ་པ། (3 realization) 

                                              (eating, sleeping and shifting)

       བསྟན་བཅོས།                སྤྱོད་འཇུག  བསླབ་བཏུས།

       གྲུབ་མཐའ།                 དབུ་མ་ཐལ་འགྱུར་བ།

       གསར་གཏོད་དང་ཞབས་རྗེས།        བདག་གཞན་མཉམ་བརྗེའི་སེམས་བསྐྱེད་ཚུལ།

       སློབ་མའམ་ཤན་ཤུགས།       ཕྱིས་ཀྱི་ནང་པ་ཕལ་མོ་ཆེ་ལ་ཤན་ཤུགས་ཐེབས་ཡོད།

 

 

 

བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།      མ་བསྐྱེད་པ་རྣམས་སྐྱེད་གྱུར་ཅིག།།

བསྐྱེད་པ་ཉམས་པར་མེད་པར་ཡང་།།    གོང་ནས་གོང་དུ་འཕེལ་བར་ཤོག།།

 

 

མ་བསྐྱེད་པ་སྐྱེད་པ།

བསྐྱེད་པ་མི་ཉམས་པ། 

གོང་ནས་གོང་དུ་འཕེལ་བ།

༡ བྱང་སེམས་ཕན་ཡོན།

༤ བག་ཡོད།

༧ བརྩོན་འགྲུས།

༢ སྡིག་པ་བཤགས་པ།

༥ ཤེས་བཞིན།

༨ བསམ་གཏན།

༣ བྱང་སེམས་བཟུང་བ། 

༦ བཟོད་པ།

༩ ཤེས་རབ། 

བསྔོ་བ།

བསྔོ་བ།

བསྔོ་བ།

 

       བྱང་ཆུབ་སེམས་མ་བསྐྱེད་པ་སྐྱེད་པའི་དོན་དུ་ལེའུ་དང་པོ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པ་དང་། ལེའུ་གཉིས་པ་སྡིག་པ་བཤགས་པ། ལེའུ་གསུམ་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་བཅས་གསུམ་དང་།  བྱང་ཆུབ་ཀྱི་སེམས་བསྐྱེད་པ་མི་ཉམས་པར་བྱེད་པའི་དོན་དུ་ལེའུ་བཞི་པ་བག་ཡོད། ལེའུ་ལྔ་པ་ཤེས་བཞིན། ལེའུ་དྲུག་པ་བཟོད་པ་བཅས་གསུམ་དང་། བྱང་ཆུབ་ཀྱི་སེམས་མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་བྱེད་པའི་དོན་དུ་ལེའུ་བདུན་པ་བརྩོན་འགྲུས། ལེའུ་བརྒྱད་པ་བསམ་གཏན། ལེའུ་དགུ་པ་ཤེས་རབ་བཅས་གསུམ་ཡིན་ཞིང་། བསྔོ་བ་ནི་མཇུག་ཏུ་སྦྱོར་བའམ་ཡང་ཀུན་གྱི་རྗེས་སུ་སྦྱོར་དགོས་པ་འདི་ནི། རྫ་དཔལ་སྤྲུལ་རིན་པོ་ཆེའི་གསུང་རྒྱུན་ཡིན་པར་ཐོས་སོ།། 

 

 

 

 

 

སྤྱོད་འཇུག་གི་ལེའུ་སོ་སོའི་གཞུང་ཚད།

 

      སྤྱོད་འཇུག་གི་གཞུང་ཚད་ལ་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། ཡོངས་གྲགས་ཀྱི་དབང་དུ་བྱས་ན་ཤོ་ལོ་ཀ་ཆིག་སྟོང་མ་ཟིན་ཙམ་ཡོད་པར་སྣང་ཞིང་། གུས་པས་དེབ་ཁག་ལ་བལྟས་པས་ཤོ་ལོ་ཀ་༩༢༣ ཙམ་ཡོད་པར་མཐོང་། 

 

 

 

སྤྱོད་འཇུག་གི་འགྲེལ་པ།

 

རྒྱ་འགྲེལ།  བོད་འགྱུར། ༡༢ ཙམ་བྱུང་བ་དང་། 

བོད་འགྲེལ། རྔོག་ལོའི་འགྲེལ་བ་ནས་ད་བར་༡༠༠ ལས་བརྒལ་བ་བྱུང་།

 

 

                         སྤྱོད་འཇུག་གི་ལེའུ་སོ་སོའི་བསྡུས་དོན། 

 

     ༧གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་བའི་དབང་པོས།

 

                       ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ།།

                       ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས།།

                       སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ།།

                       རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས།།

 

 

                                ལེའུ་དང་པོ། 

 

སྤྱོད་འཇུག་གི་ལེའུ་དང་པོ་ནི། བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པ་ཡིན་ལ། འདི་ལ་ཤོ་ལོ་ཀ་༣༥ ཡོད། ལེའུ་འདིའི་ནང་། དལ་འབྱོར་གྱི་ལུས་རྟེན་ལ་སྙིང་པོར་བླང་བའི་ཕྱིར་དུ་བསྐུལ་བའི་ཚིགས་བཅད་འགའ་ཞིག་གསུངས་རྗེས། བྱང་ཆུབ་སེམས་ཀྱི་ཕན་ཡོན་འདི་ལྟར་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་ལ་སྡིག་པ་ཐམས་ཅད་སེལ་ཞིང་དགེ་བ་མཐའ་དག་སྒྲུབ་པའི་ནུས་པ་ཡོད་པ་དང་། དགེ་བ་གཞན་རྣམས་ཆུ་ཤིང་དང་འདྲ་བར་འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཡིན་ཡང་། བྱང་ཆུབ་ཀྱི་སེམས་ནི་འབྲས་བུ་མི་ཟད་པ་སྐྱེད་པར་བྱེད་དོ།། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་སྨོན་སེམས་དང་འཇུག་སེམས་ཞེས་རྣམ་པ་གཉིས་ཡོད་ཅིང་། དེ་ཡང་འགྲོ་བར་འདོད་པ་དང་འགྲོ་བ་བཞིན་དུ་ཕན་པར་སེམས་པ་ཙམ་གྱི་སྨོན་སེམས་དང་། སེམས་པ་བཞིན་བྱ་བ་ལ་འཇུག་པ་ནི་འཇུག་སེམས་ཞེས་གཉིས་སོ།། 

     སྨོན་འཇུག་གི་སེམས་ལས་ལྷག་པའི་ཕན་སེམས་གཞན་ཞིག་གང་ནའང་མེད་ཅིང་། འདི་ནི་ཕན་པའི་སེམས་མཆོག་ཏུ་གྱུར་པ་ཡིན་ཞིང་། སངས་རྒྱས་མཆོད་པ་ལས་འདི་ཁྱད་དུ་འཕགས་པ་ཡིན་པས་ཅིས་ཀྱང་བསྐྱེད་པའི་ཐབས་ལ་བརྩོན་དགོས་སོ།།

     ཡིན་ཡང་། རང་ཅག་རྣམས་ཀྱིས་སེམས་འདི་སྐྱེད་མི་ཐུབ་པ་ནི། བདེ་སྡུག་ལ་བླང་དོར་མི་ཤེས་པའི་དབང་གིས་ཡིན་ལ། ད་གཟོད་བདེ་སྡུག་གི་འབྱུང་ཁུངས་གང་ཡིན་གསལ་བར་ཤེས་ནས། སྡུག་བསྔལ་ཀུན་གྱི་རྒྱུ་རང་གཅེས་འཛིན་ངོས་བཟུང་ནས་དེ་སྤོང་བ་དང་། བདེ་བ་ཐམས་ཅད་ཀྱི་འབྱུང་ཁུངས་གཞན་གཅེས་འཛིན་ངོས་ཟིན་ཏེ་དེ་སྐྱེད་པ་ལ་འབད་དགོས་སོ།།

མཇུག་ཏུ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སུ་དང་གང་གི་རྒྱུད་ལ་སྐྱེས་པ་དེའི་སྐུ་ལ་ཕྱག་འཚལ་ཞིང་། གང་ལ་གནོད་པ་བྱས་ཀྱང་ལན་དུ་བདེ་བ་འབའ་ཞིག་སྐྱེད་པའི་བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆིའོ།། ཞེས་གསུངས་ཏེ། མདོར་ན་འདིར་བྱང་ཆུབ་ཀྱི་སེམས་ནི་སྡིག་པ་ཟད་ཅིང་དགེ་བ་སྤེལ་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་པས་སེམས་རིན་པོ་ཆེའི་ཕན་ཡོན་དྲན་ཏེ་དེ་བསྐྱེད་པའི་ཐབས་ལ་འབད་པར་རིགས་སོ།།

 

 

 

ལེའུ་གཉིས་པ།

    

སྤྱོད་འཇུག་གི་ལེའུ་གཉིས་པ་ནི། སྡིག་པ་བཤགས་པ་ལེའུ་ཡིན་ཞིང་། འདི་ལ་ཤོ་ལོ་ཀ་༦༥ ཡོད། དེ་ཡང་ལེའུ་སྔོན་མར་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་གསུངས་ཏེ། དངོས་སུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་མཐུན་རྐྱེན་ཕྱག་འཚལ་བ་དང་དཀོན་མཆོག་མཆོད་པ་སོགས་སྔོན་དུ་འགྲོ་དགོས་ཤིང་། འགལ་རྐྱེན་སེམས་ཅན་གནོད་པ་བྱས་པའི་སྡིག་པ་རྣམས་འཆག་དགོས་པས། ཐོག་མར་ཕྱག་འཚལ་བ། མཆོད་པ། སྡིག་པ་བཤགས་པ་བཅས་ལེའུ་འདིར་གསུངས་ཤིང་། ཡན་ལག་བདུན་པའི་ལྷག་མ་རྣམས་ལེའུ་གསུམ་པའི་མགོར་གསུངས་སོ།། 

དེ་ཡང་ལེའུ་འདིར་གོང་དུ་མཆོད་ཡུལ་ནི་དཀོན་མཆོག་གསུམ་ཡིན་ཞིང་། དེ་ལ་འབུལ་རྒྱུ་ནི། བདག་ཏུ་མ་བཟུང་བའི་དངོས་པོ་དང་། རང་གི་ལུས། བློས་སྤྲུལ་བའི་དངོས་པོ་རྣམས་ཡིན་ཞིང་། བློས་སྤྲུལ་བ་ལ། བླ་ན་ཡོད་པ་དང་བླ་ན་མེད་པ་གཉིས་ལས། བླ་ན་ཡོད་པའི་མཆོད་པ་ནི། ཁྲུས། ན་བཟའ། རྒྱན། བྱུག་པ། མེ་ཏོག སྤརོས། ཞལ་ཟས། སྣང་གསལ། གཞལ་ཡས་ཁང་། གདུགས། རོལ་མོ་བཅས་འབུལ་བ་དེ་ཡིན་ལ། བླ་ན་མེད་པའི་མཆོད་པ་ནི། འཇམ་དབྱངས་སོགས་ཀྱིས་ཇི་ལྟར་མཆོད་པ་དེ་བཞིན་དུ་མཆོད་པ་དེ་ཡིན་ནོ།། ཕྱག་བྱ་ནི་ལུས་ངག་ཡིད་བཅས་ཀྱི་ཕྱག་དང་། ཕྱག་བྱ་བའི་ཡུལ་དེ་དག་ལ་སྙིང་ནས་སྐྱབས་སུ་འགྲོ་བར་གསུངས་སོ།།

སྡིག་པ་བཤགས་པ་དེ་ཡང་སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། གཉེན་པོའི་སྟོབས། སླར་ལྡོག་པའི་སྟོབས་བཅས་བཞི་ཡོད་པ་ལས། སུན་འབྱིན་པའི་སྟོབས་བཤད་པ་ན། སྤྱིར་སྡིག་པ་བཤགས་པ་དང་། ཁྱད་པར་དུ་སྡིག་པ་ཚབས་ཆེན་རིགས་བཤགས་པ་ཡིན་ལ། སྡིག་པ་བཤགས་པ་ལ་ངེས་པར་དུ་དགོས་པ་ནི་འགྱོད་པ་ཡིན་པས། སྡིག་པ་ལ་འགྱོད་པ་སྐྱེད་དགོས་ལ། དེ་མྱུར་དུ་བཤགས་དགོས་པ་ལས་དུས་རིང་དུ་འགྱངས་མི་རུང་སྟེ། ཚེ་མི་རྟག་པ་ཡིན་པས་མྱུར་དུ་འཇིག་པ་དང་། གསོན་པའི་ཚེ་ཡང་མཛའ་བ་དང་མི་མཛའ་བའི་དོན་དུ་སྡིག་པ་མང་དུ་བྱས་ཤིང་། ཡུལ་དེ་དག་འདས་ཀྱང་དེ་དག་གི་དོན་དུ་བྱས་པའི་སྡིག་པ་ནི་མདུན་དུ་ལྷག་པར་འགྱུར་བས། བདག་འཆི་བའི་དུས་ན་བཤེས་གཉེན་སུས་ཀྱང་སྐྱོབ་ཏུ་མེད་པས་ད་ལྟ་ནས་པས་སྡིག་པ་མྱུར་དུ་བཤག་དགོས་སོ།།

རྟེན་གྱི་སྟོབས་ནི་འགྲོ་བའི་མགོན་པོ་སངས་རྒྱས་ལ་སྐྱབས་སུ་མཆི་ཞིང་། རང་གི་ལུས་ཡོངས་སུ་འབུལ་བ་དང་། 

གཉེན་པོའི་སྟོབས་ནི་ནད་ཆུང་ངུ་རེ་དང་གཡང་ས་ཆུང་ངུ་རེ་ལའང་འཇིགས་ནས་བག་བྱས་ན། ངན་འགྲོར་ལྷུང་བའི་སྡིག་པ་ལ་ཅིས་ཀྱང་འཇིགས་ཤིང་བག་བྱེད་དགོས་པ་དང་། 

ཉེས་པ་ལས་ལྡོག་པའི་སྟོབས་ནི། སྔར་སྡིག་པ་སྣ་ཚོགས་པ་བསགས་ཤིང་། བླ་མའི་བཀའ་དང་འགལ་བ་སོགས་བྱས་ཏེ། དེ་དག་མ་བཤགས་ན་ངན་སོང་ལས་ཐར་ཤིན་ཏུ་དཀའ་བས་དེ་དག་དྲན་ཞིང་། མགོན་པོའི་སྤྱན་སྔར་ཐལ་མོ་སྦྱར་ཞིང་། ཉེས་པ་ལ་ཉེས་པར་མཐོང་སྟེ་བཤགས་པ་བཅས་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་གེགས་སུ་གྱུར་པའི་སྡིག་པ་རྣམས་བཤགས་སོ།།

 

                                 

ལེའུ་གསུམ་པ། 

 

སྤྱོད་འཇུག་གི་ལེའུ་གསུམ་པ་ནི།  བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་ཡིན་ལ། འདི་ལ་ཤོ་ལོ་ཀ་༣༣ ཡོད། ལེའུ་གཉིས་པའི་མཇུག་མཐུད་ནས་རིམ་བཞིན་རྗེས་སུ་ཡི་རངས། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ། བསྔོ་བ་དང་བཅས་ཡོད་པ་ལས། ཡི་རངས་ལ་མངོན་མཐོའི་རྒྱུ་དང་། ཐར་པའི་རྒྱུ། རྣམ་མཁྱེན་གྱི་རྒྱུ་བཅས་ལ་ཡི་རངས་པ་དང་བཅས་གསུམ་གསུངས་སོ།། བསྔོ་བ་ལ་སྤྱིར་བསྔོ་བ་དང་། ནད་པའི་དོན། བཀྲེས་སྐོམ་སེལ་བའི་དོན་དུ་བསྔོ་བ། འདོད་དགུ་འབྱུང་བའི་དོན་དུ་བསྔོ་བ་བཅས་གསུངས་སོ།། 

    སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་གྱི་སྔོན་འགྲོར་ལུས་སོགས་གཞན་ལ་སྦྱིན་པ་དང་། བདག་ལ་གཞན་གྱི་ཅི་ཞིག་བྱེད་ཀྱང་ཇི་མི་སྙམ་པ་དང་། བདག་ཉིད་གཞན་ལ་ཕན་པ་སྒྲུབ་པའི་སླད་དུ་སྨོན་པ་བཅས་གསུངས་ཤིང་། འདི་ནི་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་སེམས་བསྐྱེད་པ་དངོས་དེ་ཡིན། 

མཇུག་ཏུ་རང་སེམས་དེ་ལྟར་བསྐྱེད་པས་དགའ་བ་སྒོམ་པ་དང་། སེམས་གཟེངས་བསྟོད་པ་དང་། རིགས་དང་མཐུན་པའི་ལས་རྩོམ་དགོས་ཚུལ་ཡང་གསུངས། གཞན་དོན་དུ་སྨོན་པ་ལ་འགྲོ་བའི་འཆི་བདག་འཇོམས་པ་སོགས་ཚིགས་བཅད་བརྒྱད་ཙམ་གསུངས་ཤིང་། མཇུག་དེར་ལྷ་མི་སོགས་སེམས་ཅན་ཐམས་ཅད་དགའ་བ་སྐྱེད་དུ་གཞུག་པ་ཡིན་ནོ།། 

མདོར་ན། ལེའུ་འདིར་དོན་ཚན་གསུམ་སྟེ། སྦྱོར་བ་དང་། དངོས་གཞི། མཇུག་བཅས་ལས། རྗེས་སུ་ཡི་རངས་སོགས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྔོན་འགྲོའི་སྦྱོར་བ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། ཞེས་སོགས་ཀྱིས་དངོས་གཞི། སེམས་གཟེངས་བསྟོད་དེ་དགའ་བ་སྒོམ་པ་མན་ཆད་ཀྱིས་མཇུག་སྟོན་པ་ཡིན་ནོ།།

 

                              ལེའུ་བཞི་པ། 

 

སྤྱོད་འཇུག་གི་ལེའུ་བཞི་པ་ནི། བག་ཡོད་བསྟན་པ་ཡིན་ལ། འདི་ལ་ཤོ་ལོ་ཀ་ ༤༨ ཡོད།  ལེའུ་སྔོན་མར་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སེམས་བཟུང་ཚུལ་བསྟན་ནས། སེམས་དེ་མི་ཉམས་པར་བྱེད་པའི་ཐབས་སུ་སྒོ་གསུམ་བག་ཡོད་བསྟེན་ཚུལ་བཤད་པ་ལ། བྱང་ཆུབ་ཀྱི་སེམས་དེ་ཡང་དོར་དུ་མི་རུང་བ་དང་། དོར་ན་ཉེས་དམིགས་ཤིན་ཏུ་ཆེ་སྟེ། ངན་འགྲོར་ལྷུང་བར་འགྱུར་བ་སོགས་ཀྱི་སྐྱོན་ཚབས་ཆེ་བས་བྱང་ཆུབ་ཀྱི་སེམས་མི་ཉམས་པར་སྲུང་བར་བྱེད་དགོས། དེའི་ཐབས་སུ་བག་ཡོད་བསྟེན་དགོས་པས། དེ་ཡང་ཉེས་པ་སྤང་བ་ལ་བག་ཡོད་བསྟེན་པ། དགེ་བ་སྒོམ་པ་ལ་བག་ཡོད་བསྟེན་པ། ཉོན་མོངས་སྤོང་བ་ལ་བག་ཡོད་བསྟེན་པ་བཅས་གསུམ་གྱི་སྟེང་ནས་བཤད་པ་ལ། 

                  དང་པོ། ཉེས་པ་སྤོང་བ་ལ་བག་ཡོད་བསྟེན་པ། 

    དེ་ཡང་སྡིག་ལྟུང་མ་སྤངས་ན་སྐྱེ་བ་ནས་སྐྱེ་བར་ངན་འགྲོར་སྐྱེས་ཤིང་། སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་དང་། རང་གི་ཉེས་པས་སངས་རྒྱས་གྲངས་མེད་པས་སྐྱོབ་པར་མི་ནུས་ལ། སྡིག་པའི་ལས་ཀྱིས་ངན་འགྲོ་ཁོ་ནར་སྐྱེས་ནས་དལ་རྟེན་མི་འཐོབ་པ་དང་། ངན་འགྲོར་ལྷུང་ན་དགེ་བ་སྒྲུབ་པའི་སྐབས་མེད་པས་ཉེས་པ་སྤོང་བ་ལ་བག་ཡོད་བསྟེན་དགོས་སོ།།

 

                  གཉིས་པ། དགེ་བ་སྒོམ་པ་ལ་བག་ཡོད་བསྟེན་པ། 

    སྔར་པ་སྡིག་པ་མང་དུ་བསགས་ཟིན་པས་དེ་སྤོང་དགོས་ཤིང་། སྡིག་སྤོང་དགེ་སྒྲུབ་བྱེད་པའི་ལུས་རྟེན་འདི་ལྟ་བུ་ཐོབ་ནས་དགེ་བ་ལ་མི་འབད་པ་ནི་རང་གིས་རང་བསླུས་པ་ཡིན་པས། དལ་འབྱོར་ལུས་རྟེན་འདི་ཆུད་ཟོས་སུ་མི་གཏོང་བར་འབད་པར་རིགས་སོ།། 

 

                  གསུམ་པ། ཉོན་མོངས་སྤོང་བ་ལ་བག་ཡོད་བསྟེན་ཚུལ།

    སྡུག་བསྔལ་གྱི་རྒྱུ་ཉོན་མོངས་ཡིན་པས་དེའི་ཉེས་དམིགས་བསམ་དགོས་པ་དང་། རང་ལ་སྒོ་ཀུན་ནས་གནོད་པས། ཉོན་མོངས་ལ་ནམ་ཡང་བཟོད་པ་སྒོམ་པར་མི་བྱ་ཞིང་། ཉོན་མོངས་སྤོང་བ་ལ་བརྩོན་དགོས། དེ་སྤོང་བ་ལ་དཀའ་སྤྱད་ལ་སྐྱོ་བ་མི་རིགས་ལ། ཉོན་མོངས་བཅོམ་ན་སྡུག་བསྔལ་ཀུན་ཆོམ་པར་འགྱུར་བས་ཉོན་མོངས་སྤོང་བའི་ཕན་ཡོན་དྲན་པའི་སྟེང་ནས་ཉོན་མོངས་གཞོམ་པ་ལ་བརྩོན་དགོས་སོ།།

 

                                 ལེའུ་ལྔ་པ། 

 

སྤྱོད་འཇུག་གི་ལེའུ་ལྔ་པ་ནི། ཤེས་བཞིན་སྲུང་བ་ཡིན་ལ། འདི་ལ་ཤོ་ལོ་ཀ་༡༠༩ ཡོད། ལེའུ་བཞི་པར་ཉེས་པ་དང་དགེ་བ་དང་ཉོན་མོངས་བཅས་ལ་བག་ཡོད་བསྟེན་ཚུལ་བཤད་པའི་རྗེས་སུ། སེམས་བསྐྱེད་ནས་བསླབ་པ་ལ་སློབ་པ་ལ་སེམས་སྲུང་དགོས་ཤིང་། སེམས་སྲུང་བ་ལ་དྲན་ཤེས་བསྟེན་དགོས་པས། ཉེས་པ་དང་དགེ་བ་ཅི་བྱེད་ཀྱང་ཐམས་ཅད་སེམས་ལ་རག་ལས་པ་ཡིན་པས། སེམས་ལས་གཞན་པའི་འཇིགས་པ་མེད་ལ་བདེ་བའང་མེད། དེ་ཡང་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ཕར་ཕྱིན་དྲུག་གི་ཉམས་ལེན་ཅི་ཞིག་བྱེད་ཀྱང་སེམས་ལ་རག་ལས་སོ།། 

         དེས་ན། སེམས་སྲུང་བའི་ཕན་ཡོན་རྣམས་དྲན་ཏེ་འབད་པར་བྱ་ཞིང་། སེམས་དེ་སྲུང་བ་ལ་ནི་ཤེས་བཞིན་མེད་ན་མི་ཡོང་བར་མཐོང་ནས་ཤེས་བཞིན་སྒོམ་དགོས་ལ། ཤེས་བཞིན་མེད་ན། བྱ་བ་གང་བྱེད་ཀྱང་མཐུ་ཆུང་བ། ཤེས་རབ་དང་ཚུལ་ཁྲིམས་སོགས་མི་དག་པ། དགེ་བ་འཇིག་ཅིང་ཕྱིས་ཀྱང་མི་འགྲུབ་པ་སོགས་འབྱུང་བས། ཤེས་བཞིན་སྲུང་དགོས་ཤིང་། དེ་སྲུང་བ་ལ་དྲན་པ་གལ་ཆེ་བས། དྲན་ཤེས་ཀྱིས་སེམས་སྲུང་བ་ལའང་། སྡོམ་པའི་ཚུལ་ཁྲིམས། དགེ་བའི་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་བཅས་ལ་སློབ་ཚུལ་གསུངས་སོ།། 

                         སྡོམ་པའི་ཚུལ་ཁྲིམས། 

ལུས་དང་ངག་དང་ཡིད་བཅས་ཀྱི་སྤྱོད་པ་ལ་བརྟག་སྟེ་དྲན་ཤེས་བསྟེན་པ་དང་།

                         དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས།

ཚུལ་ཁྲིམས་ཀྱི་གེགས་ལུས་ལ་ཆགས་པ་སྤོང་བ་དང་། དགེ་བ་སྒྲུབ་ཅིང་ལུས་ལ་ཆགས་པའི་ཉེས་དམིགས་བསམ་པ་དང། དགེ་བའི་བྱ་བ་ལ་འཇུག་པ་དང་། 

                         སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས།

གཞན་དོན་ལྷུར་བྱ་བ་དང་། རང་ཉིད་ཉེས་པས་མ་གོས་པར་བྱེད་པ། ཟང་ཟིང་དང་ཆོས་ཀྱིས་སེམས་ཅན་གཞན་འཁོར་དུ་བསྡུ་བ་བཅས་ལ་འབད་དགོས་སོ།། 

 

 

                                ལེའུ་དྲུག་པ།

 

སྤྱོད་འཇུག་གི་ལེའུ་དྲུག་པ་ནི། བཟོད་པ་ཡིན་ལ་འདི་ལ་ཤོ་ལ་ཀ་༡༣༤ ཡོད། ལེའུ་ལྔ་པར་སེམས་སྲུང་བའི་ཐབས་སུ་ཤེས་བཞིན་སྲུང་བའི་རྣམ་གཞག་གསུངས་རྗེས། བྱང་ཆུབ་སེམས་ཀྱི་འགལ་ཟླའམ་གེགས་གཙོ་བོ་གཅིག་ནི་ཁོང་ཁྲོའམ་ཞེ་སྡང་ཡིན་པས། དེ་སྤོང་བའི་ཐབས་སུ་བཟོད་པ་བཤད་པ་ལ། ཐོག་མར་ཁོང་ཁྲོའི་ཉེས་དམིགས་ནི། དགེ་རྩ་ཀུན་འཇོམས་པ་དང་། ཡིད་ཀྱི་ཞི་བདེ་བརླག་པར་བྱེད་པ་སོགས་ཡིན་པས་སྐྱོན་དེ་དག་བསམས་ཏེ། ཁོང་ཁྲོ་དེ་ཡང་རྒྱུ་ཡིད་མི་བདེ་བ་ལས་བྱུང་བས་ཡིད་མི་བདེ་བ་འགོག་ཐབས་སུ་གལ་ཏེ་བཅོས་སུ་ཡོད་ན་མི་དགའ་བ་བྱ་མི་དགོས་པ་དང་། བཅོས་སུ་མེད་ན་མི་དགའ་བ་བྱས་ཀྱང་ཕན་ཐོགས་མེད་པའི་གདམས་ངག་འདི་གསུངས། 

 

    ཁོང་ཁྲོ་སྐྱེ་བའི་ཡུལ་ནི། ཉི་ཤུ་རྩ་བཞི་ཡོད་དེ། 

1.     བདག་ལ་སྡུག་བསྔལ་བྱུང་བ་ལ་ཁྲོ་བ།

2.     བདག་ལ་བརྙས་པ་བྱེད་པ་ལ་ཁྲོ་བ།

3.     བདག་ལ་ཚིག་རྩུབ་སྨྲ་བ་ལ་ཁྲོ་བ།

4.     བདག་ལ་མི་སྙན་པ་བརྗོད་པ་ལ་ཁྲོ་བ།

 

5.     བདག་ལ་བདེ་བའི་གེགས་བྱེད་ལ་ཁྲོ་བ།

6.     བདག་ལ་བཀུར་བསྟིའི་གེགས་བྱེད་པ་ལ་ཁྲོ་བ།

7.     བདག་ལ་བསྟོད་པའི་གེགས་བྱེད་པ་ལ་ཁྲོ་བ།

8.     བདག་ལ་སྙན་པའི་གེགས་བྱེད་པ་ལ་ཁྲོ་བ།

 

9.     བདག་གི་བཤེས་ལ་སྡུག་བསྔལ་བྱུང་བ་ལ་ཁྲོ་བ།

10. བདག་གི་བཤེས་ལ་བརྙས་པ་བྱེད་པ་ལ་ཁྲོ་བ།

11. བདག་གི་བཤེས་ལ་ཚིག་རྩུབ་སྨྲ་བ་ལ་ཁྲོ་བ།

12. བདག་གི་བཤེས་ལ་མི་སྙན་པ་བརྗོད་པ་ལ་ཁྲོ་བ།

 

13. བདག་གི་བཤེས་ལ་བདེ་བའི་གེགས་བྱེད་ལ་ཁྲོ་བ།

14. བདག་གི་བཤེས་ལ་བཀུར་བསྟིའི་གེགས་བྱེད་པ་ལ་ཁྲོ་བ།

15. བདག་གི་བཤེས་ལ་བསྟོད་པའི་གེགས་བྱེད་པ་ལ་ཁྲོ་བ།

16. བདག་གི་བཤེས་ལ་སྙན་པའི་གེགས་བྱེད་པ་ལ་ཁྲོ་བ།

 

17. བདག་གི་དགྲ་ལ་སྡུག་བསྔལ་མ་བྱུང་བ་ལ་ཁྲོ་བ།

18. བདག་གི་དགྲ་ལ་བརྙས་པ་མི་བྱེད་པ་ལ་ཁྲོ་བ།

19. བདག་གི་དགྲ་ལ་ཚིག་རྩུབ་མ་སྨྲ་བ་ལ་ཁྲོ་བ།

20. བདག་གི་དགྲ་ལ་མི་སྙན་པ་མ་བརྗོད་པ་ལ་ཁྲོ་བ།

 

21. བདག་གི་དགྲ་ལ་བདེ་བ་བྱུང་བ་ལ་ཁྲོ་བ།

22. བདག་གི་དགྲ་ལ་བཀུར་བསྟི་བྱེད་བ་ལ་ཁྲོ་བ།

23. བདག་གི་དགྲ་ལ་བསྟོད་པ་བརྗོད་པ་ལ་ཁྲོ་བ།

24. བདག་གི་དགྲ་ལ་སྙན་པ་སྨྲ་བ་ལ་ཁྲོ་བ།

 

བཅས་ཡོད་དོ།།

           དེས་ན། སྡུག་བསྔལ། བརྙས་པ། ཚིག་རྩུབ། མི་སྙན་པ་བཅས་བཞི་ལ་བདག་དང་བདག་གི་བཤེས། དེ་བཞིན་དགྲ་སོགས་ལ་བྱུང་མ་བྱུང་གི་སྟེང་ནས་ཁྲོ་བ་ཡིན་པས། 

 

དང་པོར་སྔུག་བསྔལ་བྱུང་ན་མི་ཁྲོ་བར་བཟོད་པ་བསྟེན་པ་ལ་གསུམ་སྟེ།

                  དང་པོ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ།

                  གཉིས་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ།

                  གསུམ་པ། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ། 

                                        བཅས་སོ།།

 

དང་པོ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ།

       སྡུག་བསྔལ་ཞེས་བྱ་བ་ནི་མི་འདོད་པ་དོར་དུ་རུང་བ་ཞིག་ཡིན་ན་ཡང་། ལམ་སྒྲུབ་པ་ལ་མེད་དུ་མི་རུང་བ་ཞིག་ཡིན་ཏེ། ལམ་དུ་ཞུགས་པ་ལ་ངེས་འབྱུང་ངེས་པར་དགོས་ཤིང་། སྡུག་བསྔལ་མེད་པར་ངེས་འབྱུང་མི་སྐྱེ་བ་དང་། གཞན་ཡང་སྡུག་བསྔལ་གྱིས་རང་ཉིད་ཀྱི་ང་རྒྱལ་དྲེགས་པ་སེལ་བ་དང་། གཞན་ལ་སྙིང་རྗེ་འདྲེན་པ་སོགས་འབྱུང་བས་སྡུག་བསྔལ་ཡང་དང་དུ་ལེན་འོས་སོ།། 

                      

གཉིས་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ།

ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་སྐྱེ་བོ་རྣམས་ནི། དགའ་བཞིན་སྤྲོ་བཞིན་དུ་ཁོང་ཁྲོ་བ་མིན་པར་རང་དབང་མེད་པར་ཁྲོ་བ་ཡིན་པས། དེ་དག་ཐམས་ཅད་ཉོན་མོངས་ལས་བྱུང་བར་ཤེས་ཏེ། བདག་ལ་གནོད་པ་རྩོམ་པའི་སྐྱེ་བོ་དེ་ལ་ལྷག་པར་ཡང་སྙིང་རྗེ་བར་བྱ་ཡི་ཁོང་ཁྲོ་བ་ནི་མི་རིགས་སོ། །

              གསུམ་པ། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ།

       བདག་ལ་གནོད་བྱེད་ཅེས་སུ་བཏགས་པ་དེ་རྣམས་ཀྱང་མི་ཤེས་པའི་དབང་གིས་རང་ཉིད་གསོད་པ་སོགས་རང་ལ་གནོད་པ་བྱེད་པ་མཐོང་ན་གཞན་ལ་གནོད་པ་བྱེད་པ་ལྟ་ཅི་སྨྲོས་སྙམ་དུ་བསམ་ལ། དེ་ལ་ཁྲོ་བར་མི་རིགས་ཏེ་གཞན་ལ་གནོད་པ་བྱེད་པ་ནི་བྱིས་པ་སོ་སྐྱེའི་རང་བཞིན་ཡིན་པ་དང་། དེས་དབྱུག་པ་སོགས་བཀོལ་ནས་གནོད་པ་རྩོམ་པ་ན་དབྱུག་པ་ལ་མི་ཁྲོ་བར་སྐྱེ་བོ་དེ་ལ་ཁྲོ་བར་མི་རིགས་སོ།།       དེ་ལས་ལྡོག་སྟེ་གནོད་པ་བྱུང་ན་རང་གི་ལས་ཉིད་ལས་བྱུང་བར་བསམས་ཤིང་། བདག་ལ་ཁྲོ་བས་གཞན་དེ་དམྱལ་བར་ལྷུང་བར་འགྱུར་བས་དེ་དག་ལ་སྙིང་རྗེ་བར་བྱའོ།། 

 

                     བརྙས་པ་བྱེད་པ་ལ་ཁྲོ་བར་མི་རིགས་པ།

       གཞན་གྱིས་ཇི་ཙམ་བརྙས་ཀྱང་རང་གིས་ཡ་ལན་མ་བྱས་ན་གང་ཡང་མི་གནོད་པ་དང་། ཚིག་རྩུབ་དང་མི་སྙན་པར་སྨྲས་ཀྱང་ཚིག་གིས་ལུས་ལ་མི་གནོད་པས། དང་ལེན་མ་བྱས་ན་གང་ཡང་གནོད་པ་ཡིན། 

 

                      བདག་གི་བཤེས་ལ་གནོད་པ་ལ་བཟོད་པ།

       བདག་གི་བཤེས་ལ་སྡུག་བསྔལ་བར་བྱེད་དང་བརྙས་པ། ཚིག་རྩུབ། མི་སྙན་པ་སྨྲ་བ་ཅི་ཞིག་བྱུང་ཡང་ཁྲོ་བར་ཕན་ཐོགས་མེད་པས་བཟོད་པ་བསྟེན་དགོས་སོ།།

                      

       དེ་བཞིན་དུ། བདག་གི་དགྲ་ལ་བདེ་བ། བཀུར་བསྟི། བསྟོད་པ། སྙན་པ་སོགས་ལེགས་པ་ཅི་བྱུང་ཡང་ཡི་རངས་སྒོམ་དགོས་སོ།། 

       དེ་ལྟར་སྟོན་པ་དང་སེམས་ཅན་གྱིས་རང་ཉིད་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་བཀའ་དྲིན་མཉམ་པ་ལ། སྟོན་པ་ལ་གུས་པ་དང་སེམས་ཅན་ལ་ཁྲོ་བ་སོགས་བྱས་ན་མི་རུང་བས་རྟག་ཏུ་བཟོད་པ་བསྟེན་དགོས་ལ། དེ་ལྟར་བཟོད་པ་བསྟེན་ན། ཚེ་འདིར་དཔལ་དང་གྲགས་པ་ཐོབ་ཅིང་། སྐྱེ་བ་ཕྱི་མ་རྣམས་སུའང་གཟུགས་མཛེས་པ་དང་ནད་མེད་པ་སོགས་ཀྱི་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས་སོ།།

 

 

                             ལེའུ་བདུན་པ། 

 

       སྤྱོད་འཇུག་གི་ལེའུ་བདུན་པ་ནི། བརྩོན་འགྲུས་ཡིན་ལ། འདི་ལ་ཤོ་ལོ་ཀ་༧༦ ཡོད། ལེའུ་སྔོན་མར་བཟོད་པ་བསྟན་ནས། འདིར་བརྩོན་འགྲུས་བཤད་པ་ལ། སྤྱིར་བརྩོན་འགྲུས་ཀྱི་དབྱེ་བ་ལ་མི་འདྲ་བ་འགའ་ཞིག་སྣང་ཡང་། འདིར་གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། མི་འཁྲུག་པའི་བརྩོན་འགྲུས། ཆོག་མི་ཤེས་པའི་བརྩོན་འགྲུས་བཅས་བཞི་ཡོད་པར་གསུངས་ཤིང་། བརྩོན་འགྲུས་ལེ་ལོའི་གཉེན་པོ་གཙོ་བོ་ཡིན་པས། ཐོག་མར་མི་མཐུན་ཕྱོགས་ལེ་ལོ་ལ་གསུམ་དུ་ཡོད་དོ།།

              འདིར་སྤྱོད་འཇུག་ཏུ། དང་པོ་ཚེ་འདིའི་བདེ་བའི་རོ་མྱོང་བའི་ལེ་ལོ་སྤོང་བ་ལ་ཚེ་འདིའི་ཉེས་དམིགས་བསམ་པ་དང་། ཕྱི་མའི་སྡུག་བསྔལ་བསམ་པའི་སྟེང་ནས་སེལ་བ་དང་། གཉིས་པ་བྱ་ངན་ལ་ཞེན་པའི་ལེ་ལོ་སྤོང་བ་ལ་བདེ་བ་བླ་ན་མེད་པའི་རྒྱུ་དམ་ཆོས་སྤངས་ཏེ་དོན་མེད་ལ་ཆགས་པ་ནི་ཤིན་ཏུ་མི་རིགས་པ་དང་། སྒྱིད་ལུག་པའི་ལེ་ལོ་སྤོང་བ་ལ་གོ་ཆ། སྦྱོར་བ། ལྷུར་བླང་བ། དབང་དུ་བྱ་བ་བཞི་ཡིས་འགོག་པར་གསུངས་སོ།། 

              བརྩོན་འགྲུས་བསྐྱེད་པ་ལ་སྟོབས་བཞི་གསུངས་ཏེ། མོས་པའི་སྟོབས། བརྟན་པའི་སྟོབས། དགའ་བའི་སྟོབས། དོར་བའི་སྟོབས་བཅས་སོ།།  

དེ་ཡང་མོས་པའི་སྟོབས་ནི། དགེ་བའི་བྱ་བ་ལ་འདུན་པ་དང་། བརྟན་པའི་སྟོབས་ནི། རང་ཉིད་ཀྱིས་གང་དམ་བཅས་པ་དེ་མཐར་ཕྱིན་པར་སྒྲུབ་པར་འདོད་པ་ཡིན་པས། འདི་ལ་ལས་ཀྱི་ང་རྒྱལ། ནུས་པའི་ང་རྒྱལ། ཉོན་མོངས་པའི་ང་རྒྱལ་བཅས་གསུམ་གྱིས་སྒྲུབ་བོ།། ལས་ཀྱི་ང་རྒྱལ་ནི་རང་ཁོ་ནས་བྱའོ་སྙམ་པ་དང་། ནུས་པའི་ང་རྒྱལ་ནི་གཞན་རྣམས་ལ་མི་རེ་བར་རང་གཞན་གྱི་དོན་རྣམས་རང་གིས་སྒྲུབ་བོ་སྙམ་པ་དང་། ཉོན་མོངས་པའི་ང་རྒྱལ་ནི་ཉོན་མོངས་ལས་ངེས་པར་རྒྱལ་བར་བྱའོ་སྙམ་པ་གསུམ་མོ།། དགའ་བའི་སྟོབས་ནི། དགེ་བའི་བྱ་བ་ལ་ཞུགས་པ་ན་ནམ་ཡང་ངོམས་པ་མེད་པ་དང་། དོར་བའི་སྟོབས་ནི། བརྩོན་འགྲུས་རྩོམ་པས་ལུས་སེམས་དུབ་པ་ན་རེ་ཞིག་ངལ་གསོ་ཞིང་ངལ་སོས་རྗེས་སླར་ཡང་འཇུག་པ་ཡིན་ནོ།།

 

 

                             ལེའུ་བརྒྱད་པ།

 

       སྤྱོད་འཇུག་གི་ལེའུ་བརྒྱད་པ་ནི། བསམ་གཏན་ཡིན་ལ། འདི་ལ་ཤོ་ལོ་ཀ་༡༨༧ ཡོད།  དབུར་དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི།། ཞེས་པ་ནས་དབང་པོས་ཀྱང་དེ་རྙེད་དཀའ།། ཞེས་པའི་བར་གྱི་ཤོ་ལོ་ཀ་༨༨ ཀྱིས་ཞི་གནས་སམ་བྱང་ཆུབ་སེམས་སྒོམ་པའི་སྔོན་འགྲོ་ལྟ་བུར་ལུས་སེམས་དབེན་པ་བསྟེན་ཚུལ་བཤད་ཅིང་། དེ་ལ་སོགས་པའི་རྣམ་པ་ཡིས།། ཞེས་པ་ནས་མཇུག་བར་གྱིས་བྱང་ཆུབ་སེམས་སྒོམ་ཚུལ་གཙོ་བོར་བསྟན་ནོ།། 

 

དེ་ལྟར་གོང་དུ་བརྩོན་འགྲུས་བསྐྱེད་ནས་བསྒོམ་པར་བྱ་བ་ནི་ཆེད་དུ་བྱ་བའི་དམིགས་པ་གཞན་དོན་ལས་མི་གཡོལ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་ལ། སྔོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་གེགས་འགལ་རྐྱེན་བྱིང་རྒོད་སོགས་ཀྱིས་གཡེངས་ནས་བྱ་བ་མ་ཡིན་པ་ལ་འཇུག་པ་དེ་ཡིན་པས། ཐོག་མར་སེམས་རྩེ་གཅིག་པར་གནས་པའི་ཐབས་བཤད་པ་ལ། ཞི་གནས་ཀྱི་མི་མཐུན་ཕྱོགས་ནི། འཇིག་རྟེན་གྱི་འདུ་འཛི་དང་། ཕྱིན་ཅི་ལོག་གི་རྣམ་རྟོག་གཉིས་ཡིན།

 

                      འཇིག་རྟེན་གྱི་འདུ་འཛི་སྤོང་བ།

འཇིག་རྟེན་གྱི་འདུ་འཛི་ལ་ཡང་སེམས་ཅན་ལ་ཆགས་པ་དང་། རྙེད་བཀུར་ལ་ཆགས་པ་གཉིས་ཡོད་པས། བྱིས་པ་དང་འགྲོགས་ན་ཕྲག་དོག ང་རྒྱལ། ཁོང་ཁྲོ་སོགས་བདག་བསྟོད་གཞན་སྨད་ཀྱི་མི་དགེ་བ་ཤ་སྟག་འབྱུང་བ་དང་། རྙེད་བཀུར་ལ་ཡང་ཆགས་པར་མི་རིགས་ཏེ་བསྟོད་སྨད་སོགས་ལ་ངེས་པ་ཅི་ཡང་མེད་པས་སོ།། དེས་ན། འཇིག་རྟེན་གྱི་འདུ་འཛི་ཡོངས་སུ་སྤངས་པའི་དབེན་པ་བསྟེན་རིགས་སོ།། 

                      ཕྱིན་ཅི་ལོག་གི་རྣམ་རྟོག་སྤོང་བ།

       འདོད་པའི་ཉེས་དམིགས་བསམ་ཞིང་། ལུས་ལ་ཆགས་པའི་སྐྱོན་སྒོ་དུ་མ་ནས་བསྒོམས་ཏེ། ཕྱིན་ཅི་ལོག་གི་རྣམ་རྟོག་གིས་དབེན་པའི་དབེན་པ་ལ་དགའ་བ་བསྐྱེད་དོ།། 

 

                      ཞི་གནས་སམ་བྱང་ཆུབ་སེམས་སྒོམ་ཚུལ།

       

 

                    བདག་གཞན་མཉམ་པ། 

བདག་གཞན་མཉམ་པར་སྒོམ་པ་ལ་ཐོག་མར་སྒོམ་དགོས་པའི་རྒྱུ་མཚན་ཤེས་པ་དང་། མཉམ་པར་སྒོམ་པའི་གེགས་རྣམས་སེལ་བ་ལ། འགྲོ་བ་ཀུན་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་མཚུངས་པས་བདག་གཞན་མཉམ་པར་སྒོམ་དགོས་པར་གོ་ཞིང་། སྒོམ་དགོས་ཀྱང་བདག་དང་གཞན་གཉིས་འབྲེལ་མེད་ཡིན་པ་དང་། བདག་གཞན་རིས་སུ་ཆད་པར་ལྟ་བའི་བློས་བདག་གཞན་མཉམ་པར་སྒོམ་མི་ནུས་པས་རང་དབང་གི་བདག་མེད་ཅིང་། རྒྱུད་དང་ཚོགས་པ་ཞེས་པ་ཕྲེང་བ་དང་དམག་སོགས་བཞིན་དུ་རྫུན་པར་གསུངས་པས་སེལ་ལོ།། 

དེ་ལྟར་སྒོམ་པའི་ཕན་ཡོན་ནི། བདེ་བ་མཆོག་ཏུ་གྱུར་པས་གཞན་གྱི་དོན་ལ་ངང་གིས་འཇུག་པ་དང་། རང་ཉིད་ཀྱི་དྲེགས་པ་ཀུན་ཞི་བ། རྣམ་སྨིན་ལ་ནམ་ཡང་མི་རེ་བ་སོགས་ཀྱི་ཕན་ཡོན་ཆེ་བས། བདག་གཞན་མཉམ་པར་སྒོམ་པ་གལ་ཆེའོ།། 

       

                            བདག་གཞན་བརྗེ་བ།

       རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམས་ཤིང་། གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་ཀུན་ནས་བསམས་ཏེ། བདག་གཞན་གྱི་བདེ་སྡུག་བརྗེ་བར་བྱ་ཞིང་། དེ་ལྟར་ན། གཞན་ལ་ཕན་པ་བྱེད་ཀྱང་རང་གི་ལུས་ལ་བྱེད་པ་བཞིན་དུ་རློམ་སེམས་མི་སྐྱེ་ཞིང་། རྣམ་སྨིན་ལ་མི་ལྟ་བར་རྣམ་པར་དག་པས་སྒྲུབ་པ་ཞིག་འོང་ངོ་།།  དེ་ལྟར་བདག་གཞན་བརྗེ་བའི་རྗེས་སུ་ཕན་བདེ་ཀུན་གཞན་ལ་བཏང་བ་དང་། གཞན་ཞེས་བཏགས་པའི་སེམས་ཅན་རྣམས་བདག་བཞིན་དུ་བཟུང་སྟེ། དམན་སོགས་བདག་ཏུ་བྱས་པ་དང་།། ཞེས་སོགས་ཀྱིས་བདག་གཅེས་འཛིན་ལ་སྒོ་དུ་མ་སྐྱོན་བརྗོད་པས། བདག་གཅེས་འཛིན་ལ་ཡོན་ཏན་སྣ་གཅིག་ཀྱང་མེད་པས་ཅི་ལ་བབ་ཀྱང་བདག་གཅེས་འཛིན་གྱི་དབང་དུ་མི་འགྲོ་བའི་ཐབས་བྱ་དགོས་པར་གསུངས་སོ།།

 

       

 

                             ལེའུ་དགུ་པ།

 

       སྤྱོད་འཇུག་གི་ལེའུ་དགུ་པ་ནི། ཤེས་རབ་ཡིན་ལ། འདི་ལ་ཤོ་ལོ་ཀ་༡༦༧ ཡོད། དེ་ཡང་འདིར་གོང་དུ་བཤད་པའི་སྦྱིན་པ་སོགས་ཀྱི་ཉམས་ལེན་གང་བྱེད་པ་རྣམས་རྣམས་ནི། ཤེས་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ཡང་དག་པའི་ཤེས་རབ་སྐྱེད་ཅིང་གོང་འཕེལ་དུ་འགྲོ་ཐབས་སུ་ཤེས་དགོས་ལ། དེ་ཡང་ཡུལ་གྱི་གནས་ལུགས་གཏན་ལ་འབེབས་དགོས་པས། ཡུལ་ལ་གནས་ལུགས་གཉིས་ཏེ། འཇིག་རྟེན་ཕལ་པས་མཐོང་བའི་ཀུན་རྫོབ་པའི་བདེན་པ་དང་། འཕགས་པས་གཟིགས་པའི་དོན་དམ་པའི་བདེན་པ་གཉིས་ཡོད་ལ། དེ་ཡང་དབུ་མ་པའི་ལུགས་འདིར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རང་གི་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དེ་དོན་དམ་བདེན་པ་ཡིན་པས། དེ་ལྟར་བཤད་པ་ལ་མདོ་སྡེ་པས་རྩོད་པ་དང་། ལྷག་པར་དུ་སེམས་ཙམ་པས་དེ་མི་འཐད་པའི་རྩོད་པ་བྱེད། སེམས་ཙམ་པའི་ལུགས་ལ་ཆོས་ཐམས་ཅད་རང་ངོས་གྲུབ་པ་ཡོད་པ་དང་། དེའི་ཁུངས་གཙོ་བོ་ནི་རང་རིག་ལ་ཐུག་པས། འདིར་རང་རིག་འགོག་ཅིང་། དེ་ཡང་ལུང་གི་སྒོ་ནས། མདོ་ལས་རལ་གྲི་རང་གིས་རང་མི་གཅོད་པར་གསུངས་པ་དང་། རིགས་པའི་སྒོ་ནས་མར་མེ་དང་ཤེལ་གྱི་དཔེའི་སྟེང་ནས་དང་། རང་རིག་སྒྲུབ་པའི་རིགས་པ་དྲག་ཤོས་དུས་ཕྱིས་དྲན་པ་སྐྱེ་བའི་རིགས་པ་ལ་དེ་ལ་དྲན་འགྱུར་བྱི་བའི་དུག་བཞིན་ནོ་ཞེས་སོགས་ཀྱིས་བཀག་གོ།། སྟོང་པ་ཉིད་ཐམས་ཅད་མཁྱེན་པའི་གོ་འཕང་ལ་ལྟ་ཅི་སྨོས་ཏེ། ཐར་པ་ཙམ་འཐོབ་པ་ལའང་སྟོང་ཉིད་ངེས་པར་དུ་རྟོགས་དགོས་པ་ཡང་མང་དུ་བསྒྲུབས་སོ།། 

 

       སྟོང་ཉིད་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པ་ལ། གང་ཟག་གི་བདག་མེད་སྒྲུབ་པ་དང་། ཆོས་ཀྱི་བདག་མེད་སྒྲུབ་པ་གཉིས་ལས། གང་ཟག་གི་བདག་མེད་སྒྲུབ་པ་ལ་ཐོག་མར་གྲུབ་མཐས་ཀུན་ནས་བཏགས་པའི་བདག་འགོག་པ་ལ་གྲངས་ཅན་གྱི་བདག་ཤེས་རིག་གི་སྐྱེས་བུ་འགོག་དང་། བྱེ་བྲག་པའི་བདག་བེམ་པོ་འདོད་པ་བཅས་བཀག་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱི་སྐྱེས་བུ་ས་མིན་སོགས་ཀྱི་དོན་རྒྱས་པར་བཀྲལ་བའི་སྟེང་ནས་གང་ཟག་བདག་ལེགས་པར་བཀག་པར་མཛད་དོ།།

       ཆོས་ཀྱི་བདག་མེད་སྒྲུབ་པ་ལ། དྲན་པ་ཉེར་བཞག་གི་སྒོ་ནས་སྒྲུབ་པ་ལ། དེ་ཡང་ལུས། ཚོར་བ། སེམས། ཆོས་བཅས་བཞིའི་སྟེང་ནས་སྒྲུབ་པ་དང་། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་ནི། རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མའི་གཏན་ཚིགས་དང། རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་བཅས་ཀྱིས་བཀག་པར་མཛད་དོ།། 

       མཇུག་ཏུ། སྟོང་པ་ཉིད་ལ་ངེས་པར་དུ་འབད་དགོས་པ་དང་། ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་ཡང་། སྟོང་པར་མི་ཤེས་པའི་དབང་གིས་སེམས་ཅན་འཁོར་བར་འཁྱམ་པའི་ཚུལ་བསམས་ཏེ་སྙིང་རྗེ་བསྐྱེད་པ་དང་། རང་གིས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཚོགས་རླབས་ཆེ་བ་བསགས་ཏེ། ཡིན་ལུགས་ལ་རྨོངས་པའི་སེམས་ཅན་རྣམས་ལ་སྟོང་པ་ཉིད་ཀྱི་རྣམ་གཞག་སྟོན་པར་འགྱུར་བའམ་སྨོན་པ་སྟེ།  དམིགས་པས་ཕུང་བར་གྱུར་རྣམས་ལ།། སྟོན་པ་ཉིད་ནི་སྟོན་པར་འགྱུར།། ཞེས་པ་ནི་སྨོན་ལམ་ཆེས་མཆོག་ཏུ་གྱུར་པ་ཞིག་ཏུ་སྣང་ངོ་།། 

 

 

 

 

 

                            ལེའུ་བཅུ་པ། 

 

       སྤྱོད་འཇུག་གི་ལེའུ་བཅུ་པ་ནི། བསྔོ་བ་ཡིན་ལ་འདི་ལ་ཤོ་ལོ་ཀ་༦༨ ཡོད། འདི་ནི་ང་ཚོས་རྒྱུན་དུ་ཁ་འདོན་བྱེད་སྲོལ་ཡོད་པས་གྲགས་ཆེ། བསྔོ་བ་བཤད་པ་ལ་གཞན་དོན་དུ་བསྔོ་བ། རང་དོན་དུ་བསྔོ་བ། བསྟན་པ་རྒྱས་པའི་ཕྱིར་དུ་བསྔོ་བ་བཅས་གསུམ་ལས། 

 

གཞན་དོན་དུ་བསྔོ་བ།

དེ་ལ་འཇིག་རྟེན་པའི་དོན་དུ་བསྔོ་བ་དང་། འཇིག་རྟེན་ལས་འདས་པའི་དོན་དུ་བསྔོ་བ་བཅས་གཉིས་ཡོད། འཇིག་རྟེན་པའི་དོན་དུ་བསྔོ་བ་ནི། ནད་ཞི་བ། ངན་འགྲོའི་སྡུག་བསྔལ་ཞི་བ། བདེ་འགྲོའི་དོན། སེམས་ཅན་ཀུན་གྱི་དོན་དུ་བསྔོ་བ་བཅས་ཡོད། 

       འཇིག་རྟེན་ལས་འདས་པའི་དོན་དུ་བསྔོ་བ་ལའང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་སྒྲུབ་པར་བསྔོ་བ་དང་། སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་པར་བསྔོ་བ། ཉན་རང་གི་བཞེད་དོན་འགྲུབ་པར་བསྔོ་བ་བཅས་གསུམ་གསུངས་སོ།། 

 

                             རང་དོན་དུ་བསྔོ་བ།

གནས་སྐབས་ཀྱི་འབྲས་བུ་ཐོབ་པར་སྨོན་པ། འཇམ་དཔལ་དབྱངས་ཀྱིས་དངོས་སུ་རྗེས་སུ་འཛིན་པར་སྨོན་པ། བྱང་སེམས་ཀྱི་སྤྱོད་པ་ལ་གནས་པའི་སྨོན་ལམ། གཞན་དོན་མཐར་ཕྱིན་པའི་སྨོན་ལམ་བཅས་གསུངས་སོ།།

                      བསྟན་པ་རྒྱས་པའི་ཕྱིར་དུ་བསྔོ་བ།

       འགྲོ་བའི་སྡུག་བསྔལ་སེལ་བའི་སྨན་གཅིག་པུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་པ་དང་། རྙེད་དང་བཀུར་བསྟི་དང་བཅས་པས་སྲུང་ཞིང་རྒྱས་པའི་སྨོན་ལམ་བཏབ་པ་ཡིན་ནོ།། 

 

མཇུག་ཏུ། བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་འཚལ་བ། 

                      གང་གི་དྲིན་གྱིས་དགེ་བློ་འབྱུང་།།

                      འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།

                      གང་གི་དྲིན་གྱིས་བདག་དར་བ།།

                      དགེ་བའི་བཤེས་ལ་བདག་ཕྱག་འཚལ།།

       ཞེས་གསུངས་ཏེ། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཅེས་གྲགས་པའི་གཞུང་རླབས་ཆེན་འདི་མཇུག་གྲུབ་ཅིང་། སྤྱོད་འཇུག་དེ་མདོར་བསྡུས་ན། བྱང་ཆུབ་སེམས་མ་བསྐྱེད་པ་བསྐྱེད་པའི་ཕྱིར་དུ་ལེའུ་དང་པོ་གསུམ་གསུངས་ཏེ། ལེའུ་གསུམ་པའི་ནང་བྱང་ཆུབ་ཀྱི་སེམས་ཇི་ལྟར་བསྐྱེད་པའི་ཚུལ་བསྟན་པ་དང་། དེའི་ལྷག་མ་རྣམས་ཀྱིས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་ལ་སློབ་ཚུལ་བསྟན་པ་ཡིན་ཏེ། དེ་ཡང་། དེ་ཡང་སྦྱིན་པ་ནི་ལེའུ་བཅུ་པ་བསྔོ་བ་ཡིས་བསྟན་པ་དང་། ཚུལ་ཁྲིམས་ནི། ལེའུ་བཞི་པ་ལྔ་པ་གཉིས་ཀྱིས་བསྟན། བཟོད་པ་ནི་ལེའུ་དྲུག་པས་དང་། བརྩོན་འགྲུས་ནི་ལེའུ་བདུན་པས་དང་། བསམ་གཏན་ནི་ལེའུ་བརྒྱད་པས་དང་། ཤེས་རབ་ནི་ལེའུ་དགུ་པས་བསྟན་པ་ཡིན་ནོ།། 

 

              འཆིང་བས་ཀུན་ནས་བཀྱིག་གྱུར་ཅིང་།།

              ཤེས་རབ་མིག་རས་རབ་ལྡོངས་པའི།།

              མགོན་མེད་འཕྱན་པོ་ཁོ་བོ་ནི།།

              བླ་ནས་ཐུགས་རྗེས་གཟུང་དུ་གསོལ།།

 

              འདིར་འབད་དགེ་བའི་ཆར་གྱི་ཟེགས།།

              དད་པའི་མྱུ་གུ་ལ་རེག་པས།།

              ཤེས་རབ་ཐེ་འུ་སྨིན་གྱུར་ནས།།

              གཏན་འདུན་མྱུར་དུ་འགྲུབ་པར་ཤོག།། 

 

༢༠༢༡ ཟླ་བ་༡༢ ཚེས་ ༡༠ ཉིན་ཏེ། ༧རྒྱལ་བའི་དབང་པོ་ལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་བགྲང་བྱ་༣༢ འཁོར་བའི་སྐལ་བཟང་གི་ཉིན་མོ་དང་། བདག་གི་ཡབ་ཆེན་དམ་པ་ཕྱི་མའི་ལྔ་ལམ་དུ་གྱུར་ཏེ་བགྲང་བྱ་༡༤ འཁོར་བའི་དུས་ཚིགས་དང་བསྟུན། ༧རྒྱལ་བའི་དབང་པོའི་གསང་གསུམ་མཛད་པ་རྗེས་སུ་དྲན་པ་དང་། ཡབ་ཆེན་དམ་པའི་བསྔོ་སྨོན་ཆེད་དུ་ཤུལ་ལུས་བདག་བེ་རི་རྒྱལ་སྲས་སུ་འབོད་པ་གང་དེས་ཡིག་རིས་ཕབ་པའོ།།