Saturday, March 28, 2020

ཡོན་ཏན་གཞི་གྱུར་མའི་བསྡུས་འགྲེལ།



ཡོན་ཏན་གཞི་གྱུར་མའི་བསྡུས་འགྲེལ་བྱིས་པའི་གོག་འགྲོས།

                                         བེ་རི་རྒྱལ་སྲས།
               རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་འོད་ཀྱི་ཕུང་།།
               གསུམ་ལྡན་བླ་མར་འཕོས་པའི་སྒྱུ་འཕྲུལ་གར།།
               སྣ་ཚོགས་རོལ་པས་འདུལ་བའི་བཤེས་གཉེན་གྱི།།
               ཐུགས་རྗེ་ནམ་ཡང་ལྷོད་པར་མ་གྱུར་ཅིག།

               འདི་ན་འདུ་འཛིས་བྲིད་པའི་གཞོན་ནུ་ཞིག།
               རིང་ནས་ཁྱོད་ལ་སྐྱབས་སུ་སོང་གྱུར་ཀྱང་།།
               ཆོས་བརྒྱད་སྲེད་པས་དམ་དུ་བཀྱིག་པས་ན།།
               ཞབས་རྗེས་སྙེག་པའི་སྐལ་བ་རིང་དུ་གྱུར།།

               དེ་ལྟར་ན་ཡང་ཡབ་ཆེན་དམ་པ་ཡིས།།
               མིག་གི་འབྲས་བཞིན་བསྐྱངས་པའི་སྐུ་དྲིན་གྱིས།།
               ཡང་དག་ལམ་ལ་ཕྲ་ཆུང་མ་ཟུམ་པས།།
               ད་དུང་འདི་ན་དད་པའི་མེ་རོ་མཆིས།།

               དེ་ཕྱིར་ཡབ་ཀྱི་དྲིན་ལན་གསབ་ཕྱིར་དང་།།
               བཤེས་གཉེན་དམ་པར་སྒྲུབ་པའི་མཆོད་སྤྲིན་སླད།།
               བྱིས་པའི་གོག་འགྲོས་དལ་པོའི་རྐང་རྗེས་ལ།།
               མཁས་དབང་རྒན་པོའི་ཚོགས་རྣམས་གཟིགས་མོར་སྤྱོན།།

     དེ་ཡང་། བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་མ་ལུས་པ་འདུས་པའི་ཡོན་ཏན་གཞིར་གྱུར་མ་ཞེས་ཡོངས་སུ་གྲགས་པའི་གཞུང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་ཆེན་པོ་རྗེ་བླ་མ་བློ་བཟང་གྲགས་པས་མཛད་པ་འདི་ཉིད་འཆད་པ་ལ། གཞུང་འདི་ཇི་ལྟར་རྩོམ་པའི་ལོ་རྒྱུས་ཀྱིས་མཚམས་སྦྱོར་བ་དང་། གཞུང་དངོས་ཀྱི་འགྲེལ་བ་འཆད་པའོ།།


                     ལོ་རྒྱུས་ཀྱིས་མཚམས་སྦྱོར་བ།

     ཡོན་ཏན་གཞིར་གྱུར་མ་ཞེས་ཡོངས་སུ་གྲགས་པ་འདི་ནི། རྗེའི་གསུང་འབུམ་པོད་ཁ་པའི་བཀའ་འབུམ་ཐོར་བུའི་དབུ་རུ་བཞུགས་ཤིང་། དེ་ཡང་། བྱང་ཆུབ་ལམ་གྱི་རིམ་པའི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས་པའི་རིམ་པ་ལམ་མཆོག་སྒོ་འབྱེད་ཅེས་པའི་རྒྱ་ཆེན་སྤྱོད་རྒྱུད་དང་། ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པའི་བར་དུ་བཞུགས་པས། གསོལ་འདེབས་དེ་རྩོམ་པ་དང་དཀྱུས་གཅིག་ཏུ་བརྩམས་པར་གོར་མ་ཆག་ལ། དེ་ལྟར་ན། གཞུང་འདི་ནི་རྭ་སྒྲེང་དབེན་གནས་སུ་མཛད་པར་གོའོ།།

     ལོ་རྒྱུས་རྣམས་སུ་གསལ་བར་ལྟར་ན། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། ཆོས་རྗེ་རྣམ་གཉིས་འཁོར་དང་བཅས་པ་སླར་ར་སྒྲེང་དུ་བྱོན། བྲག་སེང་གེའི་ཞོལ་དུ་དབེན་གནས་བཏབ། ཆོས་རྗེ་ལོ་ཙྰ་བས་ནན་ཆེར་བསྐུལ་ཞིང་། གཞན་ཡང་གསོལ་བ་འདེབས་པ་དུ་མའི་ངོར། རྒྱལ་བའི་གསུང་རབ་མཐའ་དག་གི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་རྒྱས་པར་སྟོན་པའི་ལམ་རིམ་ཆེན་མོའི་རྩོམ་པ་མཛད།[1] ཅེས་གསལ་བ་ལྟར། རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་༤༦ ལ་ཕེབས་པའི་སྐབས་བྱང་ཆུབ་ལམ་རིམ་ཆེན་མོ་མཛད་པ་ཡིན་པས། ཡོན་ཏན་གཞིར་གྱུར་མ་འདི་ཡང་དེའི་སྔ་རྗེས་ཙམ་ལ་མཛད་པ་ཡིན་པ་ནི་ལོ་རྒྱུས་ཀྱི་ཁོག་ལ་བལྟས་ན་ཤེས་ཐུབ།

     དེ་ལྟར། བྱང་ཆུབ་ལམ་གྱི་རིམ་པ་ནི། བདག་ཅག་གི་སྟོན་པ་ནས་བྱམས་མགོན་དང་། བྱམས་དགོན་ནས་འཕགས་པ་ཐོགས་མེད་སོགས་ལ་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་དང་། བདག་ཅག་གི་སྟོན་པ་ནས་འཇམ་དབྱངས་དང་། འཇམ་དབྱངས་ནས་ཀླུ་སྒྲུབ་ལ་བརྒྱུད་པའི་ཟབ་མོ་ལྟ་རྒྱུད་ཀྱི་གདམས་པ་མ་ལུས་པ་ཆུ་བོ་གཅིག་ཏུ་འདྲེས་པ་ལྟ་བུ་ཡིན་པས། རྒྱ་ཆེན་སྤྱོད་རྒྱུད་དང་། ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་གོང་མ་རྣམས་ལ་མཆོད་པ་བརྗོད་ཅིང་གསོལ་བ་འདེབས་པའི་བར་དུ་ལམ་རིམ་གྱི་གནད་ཡོངས་སུ་བསྡུས་པ་འདི་མཛད་པར་སྣང་།   

དེ་ཡང་གཞུང་འདི་ནི་ཚིག་མགོ་དང་པོ་དེ་ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ།། ཡོད་པས། ཚིག་མགོ་ལས་བཏུས་ཏེ་གཞུང་འདིའི་མཚན་ལའང་ཡོན་ཏན་གཞིར་གྱུར་མ་ཞེས་ཕྱིས་ཀྱི་མཁས་པ་དག་གིས་གསུངས་སོ་སྙམ། ། 

     དེ་ཡང་། རྗེ་བཙུན་བྱམས་མགོན་ནས་འཕགས་པ་ཐོགས་མེད་བཅས་སུ་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་དང་། རྗེ་བཙུན་འཇམ་དབྱངས་ནས་དཔལ་མགོན་ཀླུ་སྒྲུབ་བཅས་སུ་བརྒྱུད་པའི་ཟབ་མོ་ལྟ་རྒྱུད་ཀྱི་གདམས་པ་ཡོངས་སུ་རྫོགས་པའི་མཛོད་འཛིན་པ་དཔལ་མར་མེ་མཛད་ཀྱིས་བྱང་ཆུབ་ལམ་སྒྲོན་མཛད་པ་དེའི་དོན་རྣམས་རྒྱས་པར་བཀྲལ་བའི་རྗེ་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེན་མོ་ཞེས་བྱ་བ་དེའི་སྙིང་པོ་རྣམས་དཀྱུས་གཅིག་ཏུ་བཤར་སྒོམ་བྱེད་བདེ་བ་དང་། གོ་རིམ་སྒྲིག་སླ་བའི་ཁྱད་ཆོས་ལྡན་པའི་གཞུང་ཚིག་ཉུང་ལ་དོན་ཡོངས་སུ་འདྲིལ་བ་ནི་ཡོན་ཏན་གཞིར་གྱུར་མ་འདི་ཡིན།

          
               
གཉིས་པ་ཡོན་ཏན་གཞིར་གྱུར་མའི་འགྲེལ་བ་དངོས་འཆད་པ་ལ།
·  ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་བཤད་པ།
·  བསྟེན་ནས་བློ་ཇི་ལྟར་སྦྱོང་བ།


               ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་བཤད་པ།
   
ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། ། 
ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། ། 
ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། ། 
གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །

ཞེས་གསུངས་ཏེ། འཇིག་རྟེན་པའི་ལེགས་ཚོགས་ཐམས་ཅད་དང་། ཐར་པའི་ཡོན་ཏན་ཀུན་གྱི་གཞིའམ་རྩ་བར་གྱུར་པའི་དྲིན་ཅན་གྱི་རྗེའམ་བཤེས་གཉེན་དམ་པ་བསམ་པ་དང་སྦྱོར་བས་སྲོག་ལ་བབ་ཀྱང་ཚུལ་བཞིན་དུ་བསྟེན་པ་ནི། ལམ་མམ་ཡོན་ཏན་ཅི་འདྲ་ཞིག་རྒྱུད་ལ་སྐྱེ་བའི་རྩ་བའམ་སྒོ་ལྟ་བུར་རང་ཉིད་ཀྱིས་ལེགས་པར་མཐོང་ཞིང་། ངེས་པའི་སྟེང་ནས། རྟག་གུས་ཀྱི་སྦྱོར་བའི་འབད་པ་དུ་མ་ཡིས། རང་ཉིད་ཀྱི་མིག་གི་འབྲས་བུ་བཞིན་གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས་པ་དང་། དེ་ལྟར་བསྟེན་ནུས་པའི་དངོས་གྲུབ་སྩོལ་ཅིག་ཅེས་གསོལ་བ་འདེབས་པའོ།། 

དེ་ཡང་ལམ་རིམ་དང་སྦྱར་ན། མདོ་སྡེ་རྒྱན་ལས་གསུངས་པའི་བཤེས་གཉེན་གྱི་ཡོན་ཏན་བཅུ་པོ་ངོས་བཟུང་ནས། བཤེས་གཉེན་མཚན་ཉིད་ཚང་བ་ཞིག་འཚོལ་བའི་ཐབས་ལ་འབད་དགོས་ལ། དེ་ཡང་བཤེས་གཉེན་ཡོད་པ་ཙམ་གྱིས་མི་ཆོག་པར་རང་ཉིད་སློབ་མའི་མཚན་ཉིད་མི་ཚང་ན་ཅི་ཡང་མི་ཡོང་བས། བཞི་བརྒྱ་པ་ལས་གསུངས་པའི་སློབ་མའི་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བའི་མཚན་ཉིད་ལྡན་པ་བྱས་ཏེ། བསམ་པ་དང་སྦྱོར་བས་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ཚུལ་ཤེས་དགོས་ལ། དེ་ཡང་བསྟེན་པའི་ཕན་ཡོན་དང་། མ་བསྟེན་པའི་ཉེས་དམིགས་བཅས་ལེགས་པར་ངེས་པའི་སྟེང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བའི་དད་པ་དང་དམ་ཚིག་བརྟན་པོ་རེ་དང་ལྡན་པར་བྱས་ན། ལེགས་ཚོགས་ཐམས་ཅད་རང་རྒྱུད་ལ་སྐྱེ་བར་གདོན་མི་ཟ་བས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ནི། རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ཡིན་པས་ཤིན་ཏུ་ནས་གནད་ཆེའོ།། 


གཉིས་པ། བསྟེན་ནས་བློ་ཇི་ལྟར་སྦྱོང་བ་ལ། 
1.  དལ་འབྱོར་རྙེད་དཀའ་ཞིང་སྙིང་པོ་ལེན་འདོད་སྦྱོང་བ།
2. སྙིང་པོ་ལེན་ཚུལ་བཤད་པ།

  
དལ་འབྱོར་རྙེད་དཀའ་ཞིང་སྙིང་པོ་ལེན་འདོད་སྦྱོང་བ།

ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། ། 
ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས། ། 
ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། ། 
རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །

  ཞེས་གསུངས་ཏེ། ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ལན་གཅིག་ཙམ་ལ་རྙེད་པའི་དལ་བ་བརྒྱད་པ་དང་འབྱོར་བ་བཅུ་ཚང་བའི་དལ་འབྱོར་གྱི་རྟེན་བཟང་པོ་འདི་ཆེས་ཤིན་ཏུ་ནས་ཀྱང་ཤིན་ཏུ་རྙེད་དཀའ་ཞིང་། རྙེད་ན་དོན་ཆེན་པོ་ཡིན་པར་ཤེས་པར་གྱུར་ནས། ཉིན་མཚན་དུས་དྲུག་ཏུ་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་བློ་བཅོས་མ་མ་ཡིན་པ་ཞིག་རྒྱུན་ཆད་པར་མེད་པར་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ།།
     
དེ་ཡང་ལམ་རིམ་དང་སྦྱར་ན། དལ་བ་བརྒྱད་དང་། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་བཅས་འབྱོར་བ་བཅུ་ཚང་བའི་དལ་འབྱོར་ངོས་བཟུང་བ་དང་། དེ་དོན་ཆེ་བ་དང་། རྙེད་དཀའ་བའི་ཁྱད་ཆོས་རྣམས་རུས་སྦལ་དང་གཉའ་ཤིང་གི་དཔེ་ལྟར་ངེས་པར་བྱས་ནས། སྐད་ཅིག་ཙམ་ལའང་དལ་བའི་རྟེན་འདི་ཆུད་ཟོས་སུ་མི་འགྲོ་བའི་ཐབས་ལ་འབད་དགོས་པ་ཡིན། 

སྙིང་པོ་ལེན་ཚུལ་བཤད་པ་ལ།
·  སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་སློབ་ཚུལ།
·  སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་སློབ་ཚུལ།
·  སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་སློབ་ཚུལ།

     སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་སློབ་ཚུལ།
§ འཆི་བ་མི་རྟག་པ་སྒོམ་པ་ལ་སློབ་ཚུལ་བཤད་པ།
§ ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྒོམ་ཚུལ་བཤད་པ།

               
འཆི་བ་མི་རྟག་པ་སྒོམ་པ་ལ་སློབ་ཚུལ་བཤད་པ།

ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། ། 
མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌། ། 

  ཞེས་གསུངས་ཏེ། ཤིན་ཏུ་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བའི་རྟེན་ཁྱད་པར་ཅན་འདི་རྙེད་དུ་ཟིན་ཀྱང་། རྟེན་འདི་ཡི་ལུས་དང་སྲོག་ནི་ཆུ་ཡི་ཆུ་བུར་བཞིན་མྱུར་དུ་འཇིག་པའི་བདག་ཉིད་ཅན་ཡིན་པས། རྟེན་འདི་ལ་ཆགས་པ་དང་། རྟེན་འདི་ལ་གནོད་པ་བྱེད་པ་དག་ལ་སྡང་བའི་བློ་ཡོངས་སུ་དོར་ནས་འཆི་བ་མི་རྟག་པ་རྗེས་སུ་དྲན་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ།། དང་ཞེས་པས་ནི། འོག་ནས་ནས་བྱིན་གྱིས་རློབས་ཞེས་པ་ཀུན་ལ་སྦྱོར་དགོས་པས་སྡུད་པའི་སྒྲའོ།། 

     ལམ་རིམ་དང་སྦྱར་ན། ཚེ་འདིར་ཡུན་དུ་མི་སྡོད་པའི་འཆི་བ་མི་རྟག་པ་སྒོམ་ཞིང་། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་དགོས་པ་གནད་ཆེ་བས། དེ་ཡང་། དང་པོ། འཆི་བདག་ངེས་པར་འོང་ལ་དེའང་རྐྱེན་གྱིས་བཟློག་ཏུ་མེད་པ་དང་། ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པ་དང་། གསོན་པའི་ཚེ་ནའང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བའི་རྒྱུ་མཚན་གསུམ་ལ་བརྟེན་ནས། ངེས་པར་འཆི་བ་བསམ་དགོས་ཤིང་། དེར་བརྟེན། དེའི་ཕྱིར་དུ་ཆོས་ངེས་པར་བྱའོ་སྙམ་པའི་ཐག་གཅོད་བརྟན་པོ་ཞིག་བྱེད་དགོས་སོ།།
གཉིས་པ། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་དང་། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་དང་། ལུས་ཤིན་ཏུ་ཉམ་ཆུང་བ་བཅས་ཀྱི་རྒྱུ་མཚན་གསུམ་ལ་བརྟེན་ནས། ནམ་འཆི་ངེས་པ་མེད་པ་བསམ་དགོས་ཤིང་། དེར་བརྟེན། དེའི་ཕྱིར་དུ་ཆོས་ད་ལྟ་ཉིད་དུ་བྱེད་དགོས་པའི་ཐག་གཅོད་བརྟན་པོ་ཞིག་བྱེད་དགོས་སོ།།
གསུམ་པ། འཆི་བའི་ཚེ་ལུས་ཀྱིས་མི་ཕན། ལོངས་སྤྱོད་ཀྱིས་མི་ཕན། གཉེན་གྱིས་ཀྱང་མི་ཕན་པའི་རྒྱུ་མཚན་གསུམ་ལ་བརྟེན་ནས། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་བསམ་དགོས་ཤིང་། དེར་བརྟེན། དེའི་ཕྱིར་དུ་སེམས་པ་གཏིང་ནས་ད་ནི་ཆོས་ཁོ་ན་ལ་གཞན་མི་བྱ་བའོ་སྙམ་པའི་ཐག་གཅོད་བརྟན་པོ་ཞིག་བྱེད་དགོས་སོ།།


ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྒོམ་ཚུལ་བཤད་པ།

ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན། ། 
དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །
ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། ། 
ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌། ། 
དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། ། 
རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། །

     ཞེས་གསུངས་ཏེ། རྟེན་འདི་ཉིད་རྣམ་ཤེས་དང་བྲལ་བའི་ཤི་བའི་རྗེས་སུ་རང་ཉིད་ཀྱི་ལུས་དང་ལུས་ལ་བརྟེན་པའི་གྲིབ་མའམ་གྲིབ་ནག་ཇི་ལྟ་བ་བཞིན་དུ། ལས་དཀར་པོ་ལ་འབྲས་བུ་དཀར་པོ་དང་། ལས་ནག་པོ་ལ་འབྲས་བུ་ནག་པོ་ཕྱི་བཞིན་འབྲང་བ་སྟེ། དེ་དང་རྣམ་པ་ཐམས་ཅད་དུ་ལྷན་ཅིག་ཏུ་འགྲོ་བ་ལ་སེམས་པ་གཏིང་ནས་ངེས་པ་རྙེད་དེ།  འབྲས་བུ་ནག་པོའམ་སྡུག་བསྔལ་སྐྱེད་པར་བྱེད་པའི་ལས་ནག་པོའི་ལས་ཉེས་པའི་ཚོགས་ཕྲ་ཞིང་ཕྲ་བ་སྟེ་ཆུང་ངུ་རྣམས་ཀྱང་གཉེན་པོ་སྟོབས་བཞིའི་སྒོ་ནས་སྤོང་བ་དང་། འབྲས་བུ་དཀར་པོ་སྟེ་བདེ་བ་སྐྱེད་པར་བྱེད་པའི་དཀར་པོའི་ལས་དགེ་བའི་ཚོགས་མཐའ་དག་ཅི་ནུས་ཀྱིས་སྒྲུབ་ཅིང་གསོག་པར་བྱེད་པ་ལ། དུས་དང་གནས་སྐབས་ཐམས་ཅད་དུ་རང་ཉིད་ཀྱི་སྒོ་གསུམ་གྱི་སྤྱོད་ལ་ལ་བག་ཡོད་བསྟེན་ནུས་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ།།
  ཚིགས་སུ་བཅད་པ་འདིས་ནི། རང་ཉིད་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྟན་ཅིང་། དེ་ཡང་། དེ་ལས་སྐྱོབ་མཁན་ནི་དཀོན་མཆོག་གསུམ་ཡིན་པས། མཆོག་གསུམ་ལ་གསོལ་འདེབས་ཀྱང་འདིས་ཤུགས་ལ་བསྟན་པར་སེམས་སོ།།  

  ལམ་རིམ་དང་སྦྱར་ན། ཤི་བའི་འོག་ཏུ་སྡིག་པ་མི་དགེ་བའི་འབྲས་བུར་དམྱལ་བ་དང་། ཡི་དྭགས། དུད་འགྲོ་བཅས་སུ་སྐྱེ་ཞིང་། དེ་ཡང་། དམྱལ་བར་སྐྱེས་ན། དམྱལ་བ་ཆེན་པོ་དང་། ཉེ་འཁོར་བའི་དམྱལ་བ་དང་། གྲང་བའི་དམྱལ་བ་དང་། ཉི་ཚེ་བའི་དམྱལ་བ་བཅས་བཞི་ཡོད་པ་ལས། དམྱལ་བ་ཆེན་པོ་ལའང་ཡང་སོས་སོགས་བརྒྱད་དང་། གྲང་བའི་དམྱལ་བ་ལའང་ཆུ་བུར་ཅན་སོགས་བརྒྱད་བཅས་ཀྱི་སྡུག་བསྔལ་རྣམས་བསམ་དགོས་ཤིང་། 
  ཡི་དྭགས་སུ་སྐྱེས་ན་ཡང་། ཟས་སྐོམ་ལ་ཕྱི་དང་ནང་གི་སྒྲིབ་པ་དང་། ཟས་སྐོམ་ཉིད་ལ་སྒྲིབ་པ་ཡོད་པའི་སྡུག་བསྔལ་རྣམས་བསམ་དགོས་ཤིང་། དེ་བཞིན་དུད་འགྲོར་སྐྱེས་ན་ཡང་། གཞན་གྱིས་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་། གླེན་ཞིང་གཏི་མུག་པའི་སྡུག་བཅས་སོགས་བསམས་ནས། དེ་དག་ལས་ཐར་བ་ཞིག་ཅིས་ཀྱང་བྱ་དགོས་སྙམ་པའི་ཐར་འདོད་ཤུགས་དྲག་ཅིག་བསྐྱེད་ན། ད་གཟོད། དེ་དག་ལས་ཐར་བའི་ལམ་སྟོན་པ་པོ་སངས་རྒྱས་དང་། ལམ་དངོས་ཆོས་དང་། ལམ་དེ་སྒྲུབ་པའི་ཟླ་གྲོགས་དགེ་འདུན་བཅས་དཀོན་མཆོག་གསུམ་ལ་དད་པ་ཤུགས་དྲག་སྐྱེས་ཤིང་། དེ་དག་གིས་གདམས་པའི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་འབད་ན་གོང་དུ་སྨྲོས་པའི་སྡུག་བསྔལ་དེ་དག་ལས་ཐར་བར་འགྱུར་བར་བསམས་ནས་ཞེ་ཐག་པ་ནས། མཆོག་གསུམ་ལ་དད་པ་དང་། ལས་འབྲས་ལ་ཡིད་ཆེས་ལྡོག་ཏུ་མེད་པ་རེ་བསྐྱེད་པ་ལ་བརྩོན་དགོས་པ་ཡིན་ནོ།། 

སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་སློབ་ཚུལ།
·  འཁོར་བ་ལས་ངེས་པར་འབྱུང་ཚུལ་བསྟན་པ།
·  ངེས་པར་འབྱུང་ནས་ལམ་ལ་སློབ་ཚུལ།

འཁོར་བ་ལས་ངེས་པར་འབྱུང་ཚུལ་བསྟན་པ།

སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། ། 
ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། ། 
ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། ། 
དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས། །

  ཞེས་གསུངས་ཏེ། གོང་དུ་བཤད་པའི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཙམ་བསྲུང་བས་བདེ་འགྲོའི་གོ་འཕང་ཐོབ་ཏུ་ཟིན་ཀྱང་། འདི་ཡང་འཁོར་བའི་གནས་ལས་མ་འདས་པས། འདིའི་བདེ་བ་དང་ལོངས་སྤྱོད་ལ་ཇི་ཙམ་སྤྱད་པས་ནམ་ཡང་སེམས་མི་ངོམས་ཤིང་། སླར་ཡང་སྡུག་བསྔལ་བརྒྱད་དང་དྲུག་དང་གསུམ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཀུན་གྱི་སྒོ་ལྟ་བུ་ཡིན་པས། སྲིད་པ་འཁོར་བའི་ཕུན་ཚོགས་ཅི་འདྲ་ཞིག་ལའང་ཡིད་བརྟན་མི་རུང་བར་མ་ཟད། སྲིད་པའི་ཕུན་ཚོགས་ཀྱི་ཉེས་དམིགས་དང་སྐྱོན་རྣམས་རིག་པའི་སྒོ་ནས་གཏན་གྱི་བདེ་བ་ཐར་པ་མི་གནས་པའི་མྱང་འདས་ཀྱི་བདེ་བ་འཐོབ་འདོད་ཀྱི་དོན་གཉེར་ཆེན་པོ་ཟློག་ཏུ་མེད་པ་ཞིག་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ།།
     
ལམ་རིམ་དང་སྦྱར་ན། འཁོར་བའི་སྡུག་བསྔལ་བསམ་པ་ན། འཁོར་བ་སྤྱིའི་སྡུག་བསྔལ་བརྒྱད། དྲུག གསུམ་བཅས་བསམ་པ་དང་། སོ་སོའི་དབང་དུ་བྱས་ན་ཡང་། དམྱལ་བ་ཡི་དྭགས་དུད་འགྲོ་བཅས་ཀྱི་སྡུག་བསྔལ་ནི་གོང་དུ་སྨྲོས་པ་དེ་ལྟར་དང་། འདིར་དམིགས་ཀྱིས་བཀར་ནས། ལྷ་དང་མིའི་སྡུག་བསྔལ་བསམ་པ་དགོས་པས། འདོད་ལྷའི་འཆི་འཕོ་བ་དང་། སྤ་བཀོང་བ། བཅད་དྲལ་བསད་སྦྱུག་གི་སྡུག་བསྔལ་རྣམས་དང་། ཁམས་གོང་མའི་ལྷ་རྣམས་ཀྱི་འཆི་འཕོ་བ་དང་གནས་པ་ལ་རང་དབང་མེད་པའི་སྡུག་བསྔལ་རྣམས་བསམ་དགོས་པ་དང་། མི་ལའང་སྐྱེ་རྒ་ན་འཆི་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ། སྡུག་པ་དང་བྲལ་བའི་སྡུག་བསྔལ། འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ། ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་(འདི་འཁོར་བ་སྤྱིའི་སྡུག་བསྔལ་ལ་གསུངས་ཀྱང་མི་ལ་འདི་དག་ཤིན་ཏུ་འཚམས་པས་འདིར་བྲིས་པ་ཡིན། ) བཅས་བསམ་པའི་སྟེང་ནས་ཐར་པ་དོན་གཉེར་གྱི་བློ་ཤུགས་དྲག་པོ་བསྐྱེད་པ་ལ་བརྩོན་དགོས་སོ།།

ངེས་པར་འབྱུང་ནས་ལམ་ལ་སློབ་ཚུལ། 

རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། ། 
དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས། ། 
བསྟན་པའི་རྩ་བ་སོ་སོ་ཐར་པ་ལ། ། 
སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །

  ཞེས་གསུངས་ཏེ། དེ་ལྟར་གོང་དུ་གསུངས་པའི་འཁོར་བ་ངེས་པར་འབྱུང་བའི་རྣམ་པར་དག་པའི་བསམ་པའམ་ངེས་འབྱུང་དེ་ཡིས་དྲངས་པ་ཡི། རྒྱུན་དུ་རང་གི་སྒོ་གསུམ་གྱི་སྤྱོད་པ་ལ་དྲན་པ་དང་། ཤེས་བཞིན། བག་ཡོད་ཆེན་པོ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པའི་རྩ་བ་སོ་སོར་ཐར་པ་ཚུལ་བཞིན་དུ་སྲུང་བའི་སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ།། ཚིགས་སུ་བཅད་པ་འདིས་ནི། དངོས་སུ་སོར་ཐར་ལ་གསུངས་ཀྱང་། ཤུགས་ལ་མི་རྟག་སོགས་བཅུ་དྲུག་སྒོམ་པའི་ལམ་སོགས་ལ་སློབ་པའི་བྱིན་རླབས་སྩོལ་ཅིག་ཅེས་ཀྱང་གསོལ་བ་འདེབས་པའོ།།

ལམ་རིམ་དང་སྦྱར་ན། དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁྱམས་པ་དང་། བདེན་པ་བཞིའི་སྟེང་ནས་འཁོར་བར་འཇུག་ལྡོག་གི་རིམ་པ་རྣམས་ལ་བློ་སྦྱངས་ཏེ། ཉོན་མོངས་སྤྱི་དང་བྱེ་བྲག་སོ་སོའི་མཚན་ཉིད་དང་བྱེད་ལས་རྣམས་ཤེས་པ་དང་། དེ་དག་གིས་ལས་ཇི་ལྟར་གསོག་ཚུལ་དང། ལམ་ཅི་འདྲ་ཞིག་སྒོམ་པས་དེ་དག་ལྡོག་པའི་ཚུལ་རྣམས་ལ་ངེས་ཤེས་འདྲོངས་ངེས་ཤིག་བྱེད་དགོས་པ་ནི་གནད་ཀྱི་དམ་པའོ།།



སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་སློབ་ཚུལ་ལ།
·  སྨོན་སེམས་བསྐྱེད་པ་ལ་སློབ་ཚུལ།
·  སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་རིམ་པ་བཤད་པ།
·  ཁྱད་པར་དུ་ཕར་ཕྱིན་མཐའ་མ་གཉིས་ལ་སློབ་ཚུལ།


སྨོན་སེམས་བསྐྱེད་པ་ལ་སློབ་ཚུལ།

རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། ། 
མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། ། 
མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། ། 
བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །

          ཞེས་གསུངས་ཏེ། རང་ཉིད་འཁོར་བའི་གནས་སུ་ལྷུང་ནས་སྡུག་བསྔལ་གསུམ་གྱིས་རྒྱུན་དུ་གཙེས་པའི་སྡུག་བསྔལ་རྣམས་ལས་ཅིས་ཀྱང་ཐར་ན་སྙམ་པའི་ངེས་འབྱུང་རྣམ་དག་སྐྱེས་པ་དེ་ལྟར་ན་ཡང་། རང་ཉིད་སྲིད་པའི་རྒྱ་མཚོ་ཆེན་པོར་ལྷུང་བའི་ཉམ་ང་བའི་གནས་སྟངས་དེ་བཞིན་དུ། མར་གྱུར་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཀུན་ཀྱང་དེ་དང་འདྲ་བ་ཤ་སྟག་ཡིན་པར་མཐོང་ནས། རང་ཉིད་གཅིག་པུར་འཁོར་བ་ལས་ཐར་བའི་སེམས་ཙམ་མིན་པར། འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བའི་གནས་ལས་སྒྲོལ་བའི་ཁུར་རམ་ལྷག་བསམ་རང་ཉིད་ཀྱི་ཕྲག་ཏུ་འཁྱེར་བའི་འདུན་པ་གཉིས་དང་ལྡན་པའི་བྱང་ཆུབ་སེམས་མཆོག་འབྱོངས་པའམ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་གསོལ་འདེབས་པའོ།།
     ལམ་རིམ་དང་སྦྱར་ན། རྐྱེན་བཞི་དང་། རྒྱུ་བཞི། སྟོབས་བཞི་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེད་པ་ལ་བརྩོན་ཞིང་། དེ་ཡང་། ཇོ་བོ་རྗེའི་གཞུང་ལ་བརྟེན་པའི་རྒྱུ་འབྲས་མན་ངག་བདུན་པ་སྟེ། མར་ཤེས། དྲིན་དྲན། དྲིན་གཟོ། ཡིད་འོངས་ཀྱི་བྱམས་པ། སྙིང་རྗེ། ལྷག་བསམ་བཅས་རྒྱུ་དྲུག་གི་སྒོ་ནས་འབྲས་བུ་བྱང་ཆུབ་ཀྱི་སེམས་སྐྱེད་པ་དང་། འཕགས་པ་ཞི་བ་ལྷའི་གཞུང་ལ་བརྟེན་ནས། བདག་གཞན་བརྗེ་བའི་ཕན་ཡོན་དང་། མ་བརྗེ་བའི་ཉེས་དམིགས། གོམས་ན་བསྐྱེད་ནུས་པ་དང་། བདག་གཞན་བརྗེ་བའི་ཚུལ་གོ་རིམ་དང་བཅས་པའི་སྒོ་ནས་བདག་གཞན་མཉམ་བརྗེས་སེམས་སྦྱོང་བའི་རིམ་པ་རྣམས་རེ་རེ་བཞིན་དུ་ཐོས་ཤིང་། བསམ་པ་དང་། བསམ་པའི་དོན་རྣམས་གོམས་ཤིས་འདྲིས་པར་བྱེད་པ་ལ་བརྩོན་དགོས་པ་ཡིན། 

སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་རིམ་པ་བཤད་པ།
·    ཐེག་པ་ཆེན་པོ་སྤྱི་ལ་སློབ་ཚུལ།
·    ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་སློབ་ཚུལ།

ཐེག་པ་ཆེན་པོ་སྤྱི་ལ་སློབ་ཚུལ།
·    སྤྱོད་པ་སྤྱི་ལ་སློབ་པའི་ཚུལ།
·    ཁྱད་པར་དུ་ཕར་ཕྱིན་མཐའ་མ་གཉིས་ལ་སློབ་པའི་ཚུལ།


སྤྱོད་པ་སྤྱི་ལ་སློབ་པའི་ཚུལ།

སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། ། 
གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། ། 
ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། ། 
བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས། །

ཞེས་གསུངས་ཏེ། འགྲོ་བ་སེམས་ཅན་གྱི་ཆེད་དུ་བླ་མེད་བྱང་ཆུབ་ཀྱི་གོ་འཕང་འཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་ཙམ་བསྐྱེད་ཀྱང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཅས་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་ལ་གོམས་ཤིང་འདྲིས་པ་མེད་ན། སྨོན་པ་ཙམ་གྱིས་བླ་མེད་ཀྱི་བྱང་ཆུབ་མི་འགྲུབ་པར་ལེགས་པར་མཐོང་ནས། རྒྱལ་སྲས་བྱང་ཆུབ་སེམས་དཔའི་རང་རྒྱུད་སྨིན་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གཞན་རྒྱུད་སྨིན་པར་བྱེད་བསྡུ་བའི་དངོས་པོ་བཞི་ལ་སོགས་པའི་རྒྱལ་སྲས་ཀྱི་སྡོམ་པའམ་བསླབ་པ་ལ་བརྩོན་པ་ཤུགས་དྲག་པོས་སློབ་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ།།

ལམ་རིམ་དང་སྦྱར་ན། རང་གི་རྒྱུད་སྨིན་པར་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་དྲུག་ལ་རེ་རེ་བཞིན་སློབ་པ་དང་། གཞན་གྱི་རྒྱུད་སྨིན་པར་བྱེད་པའི་བསྡུ་བའི་དངོས་པོ་བཞི་སྟེ།  མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་བཅས་ལ་སློབ་དགོས་པ་ནི་ལམ་རིམ་གྱི་གཞུང་རང་ལས་གསལ་བ་བཞིན་འབད་དགོས་པ་ཡིན།


ཁྱད་པར་དུ་ཕར་ཕྱིན་མཐའ་མ་གཉིས་ལ་སློབ་ཚུལ།

ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང༌། ། 
ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡི། ། 
ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། ། 
མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

     ཞེས་གསུངས་ཏེ། རང་ཉིད་དགེ་བའི་བྱ་བ་གང་ལ་འཇུག་ཀྱང་ས་ཆོད་ཆེན་པོ་ཞིག་མི་ཡོང་བ་ནི་ཞི་ལྷག་གི་ཉམས་ལེན་མེད་པས་ཡིན་པས། ལོག་པའི་ཡུལ་ལ་སེམས་ཕྱི་རོལ་ཏུ་གཡེང་བའི་རྒོད་པ་སོགས་ཞི་བར་བྱེད་པའི་ཞི་གནས་མཚན་ཉིད་པ་དང་། ཡང་དག་པའི་དོན་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་ཚུལ་བཞིན་དུ་དཔྱོད་པའི་ལྷག་མཐོང་གཉིས་ཟུང་དུ་འབྲེལ་བའི་ལམ་སྒོམ་པའི་རྣལ་འབྱོར་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ།།

     ལམ་རིམ་དང་སྦྱར་ན། ཞི་གནས་ཀྱི་ཚོགས་ཁྱད་ཆོས་དྲུག་དང་ལྡན་པ་དེ་ལ་བརྟེན་ནས། ཞི་གནས་སྒོམ་པའི་གེགས་གཙོ་བོ་བྱིང་རྒོད་ཕྲ་རགས་ཀྱི་ཁྱད་པར་ལེགས་པོར་ཤེས་ཤིང་། དེ་ནས། སེམས་གནས་སྐྱེ་བའི་རིམ་པ་དགུ་ཡི་སྒོ་ནས་ཞི་གནས་འགྲུབ་པའི་ཚུལ་དང་། ཞི་གནས་དང་ལྡན་པའི་སྟེང་ནས། ཆོས་རྣམས་ཀྱི་ཡིན་ལུགས་ལ་དཔྱད་པའི་ལྷག་མཐོང་བསྐྱེད་དེ་ཞི་ལྷག་གཉིས་ཟུང་དུ་འབྲེལ་དགོས་པ་ནི་གནད་ཀྱི་དམ་པ་ཡིན་ལ། དེའི་ཕྱིར། རིགས་པའི་དགག་བྱ་ངོས་འཛིན་པ་དང་། དེ་འགོག་པ་ཐལ་རང་རང་གི་བྱེད་པ། བྱེད་པ་དེ་ལ་བརྟེན་ནས་ལྟ་བ་རྒྱུད་ལ་སྐྱེད་པའི་ཚུལ་རྣམས་ངེས་པར་བྱ་ལ། དེ་ཡང་། མདོར་ན། ཆོས་དང་གང་ཟག་ཐམས་ཅད་མིང་དང་རྟོག་པས་ཕར་བཏགས་པ་ཙམ་ལས། བཏགས་དོན་བཙལ་བའི་ཚེ་ན་དེ་དག་གི་མཚན་གཞིར་རུང་བ་རྡུལ་ཙམ་ཡང་མེད་པ་ལ་ངེས་པ་རྙེད་དགོས་པ་དང་། ཕུང་སོགས་ཀྱི་ཆོས་རྣམས་རང་གི་ངོས་ནས་གྲུབ་པ་ཅུང་ཙམ་ཡང་མེད་ཀྱང་། ཐ་སྙད་དུ་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་བདེ་བླག་ཏུ་འཇོག་ཐུབ་པའི་ལྟ་བའི་དཀའ་ས་མཐར་ཐུག་པ་འདི་ཉིད་ལ་འབད་པ་དུ་མས་བརྩོན་དགོས་པ་ཡིན་ནོ།།

འབྲས་བུའི་ཐེག་པ་གསང་སྔགས་ལ་སློབ་ཚུལ་བཤད་པ།
·  གསང་སྔགས་ལ་འཇུག་པའི་རིམ་པ་བཤད་པ།
·  གསང་སྔགས་ལ་འཇུག་པའི་སྒོ་བཤད་པ།
·  གསང་སྔགས་ཉམས་སུ་ལེན་ཚུལ་བཤད་པ།

གསང་སྔགས་ལ་འཇུག་པའི་རིམ་པ་བཤད་པ།

ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། ། 
ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག ། 
སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། ། 
བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །

  ཞེས་གསུངས་ཏེ། དེ་ལྟར་གོང་དུ་བཤད་པའི་ལམ་ཐུན་མོང་བ་སྟེ། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་དང་། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་བློ་སྦྱངས་པའི་སྣོད་དུ་གྱུར་པ་ན། ཐེག་པ་ཀུན་གྱི་མཆོག་ཏུ་གྱུར་པ། ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བདེ་བླག་ཏུ་སྟེར་བའི་རྡོ་རྗེ་ཐེག་པ་ཞེས་བྱ་བ། སྐལ་བ་བཟང་བའི་སྐྱེ་བོ་དག་གི་འཇུག་ངོགས་ཆེས་མཆོག་ཏུ་གྱུར་པའི་འཇུག་སྒོ་དམ་པ་དེ་རུ་ཕྱི་ནང་གི་གེགས་བར་སོགས་མེད་པར་བདེ་བླག་ཏུ་འཇུག་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ།།


གསང་སྔགས་ལ་འཇུག་པའི་སྒོ་བཤད་པ།

དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། ། 
རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། ། 
བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། ། 
སྲོག་དང་བསྡོས་ཏེ་བསྲུང་བར་བྱིན་གྱིས་རློབས། །

  ཞེས་གསུངས་ཏེ། དེ་ལྟར་འབྲས་བུའི་ཐེག་པ་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་འཇུག་པ་དེའི་ཚེ་མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་གཉིས་འགྲུབ་པའི་གཞི་ནི། དབང་དུས་སུ་ཁས་བླངས་པའི་རྣམ་དག་དམ་ཚིག་དང་སྡོམ་པ་ཡིན་པར་རྒྱུད་སྡེ་ཀུན་ལས་གསུངས་པའི་དོན་ལ། རང་ཉིད་ཀྱིས་ངེས་པ་གཏིང་ནས་རྙེད་པར་གྱུར་ཏེ། དམ་ཚིག་དང་སྡོམ་པ་སྲོག་དང་བསྡོས་པའམ་རང་གི་སྲོག་བཞིན་དུ་སྲུང་བར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ།།

གསང་སྔགས་ཉམས་སུ་ལེན་ཚུལ་བཤད་པ།

དེ་ནས་རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི། ། 
གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། ། 
ཐུན་བཞིའི་རྣལ་འབྱོར་མཆོག་ལས་མི་གཡེལ་བར། ། 
དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། །

  ཞེས་གསུངས་ཏེ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུངས་ནས། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད་བཅས་ལ་རིམ་གཉིས་ཀྱི་དོད་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་དང་། བླ་ན་མེད་པའི་རྒྱུད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེའི་སྙཱིང་པོ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་ཀྱི་གནད་རྣམས་རྒྱུད་སྡེ་ནས་ཇི་ལྟར་གསུངས་པ་བཞིན་རྟོགས་ནས་བརྩོན་པ་གཡོ་བ་མེད་པ་ཡིས། ཐོ་རངས། སྔ་དྲོ། ཉིན་གུང་། སྲོད་བཅས་ཀྱི་ཐུན་བཞིའི་རྣལ་འབྱོར་མཆོག་ལས་སྐད་ཅིག་ཙམ་ཡང་མི་གཡེལ་བར་ལམ་ཉམས་ལེན་གྱི་རིམ་པ་རྣམས་སྐྱེས་བུ་དམ་པའི་གསུང་ཇི་བཞིན་དུ་སྒྲུབ་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ།།

མཇུག་ཏུ་སྨོན་ལམ་བཤད་པ། 

དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌། ། 
ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌། །
ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། ། 
ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།།

  ཞེས་གསུངས་ཏེ། དེ་ལྟར་རྒྱུའི་ཐེག་པ་ཕ་རོལ་ཏུ་ཕྱིན་པ་དང་། འབྲས་བུའི་ཐེག་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་བཟང་པོ་དུས་རྣམ་ཀུན་ཏུ་བསླུ་བ་མེད་པའི་ལམ་ཡང་དག་པ་ཇི་བཞིན་དུ་སྟོན་པར་མཛད་པའི་དགེ་བཤེས་གཉེན་རྣམ་པ་དང་། ལམ་ཚུལ་བཞིན་དུ་སྒྲུབ་པའི་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ཞབས་ཟུང་བརྟན་ཅིང་། ཡང་དག་པའི་ལམ་བཟང་སྒྲུབ་པ་ལ་ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པའོ།། 

          མིག་གི་འབྲས་བཞིན་སྐྱོང་བའི་ཡབ་ཆེན་དང་།།
          ཐ་སྙད་རིག་གནས་སློབ་པའི་དགེ་རྒན་རྣམས།།
          ཡང་དག་ལམ་བཟང་སྟོན་པའི་བཤེས་གཉེན་ཚོགས།།
          ཐུགས་རབ་དགྱེས་པའི་མཆོད་སྤྲིན་འདི་ན་བཤམས།།

          ལོ་གསུམ་བྱིས་པའི་གོག་འགྲོས་ཀྱིས།།
          ལམ་རིམ་ཐང་ཆེན་བརྒལ་དཀའ་ཡང་།།
          མདུན་དུ་བསྐྱོད་པའི་འབད་པ་དེས།།
          ཡང་དག་ལམ་དང་ཉེ་བར་གྱུར།།

          ཇ་ཡུན་གཅིག་གི་ནང་དུ་ཚེགས་ཆུང་ངུས།།
          དོན་ཆེན་ལྷུག་པོར་འགྲེལ་བའི་གདེང་སྤོབས་འདི།།
          ཐ་སྙད་རིག་གནས་སྦྱོང་བའི་དྲིན་ཡིན་པས།།
          ཀུན་ཀྱང་རིག་གནས་སྨྲ་ལ་དབང་འཐོབ་ཤོག།

          ང་ཡི་བླ་མ་བློ་བཟང་གྲགས་པ་དེ།།
          དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས།།
          དག་པའི་ཞིང་ཁམས་གང་ན་བཞུགས་ཀྱང་རུང་།།
          བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག།

          ཅེས་ཡོན་ཏན་གཞིར་གྱུར་མའི་བསྡུས་འགྲེལ་བྱིས་པའི་གོག་འགྲོས་ཞེས་པ་འདི་ཡང་། ཉེ་བའི་ཆར་ཆོས་གྲོགས་ཤིག་གིས་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་འདི་ཉིད་ཉིན་སྟར་ཁ་འདོན་བགྱིད་ཁུལ་ཡིན་པས། འདིའི་འགྲེལ་བ་ཞིག་འབྲི་ཐུབ་ན་བསམ་པ་ཡོད་པས། དེ་རིང་ཕྱི་ལོ་ ༢༠༢༠ ཟླ་བ་ ༣ ཚེས་༢༨ ཉིན་གྱི་ཚོུད། ༦ ཙམ་ལ་མགོ་བརྩམས་ནས་ཚོུད། ༧ སྐར་མ་ ༢༤ ཙམ་སྟེ། ཚོུད། གཅིག་དང་ཕྱེད་ཀ་ཙམ་རིང་། དེང་གི་ཆར་རྒྱ་གར་ལྷོ་ཕྱོགས་སུ་ཚད་པ་ཤིན་ཏུ་ཆེ་བས་ཆུ་འགྱིག་དམ་གང་འཐུང་ཞོར་དུ་བྲིས་ཤིང་། བཏུངས་ཚར་བ་དང་འདི་མཇུག་གྲུབ་པར་བྱས་སོ།། །། 





[1] དད་པའི་འཇུག་ངོགས།  མཁས་གྲུབ་རྗེ།  བྱང་རྩེ་པར་མ། ཤོག་གྲངས། ༩༡