Tuesday, August 6, 2019

ངའི་རླབས་ཆེན་གྱི་ཨ་ཕ་དང་། ད་དུང་གསར་དུ་ངོ་འཕྲོད་པའི་ངའི་གཅེན་མོ།



                                                            བེ་རི་རྒྱལ་སྲས།

     ཁོ་བོ་ནུབ་ཕྱོགས་སུ་སླེབས་ནས་ཉིན་མ་བཅུ་གཉིས་ཕྱིན་པའི་མཚམས་དེར། ངའི་སྐད་འཕྲིན་ནང་མིང་བྱང་ལ་རྒྱ་ཡིག་བྲིས་པའི་མི་ཞིག་གིས་ང་ལ་གྲོགས་སྐུལ་སླེབས་བྱུང་། ངས་རྒྱ་ཡིག་མི་ཤེས་པས་མིང་ལ་ཅི་ཡིན་མ་ཤེས་ཀྱང་རྒྱུན་ལྡན་བཞིན་ངོས་ལེན་བྱས།    ཏོག་ཙམ་རྗེས་ང་ལ་རྒྱ་ཡིག་ནང་འཕྲིན་ཐུང་ཞིག་བསྐུར་བྱུང་བ་དེ་དྲ་ཐོག་ནས་དབྱིན་ཡིག་ཏུ་བསྒྱུར་སྐབས། ང་ཁྱེད་རང་གི་ཨ་ཅག་ཡིན། མིང་ལ་གཡུ་ལྷ་ཟེར། ཞེས་པ་ཞིག་རེད་འདུག  

          དེ་ནི། ང་ཨ་རིར་མ་ཐོན་གོང་གི་ཉིན་མ་བཅུ་ཙམ་གྱི་སྔོན། འབྲས་སྤུངས་སུ་སླེབས་སྐབས། དགེ་ག་མར་ལགས་སྙུང་གཞི་ལྕི་མོ་ཞིག་གིས་ཉལ་སར་ལུས་པ་དེར་སྙུང་འདྲི་ལ་སོང་། དེ་སྐབས། མཆུ་ལྤགས་སྐམ་ཞིང་། མིག་ཟུང་ཁོང་དུ་ལྷུང་བའི་དགེ་ག་མར་གྱིས།  ཁྱེད་ལ་ཨ་ཅག་ཅིག་ཡོད་རེད། དེ་དང་འབྲེལ་བ་བྱས་ན་ཡག་པོ་ཡོད་རེད། དེ་སྔོན་ཁྱོད་ཀྱི་ཕ་རྒན་འགྱུར་དགའ་ཡིས་ཁྱོད་ཀྱི་ཨ་མ་དང་ཆང་ས་མ་རྒྱབ་གོང་གི་བུད་མེད་གཞན་ཞིག་དང་ལྷན་དུ་བྱུང་བའི་བུ་མོ་ཞིག་རེད། མིང་ལ་གཡུ་ལྷ་ཟེར་རེད། འབྲེལ་བ་བྱོས་ཨ།ཟེར།  


          སྐད་ཆ་དེ་གོ་བ་དང་། ངའི་སྙིང་གི་སྦུབས་ནས་དགའ་བ་དང་ཁྲོ་བའི་ཚོར་བ་ཅིག་ཅར་དུ་གློག་འཁྱུག་པ་དང་ཆུ་ལོག་རྒྱུགས་པ་བཞིན་བྱུང་། དགའ་དགོས་པའི་རྒྱུ་མཚན་ནི། ཁོ་བོ་མི་ཡུལ་ས་མཐར་གྱར་པའི་ཁེར་རྐྱང་གི་འགྲུལ་བཞུད་རིང་མོ་འདིའི་ནང་། རང་ཉིད་ལ་ཕ་མ་གཅིག་པའི་སྤུན་མཆེད་གཅིག་ཀྱང་མེད་པར་མ་ཟད། བློ་གཏད་བཅོལ་ས་དང་། རེ་བ་བྱེད་ས་སུ་ཡང་མེད་པར་ཡོད་ཚད་རང་ཉིད་ལ་བརྟེན་དགོས་པའི་ཡ་ང་བའི་ལོ་ཟླ་སྐྱུར་མོ་འདི་དག་གི་རིང་། ཕ་གཅིག་པའི་ཨ་ཅག་ཅིག་ཐོབ་པ་དེ་ནི། ཅིས་ཀྱང་སེམས་དགའ་འོས་པ་ཞིག་ལོས་ཡིན།  

          དྲང་པོར་བཤད་ན། ལོ་ཤས་ནང་ཁོ་བོའི་རྨི་ལམ་ནང་དུ། ཕྲན་ལ་སྤུན་མཆེད་ཅིག་ཡོད་པ་དང་། དེས་ང་འཚོལ་བཞིན་ཡོད་པ་ཐེངས་མང་པོ་ལ་རྨིས་སོང་། རྨི་ལམ་ནང་དུ་ཐེངས་མང་རྨིས་པའི་སྤུན་མཆེད་དེ་དེ་ཡིན་པ་འདྲ་སྙམ་བྱུང་།

ཁྲོ་དགོས་པའི་རྒྱུ་མཚན་ནི། ངའི་ཨ་ཕས་དེ་སྔོན་ནས་ང་ལ་མ་ལབ་པར། རང་ཉིད་ཁེར་རྐྱང་གི་ལམ་བུ་དེར་དཀའ་སྡུག་དང་མནར་གཅོད་ཚད་མེད་མྱང་དུ་བཅུག་དོན་ཅི་ཡིན་སྙམ་ཞིང་། ཨ་ཕ་རང་ཉིད་ཀྱང་འཚོ་བ་སྐྱོ་བོ་ཞིག་བསྐྱལ་ནས་མི་ཚེ་ལ་བཞི་ཤད་འཐེན་དགོས་བྱུང་བ་ཅི་ཡིན་ནམ་བསམ་བཞིན། ཨ་ཕ་ལ་འཁང་ར་དང་ཆིག་ལབ་མང་དུ་རྒྱབ་ནས་ཐོན་ཡོང་བ་ཡིན། 

     དེ་ནས་བཟུང་། གང་དུ་བསྐྱོད་ཀྱང་། ཨ་ཕས་དེ་འདྲ་བྱེད་དོན་ཅི་ཡིན་ནམ། ཨ་ཕ་མི་དེ་འདྲ་ཞིག་གཏན་ནས་མ་རེད་སྙམ་ཞིང་། བྲེལ་བྲེལ་ཟིང་ཟིང་གི་ཁྲོད་ནས་ཕྱིར་བསྐྱོད་བྱེད་དགོས་བྱུང་།


     དེ་རིང་ཁོ་བོ་ལ་འཕྲིན་ཐུང་འདི་དང་ལྷན་དུ་པར་ཞིག་ཀྱང་བསྐུར་འདུག་པས། ངའི་ཨ་ཅག་གི་ངོ་ནི་ངའི་ཕ་རྒན་གྱི་གདོང་དང་ཨ་ན་མ་ན་རེད་འདུག་པས། སེམས་སུ་ཡ་ང་བའི་ཕ་རྒན་དམ་པ་དེ་ཁྲ་ལྷམ་མེར་ཤར་བྱུང་།

དེ་ནས། ངའི་ཨ་ཅག་ལགས་ཀྱིས་གསུངས་རྒྱུར།  ངེད་གཉིས་ཀྱི་ཨ་ཕས་ལོ་ཉི་ཤུའི་གོང་ནས། ཁྱེད་ལ་ཨ་ཅག་ཅིག་ཡོད་པ་བཤད་མི་དགོས་ཟེར། ནམ་ཞིག་ཁྱོད་ཕོ་ལོ་སུམ་ཅུ་ཟིན་ནས་རང་མགོ་ཐོན་པའི་སྐབས་དེར། ང་གཉིས་འབྲེལ་བ་བྱེད་དགོས། དེ་མིན། བུས་ཨ་ཅག་ང་ལ་བརྟེན་དྲགས་ནས་བུ་རང་མགོ་ཐོན་རྒྱུ་དང་། སློབ་སྦྱོང་ཡག་པོ་ཞིག་རེད་རྒྱུ་ཁག་པོ་རེད། ཟེར་གྱི་འདུག ད་བུ་ཁྱོད་གང་ས་ཅི་ཐད་ནས་ཡག་པོ་རེད་ཡོད་པ་གོ་བྱུང་བས། འབྲེལ་བ་བྱས་པ་ཡིན་ཟེར།”. 


     ཨ་ཕ། ཨ་ཕ། ཨ་ཕ་འགྱུར་དགའ། ངས་ཁྱོད་ལ་འཁང་ས་བྱས་པ་ནོར་འདུག  ང་ཁྱོད་ལ་ཁོང་ཁྲོ་ལངས་པའང་འཕྱུག་འདུག ངས་ཁྱོད་ཀྱི་རླབས་ཆེན་གྱི་དགོངས་པ་དང་འཆར་འགོད་མ་ཤེས་པ་རེད་འདུག   ཡིག་ངོ་མ་ཆོད་པའི་ཕ་རྒན་ཁྱོད་ཀྱིས་བསམ་བློ་འདི་ལྟ་བུ་ཞིག་ཇི་ལྟར་འཁོར་སོང་།  སྨྱུ་གུའི་མགོ་མཇུག་མི་ཤེས་པའི་ཕ་རྒན་ཁྱོད་ཀྱིས་མ་འོངས་པའི་ལས་འཆར་འདི་ལྟ་བུ་ཞིག་ཇི་ལྟར་བྲིས་པ་ཡིན།

     ཉིན་ཤས་རྗེས་ཤེས་རྟོགས་བྱུང་བ་ལྟར། ངའི་ཨ་ཅག་ལགས་རྒྱ་ནག་ཏུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། དེ་གར་ཚོང་ཁང་ཆེན་པོ་ཁ་ཤས་བཙུགས་ནས་དཔལ་འབྱོར་གྱི་གནས་བབ་ཧ་ཅང་ལེགས་པོ་ཡོད་ཅིང་། ངས་དེ་སྔོན་ནས་ཨ་ཅག་ངོ་ཤེས་ཚེ། ཨ་ཅག་ལ་བརྟེན་དྲགས་ནས་རང་ཉིད་ཀྱིས་ནུས་པ་འདོན་མི་ཐུབ་པ་ཞིག་འགྱུར་རྒྱུ་རེད་སྙམ་ཡོད་འདུག་ལ། ད་དུང་། སློབ་སྦྱོང་གི་གནས་སྐབས་དཔལ་འབྱོར་འབེལ་དྲགས་ན་སྣང་བ་གཡེང་ནས་འགྲོ་བའི་དོགས་པ་ཡང་བྱུང་ཡོད་འདུག དེ་ལ་བརྟེན་ནས་དཔལ་འབྱོར་གྱི་གནས་བབ་ཇི་ཙམ་ཞན་ཡང་། འཚོ་བའི་མཐུན་རྐྱེན་ཇི་ཙམ་སྐྱོ་ཡང་། སུ་དང་གང་ལའང་བརྟེན་མི་དགོས་པར་རང་ཉིད་ཀྱི་རྐང་པའི་ཐོག་ཏུ་ལང་ཐུབ་པའི་ཆེད་དུ་ང་ལ་དཀའ་སྡུག་ཡོད་ཚད་མྱང་དུ་བཅུག་འདུག་ལ།  དེ་ལྟར་བསམ་ཚེ། ང་ཧ་ཅང་ཆུང་ཆུང་ཡིན་པའི་དུས་དེར། ཚོགས་པ་ག་གེ་མོ་ཞིག་ནས་ཕྲན་བླ་མ་དགེ་བཤེས་ཤིག་གི་ཡང་སྲིད་དུ་འདེམས་པའི་སྐབས་ངའི་ཨ་ཕས་མཐའ་གཅིག་ཏུ་བཀག་འགོག་བྱས་པའི་རྒྱུ་མཚན་ཡང་གཞི་ནས་གསལ་པོར་རྟོགས་བྱུང་།

     ད་ལྟར་ངའི་ཕ་རྒན་དམ་པའི་རྨི་ལམ་ཕལ་མོ་ཆེ་གྲུབ་སྟེ། ཁོ་བོ་རང་མགོ་ཐོན་ཅིང་། སྤྱི་ཚོགས་ཁྲོད་ཆེ་མཐོང་མི་དམན་ཙམ་ཡོད་པའི་སྐབས་དེར། ངའི་ཨ་ཅག་གིས་བདག་ལ་འབྲེལ་བ་བྱས་ཤིང་། གསར་དུ་ངོ་འཕྲོད་པའི་མིང་སྲིང་གཉིས་གང་ཐད་ནས་ཆེས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་འདི་ཨ་ཕ་ཁྱོད་ཀྱི་བཀའ་དྲིན་ཉག་ཅིག་ཡིན་པས། བཀའ་དྲིན་སེམས་སུ་དྲན་ཞིང་། ང་གཉིས་མིག་ཟུང་ནས་མཆི་མའི་རྒྱུན་རྫོགས་མཐའ་མེད་པ་ཞིག་བཏང་ནས་རླབས་ཆེན་གྱི་ཨ་ཕ་ཁྱོད་ལ་དྲན་གསོ་ཞུ་བཞིན་ཡོད། འོན་ཀྱང་། ད་ཆ་ཁོ་བོ་མིང་སྲིང་གཉིས་ཀ་སྤྱི་ཚོགས་ཁྲོད་ཆེ་མཐོང་ལྡན་ཞིང་།  ཕྲན་མཁས་པའི་བཞུགས་གྲལ་དུ་འཁོད་པའི་མཚམས་འདིར་ཁྱོད་ངེད་ཅག་དང་རྒྱང་རིང་དུ་གྱེས་ནས་ཕེབས་པ་དེར་བདག་ཅག་སེམས་སྐྱོ་བའི་མིག་ཆུའི་ཐིགས་པ་བར་མཚམས་མེད་པར་བཞུར་ཡོང་གི་འདུག

     དེ་ལྟར་ན་ཡང་། ཨ་ཕ་ཁྱོད་སྔར་བཞིན་ངའི་རྨི་ལམ་དུ་ཕེབས་ནས། ལམ་སྟོན་གནང་རྒྱུ་དང་། མི་མངོན་པའི་དག་པའི་ཞིང་ནས་ཁོ་བོའི་འགྲུལ་བཞུད་ལ་གཟིགས་རོགས། ཁོ་བོའི་རྡོག་སྒྲ་ལ་གསན་རོགས། ད་དུང་ཁོ་བོའི་ཤེས་རིག་གི་རྐང་རྗེས་ལ་གཟིགས་དང་། ཁོ་བོའི་རྒྱལ་ཁའི་གླུ་དབྱངས་ལ་གསོན་དང་། ངའི་རླབས་ཆེན་གྱི་ཨ་ཕ། ཁྱོད་ཀྱི་འཇིག་རྟེན་འདིའི་ཐོག་གི་ཆེས་རླབས་ཆེ་ཤོས་ཀྱི་ཨ་ཕ་དེ་ཡིན།  ཅིས་ཀྱང་ཡིན། 

     ༢༠༡༩ ཟླ་བ་ ༨ ཚེས་ ༦ ཉིན་གྱི་སྔ་དྲོ། 
     ཝིར་ཇི་ནི་ཡ། ཨ་རི། 




ཟུར་བརྗོད། 
ངའི་ཨ་མ་གྲོངས་རྗེས། ཁོང་ཡང་ང་དང་ལྷན་དུ་རབ་ཏུ་བྱུང་སྟེ། མ་གྲོངས་བར་འབྲས་སྤུངས་སུ་བཞུགས་ཏེ། དགོན་པའི་གསང་སྤྱོད་བཀྲུས་པ་དང་། འཚེམ་བཟོ་སོགས་བྱས་ནས་ཚོགས་བསགས་སྒྲིབ་སྦྱོང་གནང་བ་རེད།