Monday, August 12, 2019

ང་ལོག་ཡོང་གི་ཡིན། ང་ལོག་འགྲོ་གི་ཡིན།

           

                                    བེ་རི་རྒྱལ་སྲས།

      མདང་དགོང་ངའི་ངོ་དེབ་ནང་། རྒྱ་གར་ནས་སློབ་མ་ཞིག་གིས་ དགེ་ལགས། ང་རཇ་པུར་མ་སུ་རི་བོད་ཁྱིམ་ནས་ཡིན། ད་ལོ་དགེ་ལགས་སློབ་གྲྭར་ཕེབས་མ་སོང་།   དགེ་ལགས་ག་པར་ཡོད། ཅེས་པའི་འཕྲིན་ཐུང་ཞིག་བསྐུར་འདུག  འཕྲིན་ཐུང་འདི་སྐུར་མཁན་དེའི་གདོང་དེ་གསལ་པོར་མི་དྲན་ཡང་། ལྷད་མེད་པའི་བྱིས་པ་ཞིག་གིས་གྲྭ་པ་འཁྱམ་པོ་ཞིག་ལ་ངང་སྒུག་གནང་བ་དེས་ང་ལ་སེམས་འགུལ་ཚད་མེད་ཐེབས་སོང་།


      དེ་མ་ཐག་ངའི་སེམས་པའི་ནང་གནས་ཚུལ་འགའ་ཞིག་བརྙན་འཕྲིན་ནང་གི་ཁྱབ་བསྒྲགས་བཞིན་སྐད་ཅིག་ཉིད་དུ་འཚང་བྱུང་།  ཁོ་བོ་ནུབ་མཐའ་ལ་སླེབས་རྗེས་ཀྱི་ཟླ་བ་གཉིས་གསུམ་རྗེས་ནས། ངའི་གྲོགས་པོ་ངོ་ཤེས་ཚོས། གཅིག་རྗེས་གཉིས་མཐུད་ཀྱིས། ཁྱོད་འགྲོ་ས་དང་བསྡད་ས་ཨ་རི་མ་རེད། ཟེར་བ་དང་། ཨ་རིར་འགྲོ་ནས་གྲྭ་པ་ལོག་ཡོང་ད།ཞེས་པ་དང་། ཁྱོད་བོད་སློབ་ཁག་ཏུ་བསྡད་ན་ཕན་ཐོགས་ཏོག་ཙམ་ཡོང་ས་རེད།ཟེར་བ་སོགས་ཀྱི་ཡིག་ངག་གཉིས་ཐད་ནས་ཆ་འཕྲིན་མི་ཉུང་བ་ཞིག་འབྱོར་བྱུང་།  

      དྲང་པོར་བཤད་ན། ཁོ་བོ་ནུབ་ཕྱོགས་སུ་འགྲོ་འདོད་གཏན་ནས་མེད་ཅིང་། མི་ཚེ་འདི་ཉིད་བོད་ཀྱི་རིག་གནས་ཀྱི་དོན་དུ་གཏོང་སེམས་བརྟན་པོ་ཡོད་མོད། ན་ནིང་དགོན་པ་ནས་འདི་གར་འགྲོ་སྐྱོད་དགོས་པའི་སྐུལ་མ་བྱུང་བ་དང་། ལོ་ངོ་དྲུག་ཙམ་རིང་དགོན་པའི་ཕྱི་ལ་བསྡད་པས་གྲྭ་ཚང་གི་འཛིན་མར་ཟག་སྟབས། གྲྭ་ཚང་གི་ལས་ཀ་ཞིག་བྱས་ན་ཉིས་རྒྱུགས་སྤྲོད་ཆོག་པ་དང་། ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་འགའ་ཞིག་གིས་འདི་གའི་སློབ་གྲྭ་ཁག་ལ་བཅར་ཐུབ་ན་དགེ་ཕན་ཆེ་ཚུལ་ཡང་གསུངས་པར་བརྟེན། གནས་སྐབས་ལོ་ངོ་གཅིག་མ་ཟིན་ཙམ་གྱི་རིང་། འགྲོ་སྐྱོད་བྱ་རྒྱུ་ཁས་ལེན་ཞུ་བའི་སྐབས། ཁོ་བོར་ལག་འཁྱེར་སེར་པོ་ཡང་མེད་སྟབས། དེ་དག་ཐམས་ཅད་གྲྭ་ཚང་རང་གིས་གསར་བཟོ་གནང་ནས་འདི་གར་བསྐྱོད་དགོས་བྱུང་བ་རེད།

      ང་འཐོན་ཁར་འབྲས་སྤུངས་སུ་དགེ་ལགས་མཇལ་ཁ་བཅར་སྐབས་དགེ་ལགས་ཐུགས་སེམས་དེ་ཙམ་མ་སྤྲོ་བར།ད་ལོ་གཅིག་ཡིན་ན་ཨའུ་ཙམ་རེད། གྲྭ་ཚང་གི་ཞབས་ཞུ་རེད། མགྱོགས་པོར་མར་ཤོག  ངས་སྒུག་བསྡད་ཀྱི་ཡིན། ད་དུང་ཁྱོད་ཀྱིས་མཛོད་ལྟ་རྒྱུ་རེད་བ། ཞེས་གསུངས་སོང་།
  ང་ངོ་མ་བསོད་ནམས་ཆེན་པོ་ཞིག་རེད་ཨང་། རང་ཉིད་ཀྱི་ཁ་སྟབས་ཇི་ཙམ་དམན་ཡང་། མཁྱེན་རྒྱ་ཟབ་ཅིང་། བརྩེ་སེམས་ཆེ་བའི་དགེ་ལགས་ལྷན་རྒྱས་ཀྱིས་དུས་རྟག་ཏུ་བདག་ལ་བྱམས་ཀྱིས་སྐྱོང་བཞིན། ད་དུང་། ངས་སྒུག་བསྡད་ཀྱི་ཡིན།ཞེས་པའི་ཚིག་དུམ་འདི་དྲན་སྐབས་ད་དུང་ཡང་ངའི་ལུས་ཀྱི་བ་སྤུ་ལྡང་ཞིང་། མིག་ནས་དད་པ་དང་བརྩེ་ཞེན་གྱི་མཆི་མ་ལྷུང་ལྷུང་དུ་བཞུར་ཡོང་གི་འདུག 
      
      གང་ལྟར། ལས་དབང་ཞིག་གིས་སམ། འདོད་བབ་ཅིག་གིས་ནུབ་མཐའི་ཡུལ་དུ་བསྐྱོད་དགོས་བྱུང་།       དུས་ཚོད་ནི་ཅི་འདྲའི་མྱུར་བ་ལ་ཨང་། ༢༠༡༩ ལོའི་ཟླ་བ་ ༨ པའི་ཕྱེད་ལ་སླེབས་གྲབས་འདུག ཁོ་བོ་ནུབ་མཐའ་ལ་འཁྱམས་ནས་ཟླ་བ་བདུན་ལྷག་ཙམ་ཞིག་ཕྱིན་འདུག  ཟླ་ཤས་ཀྱི་རིང་ཁོ་བོས་སློབ་ཆུང་ནས་གཙུག་ལག་སློབ་ཆེན་དང་། མི་སྒེར་ནས་ཚོགས་པ་ཁག་བར་དང་། སྤྲོ་སྐྱིད་ཁང་ནས་སྨན་ཁང་བར། ས་ཁུག་ཁུག་དང་། ལ་ལུང་ཀྱག་ཀྱོག་ཕལ་མོ་ཆེ་ལ་བསྐྱོད་ནས། འགའ་ཞིག་ལ་བྱམས་སྙིང་རྗེའི་ཟློས་གར་འཁྲབ་ཅིང་། ལ་ལར་བོད་དོན་གསལ་བཤད་ཀྱི་ཞུ་སྐུལ། ཡང་འགའ་ཞིག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་འཁྲབ་སྟོན་བྱས་ནས་ཉམས་མྱོང་མི་དམན་པ་ཞིག་གསོག་ཐུབ་པ་བྱུང་བར་མ་ཟད།

སྔོན་མཁས་དབང་དགེ་འདུན་ཆོས་འཕེལ་རྒྱ་གར་དང་སིང་གྷ་ལ་སོགས་སུ་བསྐྱོད་པའི་སྐབས་དང་བསྟུན་ནས་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་བྱ་བ་ཞིག་བརྩམས་ནས། དེའི་ནང་དུ། ཤེས་རབ་ཅན་གྱི་སྐྱེས་བུ་བློ་གཟུ་བོར་གནས་པ་འགའ་ཞིག་ཁོ་ནའི་ཆེད་དུ་དཀྱུས་མའི་གླེང་མོལ་བཞིན་དུ་གང་རྙེད་པ་སྐབས་སྐབས་སུ་བཅུག་སྟེ་གླེགས་བམ་ཞིག་བྱེད་པར་འདོད་དོ།།ཞེས་གསུངས་པ་བཞིན་བོད་ཁ་བ་ཅན་ལ་རིན་ཐང་བྲལ་བའི་ལེགས་བཤད་ཀྱི་གཏེར་ཆེན་པོ་ཞིག་བཞག་པ་ལ་ཡི་རངས་ཤིང་། དམ་པ་གང་གི་རྣམ་པར་ཐར་པའི་རྗེས་སུ་ཞུགས་ཁུལ་གྱིས། བདག་གིས་ཀྱང་ནུབ་ཕྱོགས་བསྐོར་བའི་གཏམ་རྒྱུད་ནུབ་ཕྱོགས་འགྲིམས་པའི་ཉིན་ཐོ་ཞེས་པ་ཞིག་འབྲི་འདོད་ཆེན་པོ་བྱུང་ནས། འབྲི་མུས་ཡིན་ལ།  ད་དུང་འདི་གའི་ཆོས་ལུགས་སྣ་མང་དང་འདུ་འཛོམས་ཀྱི་གོ་སྐབས་བྱུང་སྟབས།འཛམ་གླིང་ཆོས་ལུགས་ཀུན་བཏུས།ཞེས་པའི་ཆོས་ལུགས་གྲགས་ཆེ་བ་རྣམས་ཀྱི་ལོ་རྒྱུས་དང་ལྟ་གྲུབ་ཅིག་སྒྱུར་སྒྲིག་གི་སྟ་གོན་བྱེད་བཞིན་ཡོད་སྟབས། འདི་གར་སླེབས་པར། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག། འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན།།ཞེས་པ་ལྟར། མི་ཡི་མི་ཚེ་རྩ་ཆེན་འདི་ཉིད་ཀྱི་ཟུར་ཆ་འདི་ཡང་དོན་སྙིང་མེད་པ་ཞིག་རང་ཆགས་མ་སོང་བསམ་པའི་ཡིད་ཚིམ་པའི་ཚོར་བ་ཡང་བྱུང་།

      ཡིན་ཡང་། དུས་ཚོད་སྟོང་པ་ཡོད་རིམ་བཞིན་ངའི་སེམས་པའི་ནང་། དགོན་པའི་ནང་ཕྱིན་ནས། མཛོད་དང་། སྔགས་སོགས་ལྟ་རྒྱུ་ལུས་པ་དེ་རྣམས་དྲན་ཡོང་དུས། འདི་གའི་ཁ་ལག་དང་ཆུའི་བྲོ་བ་ཡང་མྱོང་མི་ཐུབ་པར་གྱུར་ལ། ད་དུང་བོད་སློབ་ཁག་ཏུ་བསྐྱོད་ནས་བོད་ཀྱི་སྐད་ཡིག་སློབ་སྤེལ་གྱི་ལས་རིམ་དེ་དག་དྲན་ཡོང་སྐབས། ཁ་པར་ནང་གི་༢༠༡༩ ལོའི་ཟླ་ཐོ་ལ་ཡང་ཡང་བལྟས་ནས་༢༠༡༩ འདི་མགྱོགས་པོར་རྫོགས་ན་ཅི་འདྲའི་དགའ་བ་ལ་ཨང་སྙམ་ཡོང་།
      
      གང་ལྟར། དེ་རིང་ངས་བརྗོད་འདོད་པ་ནི། ཁྱེད་རྣམ་པའི་རེ་བ་བཞིན། བདག་གི་ཕུགས་འདུན་བཞིན། བདག་གི་དགེ་ལགས་རྣམ་པའི་བཀའ་དགོངས་བཞིན། ད་དུང་ངའི་ཕ་དམ་པའི་ཞལ་ཆེམས་བཞིན་བདག་གི་མི་ཚེ་རིང་མ་ཐུང་འདི་བོད་དང་བོད་ཀྱི་རིག་གནས་ཀྱི་དོན་དུ་གཏོང་བའི་དམ་བཅའ་ལ་འགྱུར་བ་མེད་པས། ཟླ་བ་གསུམ་བཞིའི་མཚམས་ནས། ང་རྒྱ་གར་དུ་ལོག་ཡོང་གི་ཡིན། ང་རྒྱ་གར་དུ་ལོག་འགྲོ་གི་ཡིན། མགྱོགས་པོར་མཇལ་ཡོང་། 

            ༢༠༡༩ ཟླ་བ་ ༨ ཚེས་ ༡༢ གྱི་སྔ་དྲོར་ཝར་ཇི་ནི་ཡ་ནས་ཨེཊ་ལེན་ཊར་འཐོན་ཁར་བྲེལ་སྟབས་ཀྱིས་བྲིས་པས། གོ་རིམ་ཁྱེད་ཀྱིས་སྒྲིག་རོགས། ཁ་དྲོ།