Friday, August 16, 2019

ཨ་མེ་རི་ཁེའི་སྙན་ངག



སློབ་མ་སྟོང་གིས་བཏེགས་པའི་བཞུགས་ཁྲི་དེ་བཞག་ནས།།
ལེགས་བཤད་ཀུན་ཏུ་སྒྲོག་པའི་འགྱུར་ཁུགས་དེ་བཀག་སྟེ།།
སྐྲ་སེར་སྤྲེའུ་རིགས་ཀྱི་སྨྱོན་པ་འགའ་བསྡུས་ནས།།
སྤྲེལ་ལད་ཆོས་བཤད་བགྱིད་པའི་ངང་ཚུལ་འདི་སྐྱོ་བ།།

ཅི་མཛད་ལེགས་པར་ལྟ་བའི་གདུལ་བྱ་རྣམས་བསྐྱུར་ནས།།
ལྷད་མེད་དད་པའི་མེ་ཏོག་རྐང་འོག་ཏུ་བརྫིས་ཏེ།།
ཕར་ལ་ཕན་པ་སྒྲུབ་པའི་རྗེས་དྲན་གྱི་ཚུལ་དུ།།
རང་ཉིད་ཁྲིམས་ལ་སྦྱར་བའི་ངང་ཚུལ་འདི་སྐྱོ་བ།།

བསླབ་གསུམ་རྒྱན་གྱིས་སྤྲས་པའི་ན་བཟའ་དེ་ཕུད་ནས།།
འདི་ཕྱིའི་ལེགས་ཚོགས་སྒྲུབ་པའི་སྐལ་བ་དེ་དོར་ཏེ།།
མི་ཚོགས་ཡར་འགྲོ་མར་འགྲོའི་རྐང་རྗེས་ལ་བལྟས་ནས།།
ཁ་ཆུས་རྡོ་ཕྱིས་རྒྱབ་པའི་ངང་ཚུལ་འདི་སྐྱོ་བ།།


ཀུན་གྱིས་སྐུ་ངོ་ཟེར་ནས་གོང་ཕུད་དུ་བཀུར་བའི།།
རྒྱལ་བའི་བཀའ་དགོངས་སྒྲུབ་པའི་ལས་གནས་དེ་བཞག་ནས།།
མི་རིགས་བརྒྱ་སྟོང་འདུས་པའི་ཟ་ཁང་གི་ནང་དུ།།
དངུལ་ཆུས་ཕོར་པ་བཀྲུ་བའི་ངང་ཚུལ་འདི་སྐྱོ་བ།།

བློ་གསལ་གཞོན་ནུ་སྟོང་གི་དཀྱིལ་འཁོར་གྱི་ཁྲོད་ན།།
ཤེས་རིག་འོད་སྣང་འགྱེད་པའི་གཟི་བྱིན་དེ་བསྐྱུར་ནས།།
ཟ་མ་ཁ་རུ་ལྡུད་པའི་དྭངས་གཙང་གི་ལག་པས།།
གཞན་གྱིས་གཙོག་གཅིན་བཀྲུ་བའི་ངང་ཚུལ་འདི་སྐྱོ་བ།།

ལུང་རིགས་མཆེ་སྡེར་རྣོ་བའི་གྲགས་ཅན་གྱི་དགེ་བཤེས།།
དབང་དང་ཁ་ཤུགས་ཆེ་བའི་ཆབ་སྲིད་ཀྱི་སྐུ་ངོ།།
སྐྱེ་རབས་ཕྲེང་བ་བརྒྱུད་པའི་མཆོག་སྤྲུལ་གྱི་གཞོན་ནུ།།
སློབ་མ་སྟོང་གིས་བཀུར་བའི་དགེ་རྒན་དང་སློབ་སྤྱི།།

འབྱོར་པའི་བྲན་དུ་གྱུར་པའི་མཐའ་འཁོབ་ཀྱི་ཡུལ་འདིར།།
བསམ་རྒྱུ་དངུལ་ལས་མེད་པའི་རྒྱ་མོ་ཡི་འོག་ཏུ།།
ལྕེ་ལེ་འདོམ་གང་དཔྱང་ནས་ཞུམ་ཞུམ་དུ་འགྲོ་དུས།།
ང་ཚོའི་ལས་དབང་བསམས་ནས་སྙིང་ཁ་འདི་གས་པ། །

༢༠༡༩ ཟླ་བ་ ༨ ཚེས་ ༡༦ ཉིན།