ལྷ་ཟླ་དཀར་པོ།
(དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཟླ་བ་ཚེ་རིང་མཆོག་གི་ཞབས་རྡུལ་ཡུན་རིང་བསྟེན་པའི་ཚོར་བའི ་ཉིང་བཅུད།)
-------------བེ་རི་རྒྱལ་སྲས།
ལུང་རིགས་དཀྱིལ་འཁོར་རབ་རྫོགས་ཤིང་།།
ལེགས་བཤད་སྟོང་གི་དྲ་བ་ཅན།།
ལྷ་ཟླ་དཀར་པོའི་འོད་རླབས་ཀྱིས།།
འགྲོ་རྣམས་ཀུན་ཏུ་ཤིས་གྱུར་ཅིག།
ལེགས་བཤད་སྒྲོན་མེ་སྟོང་དུ་འབར་ཡང་རྨོངས་པའི་སྨག་ཆེན་ཀུན་ཏུ་བསྟིམས།།
ཆོས་ཀྱི་བདུད་རྩི་ཆར་དུ་སྙིལ་ཡང་མཚན་འཛིན་མེ་ལྕེ་གྱེན་དུ་འཕྱུར།།
ཐབས་མཁས་ཐུགས་རྗེས་གོང་དུ་འདྲེན་ཡང་དུག་གསུམ་ལྗིད་ཀྱིས་འོག་ཏུ་ལྟུང་།།
འདི་འདྲའི་ཉམ་ཐག་བུ་སློབ་བདག་ལ་ཐུགས་རྗེའི་གཟིགས་པ་མ་ཆུང་རོགས།།
རབ་འབྱམས་གཞུང་ལུགས་སྨྲ་བའི་རྣམ་དཔྱོད་དང་།།
སྨྱུག་རྩེ་ཅི་དགར་སྒྱུར་བའི་སྒྱུ་རྩལ་ཟུང་།།
འཇམ་དཔལ་ཡབ་ཡུམ་ཟུང་གིས་ཁྱེད་ཉིད་ལ།།
ཆེད་དུ་སྩལ་ནས་ཕྱོགས་ཞེན་མཛད་དོན་ཅི།།
གནའ་དེང་ཤེས་བྱའི་འདབ་གཤོག་བརྐྱངས་ཏེ་ཕྱོགས་དང་མཐའ་ཀུན་ལྡིང་སྐོར་གྱིས།།
ཁེངས་དང་དྲེགས་པས་དབྱིངས་སུ་བཏེགས་པའི་སྙེེ་མ་མཐོན་པོའི་མགོ་བ་འདི།།
རིགས་པ་ཕྲ་མོའི་ཉིང་བཅུད་ཕྱུང་བའི་ཁྱེད་གསུང་ལན་ཅིག་ཐོས་ཙམ་གྱིས།།
སྡོང་རྒན་ས་ལ་འགྱེལ་བ་བཞིན་དུ་ཁྱེད་ཞབས་མི་དུད་རང་དབང་ཅི།།
མགོ་བོ་ཐོགས་ཚད་དངུལ་ལ་ཆགས་ནས་འདུ་འཛིའི་ལང་ལོང་འཁྲིགས་པའི་དུས།།
གླེགས་བམ་འབུམ་གྱིས་ཕྱོགས་ཀུན་བསྐོར་བའི་སི་ཊི་རང་སྤྱིལ་གྲུ་བཞིའི་ནང་།།
འདི་སྣང་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་ཐར་པའི་རོ་ལ་རབ་བརྐམས་པས།།
གང་ཁྱེད་ལས་ལྷག་འདོད་ལྡན་སྐྱེས་བུ་སུ་ཞིག་གང་དུ་ཡོད་མ་ཡིན།།
མགོན་མེད་གྱུར་པའི་གདུལ་བྱ་སྟོང་ཕྲག་ཐུགས་ཀྱིས་ནམ་ཡང་མི་གཏོང་བར།།
ཉིན་མཚན་ཀུན་ཏུ་གསུང་གི་ལེགས་བཤད་བར་མེད་རབ་ཏུ་སྒྲོག་མཛད་ཀྱང་།།
ཕྱི་དྲོའི་ཁ་ཟས་གཏན་དུ་སྤངས་པས་གང་ཁྱེད་སྐུ་གཟུགས་འཕྲོད་བཞེས་ཐད།།
བུ་སློབ་བདག་གི་སེམས་དང་ཚོར་བ་རྟག་ཏུ་ལོང་ལོང་ཉིད་དུ་གྱུར།།
འགྲོ་ལ་ཆགས་པའི་ཐུགས་རྗེ་ཡིས།།
རང་གི་ཟས་ཀྱང་བརྗེད་གྱུར་པའི།།
རྒྱལ་བའི་སྲས་ཤིག་འདི་ན་མཆིས།།
མཇལ་བ་འདི་ཡང་སྐལ་བ་རྨད།།
བདག་སོགས་གདུལ་བྱ་སྟོང་གི་ཚེ་སྲོག་ཀུན།།
གཅིག་ཏུ་བསྡུས་པའི་གཟུགས་སུ་གྲུབ་གྱུར་ན།།
གང་ལ་ཕུལ་ནས་གང་ཁྱེད་བསྟན་འགྲོའི་དོན།།
བསྐལ་པ་སྟོང་དུ་འཚོ་བའི་རེ་སྨོན་འཆོར།།
གང་ཁྱེད་ལ་ནི་ཡོད་ཚད་ལྡན་པས་བདག་ལ་འབུལ་རྒྱུས་ཅི་ཡང་དབེན།།
བདག་ནི་ཤེས་འཇོན་གཉིས་ཀྱིས་ཕོངས་པས་ཞབས་ཏོག་ཙམ་ཡང་སྒྲུབ་མ་ཐུབ།།
དད་པའི་སོར་བཅུ་སྙིང་ཁར་བཅངས་ནས་གདུང་ཤུགས་དྲག་པོས་གསོལ་བ་ནི།།
སྐུ་གཟུགས་འཕྲོད་བསྟེན་བདག་བཞེས་གནང་ནས་སྐུ་ཚེ་རིང་དུ་བརྟན་གྱུར་ཅིག།
༢༠༡༨/༣/༢༥ ཉིན་བདག་གི་དྲིན་ཅན་རྩ་བའི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཟླ་བ་ཚེ་རིང་མཆོག་གི་དྲུང་དུ་དམ་ཆོས་འདུལ་བའི་དཔེ་ཁྲིད་ཞུ་བའི་དུས། དགེ་བའི་བཤེས་གཉེན་མཆོག་གིས་དཔེ་ཁྲིད་གནང་རྒྱུ་ཤིན་ཏུ་མང་བའི་དབང་གིས་ཕྱི་དྲོར་གསུང་སྐད་འགག་ན་ཡང་། རང་ཅག་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དཔེ་ཁྲིད་གནང་སྐབས་རྒན་རིན་པོ་ཆེ་ལ་དད་པ་དང་ཡི་རངས་ཟློག་ཏུ་མེད་པ་ཞིག་སྐྱེས་པར་བརྟེན། དཔེ་ཁྲིད་གྲོལ་མ་ཐག་རང་ཤག་བེ་རི་འགྲོ་ཕན་གླིང་གི་ཀུན་དགའ་ར་བ་ནས་གུས་སློབ་བེ་རི་དཔལ་ལྡན་རྣམ་རྒྱལ་གྱིས་སུག་བྲིས་བགྱིས་པའོ།།