Thursday, April 12, 2018

མི་ཚེ་ཐུང་ཐུང་།

མི་ཚེ་ཐུང་ཐུང་། ཤེས་བྱ་མང་པོ།

------- བེ་རི་རྒྱལ་སྲས། 

བར་མཚམས་གཏན་ནས་མེད་པའི་དུས་ཚིགས་ཀྱི་འགྱུར་ལྡོག།
ངལ་བ་ཀུན་ནས་བྲལ་བའི་ཚོགས་དྲུག་གི་འདུར་རྒྱུག།
དུས་དང་ཚོར་འདུ་འཐབ་པའི་གཡུལ་འགྱེད་ཀྱི་ཁྲོད་ནས།།
རེ་ཞིག་ངལ་གསོ་དགོས་པའི་ཉེན་བརྡ་ཞིག་བཏང་བྱུང་།།

མི་ཚེ་ཐུང་ཞིང་ཤེས་བྱའི་རྣམ་གྲངས་དེ་མང་བས།།
དུས་ཀྱིས་ཤེས་བྱའི་ཕ་མཐའ་སྙོབ་ཐབས་རང་མེད་དུས།།
མི་ལོ་སྟོང་དུ་འཚོ་བའི་ཚེ་སྒྲུབ་ཅིག་བྱས་ནས།།
ཡོད་ཚད་ཁོག་ཏུ་མིད་འདོད་འགོག་མེད་དུ་སྐྱེ་མྱོང་།།

གཞོན་ནུའི་སེམས་ཁམས་རྨི་ལམ་ཕྲ་བོ་ཡིས་བཏེགས་ཏེ།།
ཕུན་ཚོགས་ཀུན་ལ་ཆགས་པའི་འདོད་རྔམ་གྱི་མེ་ལྕེ།།
ཡོད་ཚད་བདག་གིར་བྱེད་པའི་ཐོད་བརྒལ་གྱི་རེ་འདོད།།
འདོད་པ་བརྒྱ་ཡིས་བསྐྱོམས་པའི་ཚོར་རླབས་ཤིག་འཕྱུར་མྱོང་།།

དཔག་ཚད་ལྔ་བརྒྱས་ཆོད་པའི་ར་བ་ཡི་ནང་དུ།།
ཤེས་བྱ་ལག་མཐིལ་འཇོག་པའི་ཨ་འཐས་ཤིག་ཡོད་ཀྱང་།།
ལོ་ཤས་རྒྱལ་ཁམས་ཉུལ་བའི་ཉམས་སྣང་གི་ཁྲོད་ནས།།
ཤེས་བྱ་རྡུལ་སྙེད་འཆར་བའི་མྱོང་བ་ཞིག་ཐོབ་བྱུང་།།

དུས་དང་མི་ཚེ་འབུད་པའི་ཁ་རྩོད་དང་སྣ་རྩོད།།
ལོ་མང་རྔུལ་ཆུ་འབྱིན་པའི་རྐང་འཁྲབ་དང་ལག་འཁྲབ།།
འདི་ཕྱི་གཉིས་མེད་བྱ་བ་རྒྱང་རིང་དུ་བསྐྱུར་ནས།།
ཉིང་བཅུད་རྐང་ནས་འཇིབ་པའི་བྲོ་བ་འདི་མྱངས་ཡོད།།

དྲིན་ཆེན་ཕ་མས་གནང་བའི་མགོ་བོ་འདི་བཏེགས་ནས།།
མཁས་པའི་སྟེགས་བུར་སྙེག་པའི་སྟ་གོན་གྱི་དུས་འདིར།།
བཀའ་དྲིན་གཞལ་དུ་མེད་པའི་ཁྱེད་གཉིས་ཀྱི་ཞལ་རས།།
ནམ་ཡང་དྲན་སྐུལ་གཏོང་བའི་ཅོང་བརྡ་དང་འདྲ་བྱུང་།།

༢༠༡༨//༡༨ ཉིན། བདག་གདན་ས་འབྲས་སྤུངས་སུ་བསླེབས་
ནས་ཟླ་བ་གཉིས་ཙམ་གྱི་རིང་། སློབ་འཁྲིད་དང་སློབ་གཉེར་
རྒྱུན་མི་ཆད་པར་བྱས་ཏེ་གུང་སེང་ཉིན་གཅིག་ཀྱང་མ་ཐོབ་པས།
དེ་རིང་ངལ་གསོ་ཞིག་གི་ཆེད་དུ། རང་ཤག་བེ་རི་འགྲོ་ཕན་གླིང་ནས་
སྦྱར་བའོ།།