Friday, April 27, 2018

ཉི་མ་ནུབ་ལ་ཉེ་བའི་མཚམས་འདིར།

ཉི་མ་ནུབ་ལ་ཉེ་བའི་མཚམས་འདིར།

                          ~~~~ བེ་རི་དཔལ་ལྡན་རྣམ་རྒྱལ། 

ཉི་མ་ནུབ་ལ་ཉེ་བའི་མཚམས་འདིར་ཁོ་བོ་ཁང་ཐོག་ཏུ་ལངས་ནས། ཕྱི་ཡི་ཁོར་ཡུག་དང་ལྷག་ཏུ་མཚམས་སྤྲིན་གྱི་མཛེས་སྡུག་ལ་རྒྱང་བལྟ་བྱས།  ནུབ་ལ་ཉེ་བའི་ཉི་མའི་དམར་མདངས་དེས། བདག་གི་སེམས་སུ་བརྗོད་མི་ཤེས་པའི་ཚོར་འདུ་སྐྱུར་མོ་ཞིག་ངང་གིས་སྟེར་ཅིང་། འོད་མདངས་ཉམས་རིམ་བཞིན་བདག་གི་སྙིང་ཁམས་སུ་མུན་པ་སྟུག་ཅིང་ལྗིད་པ་ཞིག་དལ་གྱིས་འཁོར་ཡོང་བ་དང་། རང་ཉིད་ཀྱི་མདུན་ལམ་དེ་ཡང་སྨག་རུམ་ཁྲོད་ཀྱི་འཕྲང་ལམ་ཀྱག་ཀྱོག་ཅིག་དང་འདྲ་བའི་སྣང་བ་ཞིག་མ་བཅོས་ཤུགས་ཀྱིས་འཆར་ཡོང་།

ཉི་མ་ནུབ་ལ་ཉེ་བའི་མཚམས་འདིར་མཁའ་དབྱིངས་ནས་འཕུར་ལྡིང་རྩེན་བཞིན་པའི་བྱ་དང་བྱེའུའི་ཁྱུ་ཚོགས་འདི་མཐོང་མ་ཐག   ཡུལ་མི་གསལ་བའི་དྲན་འཆར་རྩུབ་མོ་ཞིག་གིས་བདག་གི་སྙིང་ཁ་ཁབ་ཀྱིས་བཙགས་ཤིང་། དབུགས་རིང་ཞིག་དང་ལྷན་དུ་མིག་ཟུང་ཟུམ་མ་ཐག བདག་ལའང་རང་དབང་གི་གཤོག་ཟུང་ཞིག་ཐོགས་ནས་མུ་མེད་ཀྱི་མཁའ་དབྱིངས་སུ་ལྡིང་བཞིན་འདུག 

ཉི་མ་ནུབ་ལ་ཉེ་བའི་མཚམས་འདིར། འཛམ་གླིང་གི་ཉི་མ་སེར་པོ་ནུབ་རིའི་ཕང་པར་ངལ་གསོ་ལ་ཕེབས་པའི་གྱེས་སྟོན་འདིས། རང་ཉིད་ཀྱི་རྨི་ལམ་དེའི་ཆེད་དུ་ཡོད་ཚད་བློས་བཏང་སྟེ། ཟས་བརྗེད་གཉིད་བཅག་གིས་མདུན་ལམ་རབ་རིབ་འདི་ལ་ཤི་འཐམ་རོ་འཐམ་བགྱིད་པའི་རྔུལ་ཆུ་འདི་འཕྱི་རན་པ་དང་། ཇ་ཁམ་བུ་གང་བཏུངས་ནས་ངལ་གསོ་རན་པའི་དྲན་སྐུལ་གནང་བྱུང་། 

ཉི་མ་ནུབ་ལ་ཉེ་བའི་མཚམས་འདིར་རླུང་བུ་བསིལ་ལྷང་ལྷང་ཞིག་གིས་བདག་གི་ལུས་ལ་དལ་གྱིས་རེག་ནས། ཕུགས་བསམ་འཚོལ་བའི་འདུར་རྒྱུགས་ཀྱི་བར་གསེང་ལ་གསོལ་ཇ་དྲངས་སོང་། ཇ་ཁམ་བུ་གང་འཐུང་བཞིན་ཕྱིར་དྲན་ཞིག་བྱེད་དུས། འདས་པའི་མི་ལོ་བཅུ་ཕྲག་གསུམ་གྱི་རིང་། བདག་གིས་གོམ་ཞེང་ཆེན་པོས་ཕུགས་བསམ་གྱི་ལམ་འཕྲང་དུ་མ་ཧད་ཀྱིས་བཅད་འདུག་ཀྱང་། ད་དུང་བདག་གི་ཕུགས་བསམ་ནི་ལེ་དབར་སྟོང་ཕྲག་གིས་ཆོད་འདུག་པས། ཇ་འཐུང་མཚམས་བཞག་ནས། རྡོག་ཆས་བསྒྲིགས་ཏེ་མ་ཐོན་ཀ་མེད་དུ་གྱུར།

ཉི་མ་ནུབ་ལ་ཉེ་བའི་མཚམས་འདིར་ཡོད་ཚད་ངལ་གསོ་ཞིང་། ཐམས་ཅད་དལ་ལྷོད་དུ་སྡོད་པའི་སྐབས་འདིར།  ཁོ་བོ་ནི་རབ་རིབ་ཀྱི་ཕུགས་བསམ་དེའི་ཆེད་དུ་འཁྱར་འཁྱོར་གྱི་གོམ་འགྲོས་འདི་ལ་བརྟེན་ནས་ཀྱག་ཀྱོག་གི་འཕྲང་རིང་དུ་བཞུད་དགོས།  རྒྱུ་མཚན་ནི། ཁྱེད་ཀྱིས་བཞག་པའི་ཞལ་ཆེམས་དྲོད་མོ་འདི་ད་དུང་ཡང་ངའི་ཁོག་པ་རུ་འཁོལ་བཞིན་པས་སོ།། 

༢༠༡༨//༢༧ ཉིན། ཕྱི་དྲོ། :༣༨
བེ་རི་འགྲོ་ཕན་གླིང་།  འབྲས་སྤུངས།