Thursday, April 12, 2018

བུ་ལོན་དང་གྲྭ་རྐྱང་།


                 

       གདན་སའི་གྲྭ་རྐྱང་གི་འཚོ་བ་ཅི་འདྲ་ཞིག་ཡིན་མིན་ཕལ་ཆེར་འདི་གར་གནས་སྡོད་བྱེད་མ་མྱོང་ན་ཇི་ཙམ་བཤད་ཀྱང་ཡིད་ཆེས་དཀའ་མོ་རེད། ཁོ་བོ་རང་ལོ་བདུན་ནས་གདན་སར་ཞུགས་མཁན་ཞིག་ཡིན་པས། གདན་སའི་སྔོན་མའི་འཚོ་བ་དང་། ད་ལྟའི་འཕོ་འགྱུར་བཅས་མིག་མཐོང་ལག་ཟིན་གྱི་ཁྲོད་ནས་ལྟ་སྐྱ་གོས་ཧྲུལ་དང་། སྐྱ་ཟད་སྔོ་རྡུགས་ཀྱི་དུས་རབས་རིམ་བཞིན་བརྒྱུད་པ་ལས། འདས་མ་ད་གསུམ་གྱི་འཚོ་བ་ཡོད་ཚད་མྱངས་ནས་སླེབས་མཁན་ཞིག་ཡིན།
       དྲང་པོར་བཤད་ན་གདན་སར་སློབ་གཉེར་བྱེད་རིང་ཁོ་བོ་ལ་མཚོན་ན་དཀའ་ངལ་ཆེ་ཤོས་ནི་སློབ་གཉེར་བྱེད་ཐུབ་མིན་དེ་མིན་པར་འཚོ་བའི་མཐུན་རྐྱེན་དེ་ཡིན། མཐུན་རྐྱེན་ཞན་པའི་དབང་གིས་གདན་སར་སྡོད་འདོད་མེད་པ་ཐེངས་དུ་མར་བྱུང་ལ། རང་ཤག་གི་སྦུབས་སུ་ཁེ་རུ་མར་ངུ་བ་ནི་གྲངས་ཀྱིས་མི་ལང་། གྲྭ་པ་རྒན་པ་ཚོས་བཤད་ན། མཐུན་རྐྱེན་ཞན་པ་དེ་སློབ་གཉེར་གྱི་གྲོགས་ཡིན། ཟེར། གཅིག་བྱས་ན་འདི་བདེན་དོན་ཞིག་ཡིན་སྲིད་མོད། འོན་ཀྱང་། འཚོ་བ་ཞན་པའི་དཀའ་སྡུག་ནི་ངོ་མ་བཟོད་དཀའ་བ་ཞིག་རེད།

       ལོ་བཅུ་ཙམ་གྱི་སྔོན་དུ་སྡེ་ཚན་ག་གེ་མོ་ཞིག་ནས་ཁོ་བོ་བླ་མ་ཞིག་གི་སྤྲུལ་སྐུ་རེད་ཅེས་ངོས་འཛིན་བྱེད་དུ་སླེབས་པ་ན། ངའི་ཨ་ཕས་དེ་ལ་ངོས་ལེན་མ་གནང་བར་མ་ཟད། ཨ་ཕས་ང་ལ་  བུ་ཁྱེད་ཀྱིས་ཡོན་ཏན་ཡག་པོ་སྦྱོངས། དེས་མི་ཚེའི་བྱས་རྗེས་འཇོག་ཐུབ་ཀྱི་རེད། ཅེས་ཟེར།   སྐབས་དེ་དུས་ཁོ་བོ་ནི་ཨ་ཕས་སྤྲུལ་སྐུའི་གོ་སྐབས་དེ་ངོས་ལེན་གནང་ན་བསམ་མྱོང་། རྒྱུ་མཚན་ནི་ཁོ་བོ་སྤྲུལ་སྐུ་ངོ་མ་ཡིན་པས་ག་ལ་ཡིན་ཏེ། ཁོ་བོ་དེ་དང་འབྲེལ་བ་ཏིལ་འབྲུ་ཙམ་ཡང་མེད་མོད། འོན་ཀྱང་། སྤྲུལ་སྐུ་ཞིག་ཡིན་ན་འཚོ་བའི་མཐུན་རྐྱེན་ཞན་པོ་དེ་འདྲ་མི་ཡོང་བསམ་པ་དང་། ཅི་འདོད་འདོད་ཟ་ཆོག་གི་རེད། བསམ་པ་དེ་རང་ཡིན་པས། ངས་ཨ་ཕ་ལ། དེ་ངོས་ལེན་བྱོས་དང་། ཞེས་ཟེར་དུས། ཨ་ཕས་ང་ལ་འགྲམ་ལྕག་ཅིག་བཞུས་ནས་ ཁྱོད་ཁ་བཙུམས་ནས་སྡོད། ཅེས་ཟེར་བས། དེ་ནས་བཟུང་ངས་དེའི་སྐོར་ཟུར་ཙམ་ཡང་གླེང་མ་མྱོང་།
       ཨ་ཕ་ཁྱེད་བདེན་སོང་། ཁྱེད་ཀྱིས་བཤད་པ་བཞིན་ངས་ཡོན་ཏན་སྦྱངས་ནས་ད་ཆ་རང་གི་རྐང་པའི་ཐོག་ཏུ་ལངས་ཏེ་རྐང་པའི་རྗེས་གང་སར་སྤར་བཞིན་ཡོད། དགོངས་དག དེ་རིང་ངས་བཤད་རྒྱུ་དེ་འདི་མ་རེད། དེ་རིང་བཤད་འདོད་པ་ནི། ད་ལོ་ཟླ་བ་དང་པོ་ནས་མཐོ་སློབ་དགེ་རྒན་གྱི་ལས་གནས་ནས་དགོངས་པ་ཞུས་ཏེ་གདན་སར་དཔེ་ཆ་ལྟ་རུ་སླེབས།  གདན་སར་བསྐྱར་དུ་མ་སླེབས་གོང་ནས་སེམས་ཁྲལ་ཞིག་བྱུང་བ་དེ་ནི། གདན་སའི་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་མི་ཡོང་ངམ་སྙམ་པ་དེ་རེད། གང་ཡིན་ཞེ་ན། གདན་སའི་ནང་སྤུན་མཆེད་ཅིག་གིས་རོགས་པ་བྱེད་མཁན་མེད་ཚེ་སྐུ་ཡོན་རྐྱང་པས་འཁྱོལ་ཁག་པོ་རེད། ( གྲུབ་ཐོབ་ཡིན་ན་དམིགས་བསལ་ཡིན།) འོན་ཀྱང་། དཔེ་ཆ་ལྟ་རྒྱུ་དེ་གལ་ཆེན་པོར་མཐོང་ནས། ཇི་མི་སྙམ་པར་གདན་སའི་ནང་སླེབས།
ཟླ་བ་ཁ་ཤས་རིང་དཔེ་ཆ་བལྟས། ཡོད་ཚད་དཔེ་ཆའི་ཆེད་དུ་བཏང་ནས་དཔལ་འབྱོར་ལ་བསམ་བློ་ཟུར་ཙམ་མ་འཁོར། ཟླ་བ་བཞི་ཙམ་གྱི་རྗེས་ངའི་ཨམ་ཕྲག་སྟོང་པར་གྱུར་འདུག མཛུབ་མོ་ཁའི་ནང་བཅུག་སྟེ་ཅི་བྱེད་དགོས་སྙམ་པའི་དོགས་པ་དང་དྲི་བ་སྣ་ཚོགས་ཤིག་ངའི་ཀླད་པའི་གཡས་གཡོན་ཀུན་ནས་འཚང་ཁ་རྒྱག་བཞིན་འདུག  ང་ལ་གདམ་ག་གཉིས་ཡོད། དང་པོ་དེ་ནི་སྔར་བཞིན་མཐོ་སློབ་ཏུ་དགེ་རྒན་བྱས་ནས་དཔལ་འབྱོར་མཁོ་སྒྲུབ་བྱེད་རྒྱུ་རེད།  གཉིས་པ་དེ་ནི་དཀའ་ངལ་ལ་གདོང་ལེན་བྱས་ནས་མུ་མཐུད་དཔེ་ཆ་ལྟ་རྒྱུ་དེ་རེད།  བསམ་བློ་ཡུན་རིང་བཏང་རྗེས་མཐའ་མའི་ཐག་གཅོད་ནི་ཡོད་ཚད་ལ་གདོང་ལེན་བྱེད་རྒྱུ་དེ་ལ་བབ་སོང་།   ཡིན་ཡང་། ཟ་ཁང་ནང་ཇ་འཐུང་བྱེད་ཙམ་ཡང་མེད་པར་གྱུར་དུས་གདོང་ལེན་བྱེད་ཁག་པོ་ཡིན་པ་ནི་སྨྲོས་ག་ལ་དགོས། དེའི་ཆེད་ཐབས་ལམ་ཞིག་བསམ་བློའི་ནང་འཁོར་བ་ནི་རོགས་པ་ཚོའི་ས་ནས་བུ་ལོན་གཡར་རྒྱུ་དེ་རེད།   
       ལམ་སེང་ངའི་འཛིན་གྲོགས་གཉིས་ཀྱིས་ང་ལ་སྒོར་ཁྲི་གཉིས་གཡར་སོང་། ཁྲི་གཉིས་པོ་དེ་ནི་སྐོམ་པ་ལ་དུས་ཐོག་གི་ཆར་པ་བཞིན་དུ་གྱུར་ནས་ཟླ་བ་ཁ་ཤས་རིང་སློབ་གཉེར་གྱི་འཕྲོ་སྐྱོང་ཐུབ་པར་གྱུར།  དངུལ་ཞེས་པ་དེ་ནི་གསོག་པར་དཀའ་ལ་འཛད་པར་སླ་བའི་དངོས་པོ་ཞིག་ཡིན་པས། ཟླ་བ་ཁ་ཤས་ནང་རྫོགས་སོང་། དགོན་པའི་ནང་ཕར་འགྲོ་སོང་མ་གཏོགས་ཚུར་ཡོང་བབ་གང་ཡང་མེད་སྟབས། ཡང་བསྐྱར་རོགས་པ་ཁ་ཤས་ས་ནས་དངུལ་གཡར་དགོས་བྱུང་། 
       ཕར་དང་ཚུར། གཡས་དང་གཡོན། ག་ས་ག་ནས་དངུལ་གཡར་སྟེ་ད་ནི་དངུལ་གྱི་ཕོན་ཡང་ཁྲི་ཁ་ཤས་ཟིན་སོང་། ཡིན་ཡང་། ངའི་སེམས་ནང་སེེེམས་ཁྲལ་དེ་ཙམ་མི་འདུག་ལ།   ང་ལ་དངུལ་གཡར་མཁན་དེ་ཚོའི་སེམས་ལའང་སེམས་ཁྲལ་ཏིལ་འབྲུ་ཙམ་ཡང་མེད་པ་ངས་གསལ་པོར་ཤེས།  གང་ལྟར་དངུལ་ཁྲི་ཁ་ཤས་ཀྱི་བུ་ལོན་འོག་ནས་སློབ་གཉེར་མུ་མཐུད་དེ་བྱས་ཏེ།  མཐར་ལོ་འཁོར་གྱི་རྒྱུགས་སྤྲོད་ཟིན་སོང་ལ། འདི་ལོའི་སློབ་གཉེར་གྱི་ལས་རིམ་ཡང་རྫོགས་སོང་། 
       འདི་ལོའི་སློབ་གཉེར་གྱི་ལས་རིམ་ཡོངས་གྲུབ་རྗེས་ས་གནས་གང་སར་གཏམ་བཤད་དང་ཟབ་སྦྱོང་སྤེལ་དུ་སོང་།   དེ་ནི་དངུལ་གྱི་དོན་མིན་ཡང་ཞོར་དུ་དངུལ་བབ་ཡོང་བ་དེ་ནི་ལྡོག་ཏུ་མེད་པ་ཞིག་རེད།  དེ་ལྟར་ཟླ་བ་ཁ་ཤས་རིང་རྒྱ་གར་གྱི་ས་གནས་མང་པོ་ཞིག་གི་ནང་སྐོར་སྐྱོད་ལ་སོང་རྗེས་སྐབས་བབ་ཀྱི་འགན་འཁྲི་དེ་དག་ལེགས་པར་གྲུབ་པར་མ་ཟད་སྒོར་མོ་ཁྲི་ཁ་ཤས་ཤིག་ཀྱང་ལེགས་གསོལ་ལ་གནང་བྱུང་བས།  དེ་རིང་བུ་ལོན་དེ་དག་གཙང་སྤྲོད་བྱས་རྗེས། རང་ཉིད་ཀྱི་སེམས་ལ་བརྗོད་མི་ཤེས་པའི་སྤྲོ་སྣང་དང་སྤོབས་སེམས་ཤིག་ཕན་ཚུན་འགྲན་པ་བཞིན་དུ་སྐྱེ་འོངས།
              རྒྱུ་མཚན་གང་ཡིན་ཞེ་ན། ཤུལ་ལུས་ཀྱི་གཞོན་ནུ་བདག་མེད་ཁོ་བོ་ལྟ་བུ་ཞིག་གིས་སུ་དང་གང་གི་ཕྱག་ནས་མ་བསླངས་ཤིང་། རང་ཉིད་ཀྱི་འབད་པ་ལས་གྲུབ་པའི་ ཡང་དག་པའི་འཚོ་བའི་ ཁྲོད་ནས་རང་ཁ་རང་གིས་གསོ་བ་ནི་ཅི་འདྲ་བའི་ཡང་དག་པའི་ལངས་ཕྱོགས་ཡིན་སྙམ་པར་མ་ཟད། མེད་རབས་དང་ཆད་རབས་བཤད་དེ་ཉམས་ཐག་གི་ཟློས་གར་སྐྱུར་མོའི་འོག་ནས་སྦྱིན་བདག་ཟེར་བ་དེའི་ཕྱག་དབང་བཟེད་མ་མྱོང་བ་དང་།   སྐྱོ་རབས་དང་སྡུག་རབས་བགྲངས་ནས་ནང་མི་སྤུན་མཆེད་ཀྱིས་ཁྲག་དང་རྔུལ་ནག་གིས་བསགས་པའི་སྒོར་མོ་ལ་ལག་པས་རེག་ཙམ་ཡང་བྱེད་མ་མྱོང་བར་ཨ་མས་གནང་བའི་རྐང་པ་གཉིས་ས་ལ་བཙུགས་ཤིང་། མིག་གཉིས་ཀྱིས་ཕྱི་ནང་གང་སར་བལྟས། རྣ་བ་གཉིས་ཀྱིས་རང་གཞན་གྱི་གཞུང་ལུགས་ཉན་ཞིང་།  ལག་པ་གཉིས་ཀྱིས་ལེགས་བཤད་འདྲ་མིན་བརྩམས་པའི་ མཁས་པའི་ལམ་བུར་ཞུགས་པའི་འགྲུལ་བཞུད་འདིའི་ཁྲོད་ནས།  ཨ་ཕ་ཁྱེད་ཀྱིས་གནང་བའི་མགོ་བོ་མཐོན་པོ་འདི་སུ་ཞིག་གི་རྐང་འོག་ཏུ་ལྷུང་མེད་པ་འདི་ནི་ངའི་སྤོབས་སེམས་ཡིན་ལ།  ངའི་ང་རྒྱལ་ཡང་ཡིན།   ཕལ་ཆེར་འདི་ཨ་ཕ་ཁྱེད་ཀྱི་ང་རྒྱལ་ཡང་ཡིན་ཆོག
༢༠༡༨  ཟླ་བ་ ༡༡  ཚེས་   ཉིན་རང་ཤག་བེ་རི་འགྲོ་ཕན་གླིང་ནས།
འབྲས་སྤུངས།
དགོང་དྲོ། ཆུ་ཚོད།  སྐར་མ་