Wednesday, March 27, 2019

ཁ་བྱང་མེད་པ།

གནམ་ངོ་ལུག་པའི་བར་སྲུབས་ནས།།
གྲུ་ཆར་ཟེགས་མ་སྟོང་དུ་ཉིལ།།
ས་མཐར་འཐོར་བའི་མཆི་མ་དག།
ཆར་གྱི་རྒྱུན་དང་འདྲེས་པར་གྱུར།།
གཡུ་རལ་རྒྱས་པའི་སེང་གེའི་བུ།།
གཞན་ཡུལ་འགྲིམས་པའི་ལོ་ཟླའི་ཁྲོད།།
ཁྱི་སྤྱང་ཚོགས་ཀྱི་རྙི་རའི་ནང་།།
ཚུད་འདི་ལྷག་པར་མི་སྐྱོ་འམ།།

ཀྱག་ཀྱོག་ཆེ་བའི་འཕྲང་ལམ་དེར།།
གཅིག་པུར་ཧད་ཀྱིས་བསྐྱོད་པའི་ཚེ།།
རྡོག་སྣེ་ཐོགས་པའི་སེམས་འཚབ་ཀྱིས།།
ཡིད་ཀྱི་རྐང་ཟུང་འདར་བ་བསྟེན།།
མིག་ཟུང་ཧ་ཅང་གསལ་དྲགས་པས།།
ཡོལ་བའི་རྒྱབ་ཀྱང་ཞིབ་ཏུ་རིག།
རྣ་བ་ཧ་ཅང་སངས་དྲགས་པས།།
ཙག་སྒྲ་དག་ཀྱང་ཐོས་པར་གྱུར།།
བདེན་དོན་རིག་པའི་མིག་ཟུང་གིས།།
བདག་ལ་གདུང་བ་ལྷག་པར་སྟེར།།
གནས་ལུགས་ཐོས་པའི་རྣ་ཟུང་གིས།།
བདག་ལ་ན་ཟུག་སྣོན་མ་བྱིན།།
ལྕེ་རྩེ་རབ་ཏུ་བརྟུལ་བ་བདག།
བདེན་དོན་རྗེན་པ་རིག་གྱུར་ཀྱང་།།
མིག་དང་རྣ་བ་བཀབ་གྱུར་ཏེ།།
ཉི་མ་སྐྱེལ་བའི་འབད་པ་བསྟེན།།
ཁ་བ་ལྷུང་ལྷུང་བབ་པའི་ཤུལ།།
གྲུ་ཆར་ཟེགས་མ་མཁའ་ནས་འཐོར།།
སླར་ཡང་ཁ་བ་འབབ་པའི་མོད།།
རྙི་ལས་གྲོལ་བའི་དུས་དེ་འཆར།།
༢༠༡༩/༣/༢༥
བེ་རི་རྒྱལ་སྲས།