བེ་རི་རྒྱལ་སྲས།
ཁོ་བོ་ལོ་བཅུ་བཅུ་གཅིག་གི་སྐབས་ཤིག་ཏུ། སློབ་གྲྭའི་ནང་ལག་རྩལ་འགྲན་སྡུར་གྱི་ཁྲོད་ངས་ཤོག་བྱ་དང་།
ཤོག་ཞྭ ད་དུང་ཤོག་བུ་བཅད་བཏུབ་ཀྱིས་རི་མོ་འདྲ་མིན་བཟོས་པ་ཡིན།
སློབ་གྲྭ་གྲོལ་རྗེས། ཤོག་བྱ་གནམ་ལ་སྤུར་ཞིང་། ཤོག་ཞྭ་མགོ་ལ་གྱོན་ནས་ཚིག་མེད་པའི་གླུ་སྒྲ་ལེན་བཞིན་རྒྱུགས་མ་འདུར་གྱིས་ཁྱིམ་དུ་བསླེབས།
ནམ་རྒྱུན་བཞིན་ཨ་ཕས་འོ་མ་ཕོར་པ་གང་བླུགས་ནས་ང་ལ་སྒུག་བཞིན་འདུག
ངའི་མགོ་ལ་ཤོག་ཞྭ་གྱོན་ཡོད་པ་མཐོང་མ་ཐག་སྐད་ཆ་ཚིག་གཅིག་ཀྱང་མེད་པར་ཐལ་ལྕག་ཚ་ཐག་ཆོད་ཅིག་བཞུས་ནས་ང་ས་ལ་འགྱེལ་སོང་།
དེ་རིང་ནམ་རྒྱུན་གྱི་ཨ་ཕ་དང་འདྲ་གི་མི་འདུག
རྒྱུན་ལྡན་ང་ཁྱིམ་དུ་བསླེབས་མ་ཐག་ངའི་འབྲི་དེབ་ལ་བལྟས་ནས།
སློབ་གྲྭར་དཀའ་ཨེ་བྱུང་། ཡག་པོ་ཞེ་དྲགས་བྲིས་འདུག ཅེས་གསུང་གི་ཡོད། དངོས་གནས་བཤད་ན་ཨ་ཕ་རང་གིས་ཡི་གེ་ཀ་ན་གཅིག་ཤེས་ཀྱི་མེད་ཀྱང་།
ངའི་འབྲི་དེབ་ལ་ཞིབ་འཇུག་བྱེད་སྟངས་ལ་བལྟས་ན།
དགེ་རྒན་ཆེན་མོ་ཞིག་དང་འདྲ་བ་ཡོད།
ཨོ། དེ་རིང་འབྲི་དེབ་ལ་ལྟ་ལོང་མེད་པར་ཐལ་ལྕག་དང་འགྲམ་ལྕག་གིས་དྲག་ཏུ་བརྡུངས་བྱུང་བས།
དང་ཐོག་བསམ་བློ་གང་ཡང་མི་གཏོང་བར་ཤུགས་ཆེར་ངུས་པ་ཡིན།
སྐར་མ་ཁ་ཤས་རྗེས་དེ་རིང་ཨ་ཕ་ཁོང་ཁྲོ་འདི་འདྲ་ལངས་དོན་ཅི་ཡིན་སྙམ་ནས་བསམ་བློ་ཞིབ་ཏུ་བཏང་བས་ངུ་མཚམས་ཆད་སོང་།
ཨ་ཕས་ད་དུང་ང་རྡུང་བཞིན་འདུག སྐར་མ་ཁ་ཤས་རྗེས་ཨ་ཕ་ཁོ་རང་ཡང་ཐང་ཆད་འདུག
ཉལ་ཁྲིའི་ཟུར་ཞིག་ཏུ་བསྡད་ནས། ཁྱོད་ལྟས་ངན། ཤོག་ཞྭ་གྱོན་ནས་ཅི་བྱེད། ཅེས་གསུངས་བྱུང་། ད་གཞིས་ནས་ཤེས་བྱུང་། དེ་རིང་ང་རྡུང་དོན་ནི། ངས་ཤོག་ཞྭ་གྱོན་ཡོད་པས་རེད་འདུག འོ། འོ་ན། ཤོག་ཞྭ་གྱོན་པ་དེ་དེ་འདྲའི་བྱ་བ་ངན་པ་ཞིག་ཡིན་ནམ།
བྱང་སེམས་ཅན་གྱི་ཨ་ཕ་དེ་དེ་རིང་ངས་ཤོག་ཞྭ་གྱོན་པ་ཙམ་ལ་སྤྲོ་ལངས་དོན་ཅི་ཡིན་ནམ།
ངོ་མ། ཤོག་ཞྭ་གྱོན་པ་དེ་ཐ་མག་འཐེན་པ་བཞིན་བྱ་བ་ངན་པ་ཞིག་ཡིན་ནམ།
དེ་རིང་ཨ་ཕ་སྤྲོ་འདི་ལྟར་ལངས་དོན་གང་ཡིན་ནམ།
སྙམ་བཞིན་གྱང་ལྡེབས་ཀྱི་ཟུར་ཞིག་ཏུ་ལངས་ནས་བསྡད་པ་ཡིན།
ཨ་ཕ་ནི་ཁྲོ་བའི་དབང་གིས་སྐད་ཆའི་ཚིག་ཀྱང་དག་གི་མི་འདུག
ཤོག་ཞྭ། ཤོག་ཞྭ ཞེས་གསུངས་པ་དང་། ཚིག་འབྲུ་གཞན་རྣམས་མི་གསལ་བར་གྱུར། ད་དུང་། ས་བདག ས་བདག ཅེས་པའི་ཚིག་འདི་ཙམ་ལས་གཞན་རྣམས་གསལ་གྱི་མི་འདུག ང་ནི་ད་དུང་ཡང་དོགས་པ་ཆོད་མ་སོང་།
དགོང་མོར་ཉལ་ཁར། ངའི་གདོང་ལ་འཕུར་འཕུར་བྱེད་ཞོར། ན་ཨེ་བྱུང་། ཞེས་དྲིས་པ་དང་ལྷན་དུ། བུ་ཁྱོད་ཀྱིས་ཤོག་ཞྭ་གཏན་ནས་གྱོན་མ་ཡོང་།
དེ་སྔོན་རིག་གནས་གསར་བརྗེའི་སྐབས། རྒྱ་དམར་གུང་ཁྲན་གྱིས་མངའ་བདག་ཆེན་པོ་གསུམ་ཁོངས་ཀྱི་ས་བདག་རྣམས་ལ་ཤོག་བུའི་ཞྭ་མོ་རེ་གཡོགས་ནས། རང་རེའི་ཨ་མྱེས་དང་།
ཨ་ཡུམ་སོགས་ལ་རྡུང་རྡེག་ཚད་ལས་བརྒལ་བར་བཏང་ཡོད།
དེ་ཚོ་ཁྱོད་ཀྱིས་གཏན་ནས་བརྗེད་མི་ཉན། ཞེས་སོགས་རིག་གནས་གསར་བརྗེའི་སྐབས་ཀྱི་རྡུང་རྡེག་དང་མནར་གཅོད་ཇི་ལྟར་བཏང་མིན་སྐོར་གྱི་ལོ་རྒྱུས་མཚན་གང་བཤད་སོང་།
ད་གཞི་ནས་ཤེས་སོང་། ཨ་ཕ་ཤོག་ཞྭ་ལ་སྡང་དོན་གཞི་ནས་ཤེས་སོང་། ཁ་སང་ཨ་ཕས་ང་ལ་ཐལ་ལྕག་གིས་བརྡུངས་པར་ཁྲོ་བ་སྤུ་ཙམ་ཡང་མེད་པར།
ད་དུང་ཨ་ཕ་ལ་ཤ་ཚ་དང་སྙིང་རྗེ་སྐྱེས་འོངས།
ཨ་ཕའི་གདོང་པ་ལ་ཞིབ་ཏུ་བལྟས་པས། ཐོད་པའི་གཉེར་རིས་དེ་དག་གི་གསེབ་ཏུ་བརྗོད་མི་ཚར་བའི་དཀའ་སྡུག་གི་ལོ་རྒྱུས་རིང་པོ་ཞིག་སྦས་ཡོད་པ་ཤེས་ཐུབ།
ཤོག་ཞྭ་ཞེས་པའི་ཞྭ་མོ་དེའི་རྒྱབ་ཏུ། མནར་གཅོད་དང་རྡུང་རྡེག་གི་ལོ་རྒྱུས་སྐྱུར་མོ་དེ་ལྟ་བུ་ཞིག་སྦས་ཡོད་པ་རེད་ཨང་། ཤོག་ཞྭ་ཞེས་པའི་ཞྭ་མོ་དེའི་ནང་དུ། ཤ་འཁོན་གྱི་རྣག་ཁྲག་ཅི་འདྲའི་མང་པོ་ཞིག་བསྐུངས་ཡོད་པ་རེད་ཨང་། ཤོག་ཞྭ་ཞེས་པའི་ཞྭ་མོ་དེའི་ཐོད་དུ།
ཁ་བ་གངས་ཅན་པའི་མི་རིགས་ཀྱི་ཕམ་ཁ་དང་། ངུ་ངག་ཅི་འདྲའི་མང་པོ་ཞིག་བྲིས་ཡོད་པ་རེད་ཨང་། ཤོག་ཞྭ་ཞེས་པའི་ཞྭ་མོ་དེའི་ངོས་སུ།
ཨ་ཕ་དང་ཨ་མ་གཉིས་ཀྱིས་ཡིག་ངོ་མ་ཆོད་པའི་ལོ་རྒྱུས་སྐྱུར་མོ་དེ་འདྲ་ཞིག་བྲིས་ཡོད་པ་རེད་ཨང་། ཤོག་ཞྭ་ཞེས་པའི་ཞྭ་མོ་དེའི་མདུན་དུ། ངའི་ཨ་ཕས་བསྲན་མི་ཐུབ་པའི་ཁྲོ་བ། བརྗོད་མི་ཚར་བའི་སྐྱོ་གདུང་། བཟོད་མི་ཐུབ་པའི་འཁོན་སེམས་ཅི་འདྲའི་མང་པོ་ཞིག་བརྐོས་ཡོད་པ་རེད་ལ།
ད་དུང་། གཞོམ་ཞིག་བྲལ་བའི་ལ་རྒྱ། ཞུམ་པ་མེད་པའི་སྙིང་སྟོབས། བུ་རབ་སྐྱོང་བའི་བློ་སྟོབས་བཅས་ཀྱང་ཁྲ་ལྷམ་མེར་གསལ་འོངས།
དེས་ན། ཨ་ཕ་ཁྱེད་བློ་བདེ་མོ་བྱོས།
ངས་ཤོག་ཞྭ་གཏན་ནས་གྱོན་མི་ཡོང་། ངས་ཞྭ་སེར་གསེར་ལམ་ལམ་དེ་གྱོན་ནས་ཁྱེད་ཀྱི་རེ་བ་དང་ཕུགས་བསམ་ཡོད་ཚད་མངོན་འགྱུར་ཡོང་བར་ངས་ནུས་ཤུགས་ཅི་ཡོད་ཀྱིས་འབད་ཆོག
ཁྱེད་བློ་བདེ་མོ་བྱོས། ༢༠༡༢
ཟླ་བ་ ༡༢ ཚེས་ ༡༣ ཉིན།