Wednesday, December 13, 2017

གཅུང་པོ་ལྟོགས་ཤི་ཐེབས་པ།

                      
      དེ་རིང་ཞོགས་པ་རྒྱུན་ལྡན་བཞིན་ཆུ་ཚོད་ལྔ་པར་ལངས་ནས། ཆབ་གསང་དུ་ཕྱིན་པའི་སྐབས་གཅུང་པོ་ལྟོགས་ཤི་ཐེབས་འདུག་པས་སེམས་སྡུག་མི་སྐྱེ་བ་ག་ལ་སྲིད། ཚང་མས་མ་ཎི་རེ་འདོན་རོགས།
      དེ་ཡང་། སྨད་གཡོག་གི་ཁ་ཕྱེ་ནས་བལྟས་པ་ན། སྒྲིག་འཛུགས་མེད་པར་ཚམ་ཚོམ་དུ་སྐྱེས་པའི་ཤིང་ནགས་སྟུག་མ་སྲབ་ཀྱི་གསེབ་ཏུ་གཅུང་པོའི་མགོ་བོ་ཡོངས་སུ་སྐམ་ཞིང་། རྙིང་རུལ་དུ་སོང་བའི་མངའ་རིས་ཁམ་བུ་ཞིག་དང་འདྲ་བར། ཟུངས་ཟད་ཅིང་ལུས་སྟོབས་ཉམས་ནས་ཤི་སོང་འདུག དེ་མ་ཐག་ བརྗོད་མི་ཤེས་པའི་སྡུག་བསྔལ་དྲག་པོ་ཞིག་དང་ལྷན་འཚབ་འཚུབ་ཀྱིས་བལྟས་པ་ན། པགས་པ་ཉི་ཚེ་བ་དག་ནི་སྲ་ཞིང་མཁྲེགས་ལ། ཞལ་ཁ་འབྱེད་པར་ཡང་ཤིན་ཏུ་ཁག་པར་གྱུར།

      ནུས་ཤུགས་གང་ཡོད་བཏོན་པས། ད་གཟོད་དབུ་འབྱེད་ཞུ་ཐུབ་སོང་། གཅུང་པོ་ནི་ཧ་ཅང་ཡ་ང་ཞིང་།  སྐམ་རིད་དུ་སོང་ནས་མིག་ཡ་གཅིག་ལས་མེད་པ་དེ་ཡང་ཁོག་ཏུ་འཛུལ་ནས་སུས་བལྟས་ཀྱང་སྙིང་རྗེ་མ་སྐྱེས་ཀ་མེད་དུ་གྱུར་འདུག ལྷད་མེད་པའི་ཡ་ང་སྙིང་རྗེ་ཞིག་གིས་གཅུང་པོའི་གདོང་པ་ལ་ཞིབ་ཀྱིས་བལྟས་པས། ཁོང་གིས། “ མི་ལོ་སུམ་ཅུའི་རིང་ཁྱེད་ཀྱིས་ང་ལ་ཆུ་དྭངས་མོ་ཐིགས་པ་གཅིག་ཀྱང་སྟེར་མ་སོང་ལ། ཟས་ཞིམ་པོ་ཁམ་བུ་གང་ཡང་མ་སྦྱིན་པར། ང་ནི་ཁྱེད་ཀྱི་ཆུ་སྙིགས་དབོར་འདྲེན་གྱི་བྲན་གཡོག་རང་བྱས་ཏེ། སྡུག་དཀའ་ལས་ཚད་མེད་ཅིག་བརྒྱབས་མཐར། ད་གཟོད་ངའི་ཟུངས་ཁྲག་ཡོངས་སུ་སྐམ་སོང་ལ། ལུས་སྟོབས་ཀྱང་ཡོངས་སུ་ཉམས་སོང་། ད་ཁྱེད་ཀྱིས་ང་ལ་ཟས་ཞིམ་པོ་ཐེངས་མ་གཅིག་སྦྱིན་མི་ཐུབ་བམ། “ ཟེར།
      སྙིང་ཉེ་བའི་གཅུང་པོ། ཁྱེད་ཐུགས་བདེན། ཁྱེད་ལ་ཐུགས་ཁག་གཏན་ནས་མེད།
ཟས་ཞིམ་པོ་ཟ་མི་འདོད་པ་སུ་ཞིག་ཡོད། ཆུ་མངར་མོ་འཐུང་མི་འདོད་པ་སུ་ཞིག་ཡོད།
གཅེན་པོ་བདག་ཆུང་དུས་ནི་གཅུང་པོ་ཁྱེད་དམར་དབྱར་རང་ཡིན་པས། ཨ་མའི་འོ་མ་ལས་གཞན་པའི་ཟས་ཞིམ་པོ་དང་། ཆུ་མངར་མོ་འཐུང་ས་མེད། གཅུང་པོ་ཁྱེད་ནར་སོན་པའི་ཚེ། ཁོ་བོར་སྡོམ་པ་ཡིན་ཟེར་བའི་མི་མངོན་པའི་ཆིངས་ཞགས་ཤིག་གིས་ཡོངས་སུ་བསྡམས་ཤིང་། ཚུལ་ཁྲིམས་ཡིན་ཟེར་བའི་སྒོ་ལྕགས་ཆེན་པོ་ཞིག་ང་ཙམ་དུ་མ་ཟད། ཁྱེད་ཀྱི་རྐང་ལག་ལའང་བརྒྱབས་སོང། དུས་དེ་ནས་བཟུང་ཁྱེད་དང་ང་གཉིས་ཀ་ནག་བཙོན་ཞིག་ཏུ་བཅུག་ནས་ནམ་ཡང་གློད་བཀྲོལ་གཏོང་རྒྱུ་མིན་ཟེར། བཙོན་ཁང་དེ་ནི་ནག་བཙོན་ཞིག་སྟེ།  རྐང་ལག་རྣམས་ལ་རང་དབང་མེད་ལ། ཐ་ན་ཁ་དང་མིག་ལའང་རང་དབང་མི་འདུག ཆེས་མུན་ནག་གི་བཙོན་ཁང་དེ་རུ་གཅུང་པོ་ཁྱེད་ཀྱང་ང་དང་མཉམ་དུ་སྡུག་པོ་མྱོང་དགོས་བྱུང་བ་དེར་གཅེན་པོ་ངས་དགོངས་དག་ཞུ་རྒྱུ་ལས་ཅང་མི་འདུག
      ཡིན་ཡང་། གཅུང་པོ་ཁྱེད་ཀྱིས། “གང་དུ་གཉའ་གནོན་ཡོད་པ་དེར། གྱེན་ལངས་ཡོད།” ཅེས་སྐད་འབོད་བརྒྱབས་ཏེ། ངོ་རྒོལ་མ་བྱེད་རོགས། འདི་ནི་རང་ཅག་གི་བུ་རབས་ཚ་རྒྱུད་ཀྱི་གོམས་སྲོལ་རེད། གལ་སྲིད་ངོ་རྒོལ་བྱས་ཏེ། ཁྱེད་དང་ང་ལ་རྒྱལ་ཁ་ཐོབ་པའི་དབང་དུ་བཏང་ནའང་། ང་གཉིས་ལ་ “ངོ་ལོག་པ། “ཞེས་ལོ་རྒྱུས་ཀྱི་ནག་ཉེས་ཅན་ཞིག་འགྱུར་རྒྱུ་རེད། དེས་ན། ཁ་རོགས་སྡོད་ལ། མ་ཤི་བར་བཟོད་བསྲན་བྱོས།  བཟོད་བསྲན་ནི་ང་གཉིས་ཀྱི་ཐབས་ལམ་ཆེས་མཆོག་ཏུ་གྱུར་པ་དེ་རེད།
      ༢༠༡༧ ཟླ་བ་ ༡༢ ཚེས་ ༡༤ ཉིན། སྔ་དྲོ། ཚོུད། ༥ སྐར་མ། ༢༥ ལ།