༄༅།།རྟེན་འབྲེལ་བསྟོད་པ་བཞུགས་སོ།།
ན་མོ་གུ་རུ་མཉྫུགྛགྷོཥཡ།
གང་ཞིག་གཟིགས་ཤིང་གསུང་བ་ཡིས། །
མཁྱེན་དང་སྟོན་པ་བླ་ན་མེད།།
རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །
གཟིགས་ཤིང་འདོམས་པ་དེ་ལ་འདུད། །
འཇིག་རྟེན་རྒུད་པ་ཇི་སྙེད་པ།།
དེ་ཡི་རྩ་བ་མ་རིག་སྟེ། །
གང་ཞིག་མཐོང་བས་དེ་ལྡོག་པ། །
རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས།།
དེ་ཚེ་བློ་དང་ལྡན་པ་ཡིས། །
རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། །
ཁྱོད་ཀྱི་བསྟན་པའི་གནད་ཉིད་དུ།།
ཇི་ལྟར་ཁོང་དུ་ཆུད་མི་འགྱུར། །
དེ་ལྟ་ལགས་ན་མགོན་ཁྱོད་ལ། །
བསྟོད་པའི་སྒོ་ནི་སུ་ཞིག་གིས།།
བརྟེན་ནས་འབྱུང་བ་གསུངས་པ་ལས། །
ངོ་མཚར་གྱུར་བ་ཅི་ཞིག་རྙེད། །
གང་གང་རྐྱེན་ལ་རག་ལས་པ།།
དེ་དེ་རང་བཞིན་གྱིས་སྟོང་ཞེས། །
གསུངས་པ་འདི་ལས་ཡ་མཚན་པའི། །
ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད།།
གང་དུ་བཟུང་བའི་བྱིས་པ་རྣམས། །
མཐར་འཛིན་འཆིང་བ་བརྟན་བྱེད་ཅིང༌། །
དེ་ཉིད་མཁས་ལ་སྤྲོས་པ་ཡི།།
དྲ་བ་མ་ལུས་གཅོད་པའི་སྒོ། །
བསྟན་འདི་གཞན་དུ་མ་མཐོང་བས། །
སྟོན་པ་ཞེས་བྱ་ཁྱོད་ཉིད་དེ།།
ཝ་སྐྱེས་ལ་ནི་སེང་གེ་བཞིན། །
མུ་སྟེགས་ཅན་ལ་གཅམ་བུའི་ཚིག །
ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས།།
ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །
རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །
སྟོན་པ་དེ་ལ་བདག་ཕྱག་འཚལ།།
ཕན་མཛད་ཁྱོད་ཀྱིས་འགྲོ་བ་ལ། །
སྨན་པའི་སླད་དུ་བཀའ་བསྩལ་པ། །
བསྟན་པའི་སྙིང་བོ་སྟོང་བ་ཉིད།།
ངེས་པའི་རྒྱུ་མཚན་ཟླ་མེད་པ། །
རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ། །
འགལ་བ་དང་ནི་མ་གྲུབ་པར།།
མཐོང་བ་འདི་ཡིས་ཁྱོད་ཀྱི་ལུགས། །
ཇི་ལྟར་ཁོང་དུ་ཆུད་པར་ནུས། །
ཁྱོད་ནི་ནམ་ཞིག་སྟོང་བ་ཉིད།།
རྟེན་འབྱུང་དོན་དུ་མཐོང་བ་ན། །
རང་བཞིན་གྱིས་ནི་སྟོང་བ་ན། །
བྱ་བྱེད་འཐད་པའང་མི་འགལ་ཞིང༌།།
དེ་ལས་ལྡོག་པར་མཐོང་བ་ན། །
སྟོང་ལ་བྱ་བ་མི་རུང་ཞིང༌། །
བྱ་དང་བཅས་ལ་སྟོང་མེད་པས། །
ཉམ་ངའི་གཡང་དུ་ལྟུང་བར་བཞེད།།
དེ་ཕྱིར་ཁྱོད་ཀྱི་བསྟན་པ་ལ། །
རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། །
དེ་ཡང་ཀུན་ཏུ་མེད་པ་དང༌།།
རང་བཞིན་གྱིས་ནི་ཡོད་པས་མིན། །
ལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །
དེས་ན་མ་བརྟེན་ཡོད་མ་ཡིན།།
ངོ་བོས་གྲུབ་ན་དེ་འགྲུབ་པ། །
རྒྱུ་དང་རྐྱེན་ལ་ལྟོས་པ་འགལ། །
དེ་ཕྱིར་བརྟེན་ནས་འབྱུང་བ་ལས།།
མ་གཏོགས་ཆོས་འགའ་ཡོད་མིན་པས། །
རང་བཞིན་གྱིས་ནི་སྟོང་བ་ལས། །
མ་གཏོགས་ཆོས་འགའ་མེད་པར་གསུངས།།
རང་བཞིན་ལྡོག་པ་མེད་པའི་ཕྱིར། །
ཆོས་རྣམས་རང་བཞིན་འགའ་ཡོད་ན། །
མྱ་ངན་འདས་པ་མི་རུང་ཞིང༌།།
སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །
དེ་ཕྱིར་རང་བཞིན་རྣམ་བྲལ་ཞེས། །
སེང་གེའི་སྒྲ་ཡིས་ཡང་ཡང་དུ།།
མཁས་པའི་ཚོགས་སུ་ལེགས་གསུངས་པ། །
འདི་ལ་སུ་ཡིས་འགོང་བར་ནུས། །
རང་བཞིན་འགའ་ཡང་མེད་པ་དང༌།།
འདི་ལ་བརྟེན་ནས་འདི་འབྱུང་བའི། །
རྣམ་གཞག་ཐམས་ཅད་འཐད་པ་གཉིས། །
མི་འགལ་འདུ་བ་སྨོས་ཅི་དགོས།།
བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། །
མཐར་ལྟ་བ་ལ་མི་བརྟེན་ཞེས། །
ལེགས་གསུངས་འདི་ནི་མགོན་ཁྱོད་ཀྱི།།
སྨྲ་བ་བླ་ན་མེད་པའི་རྒྱུ། །
འདི་ཀུན་ངོ་བོས་སྟོང་བ་དང༌། །
འདི་ལས་འདི་འབྲས་འབྱུང་བ་ཡི།།
ངེས་པ་གཉིས་པོ་ཕན་ཚུན་དུ། །
གེགས་མེད་པར་ནི་གྲོགས་བྱེད་པ། །
འདི་ལས་ངོ་མཚར་གྱུར་བ་དང༌།།
འདི་ལས་རྨད་དུ་བྱུང་བ་གང༌། །
ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། །
བསྟོད་པར་འགྱུར་གྱི་གཞན་དུ་མིན།།
རྨོངས་པས་བྲན་དུ་བཟུང་བ་ཡིས། །
གང་ཞིག་ཁྱོད་དང་ཞེ་འགྲས་པ། །
དེ་ཡིས་རང་བཞིན་མེད་པའི་སྒྲ།།
མི་བཟོད་གྱུར་ལ་མཚར་ཅི་ཡོད། །
ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། །
བརྟེན་ནས་འབྱུང་བ་ཁས་བླངས་ནས།།
སྟོང་ཉིད་ང་རོ་མི་བཟོད་པ། །
འདི་ལ་ཁོ་བོ་ངོ་མཚར་གྱུར། །
རང་བཞིན་མེད་ལ་བཀྲི་བའི་སྒོ།།
བླ་མེད་རྟེན་ཅིང་འབྲེལ་འབྱུང་གི །
མིང་ཉིད་ཀྱིས་ནི་རང་བཞིན་དུ། །
འཛིན་ན་ད་ཀོ་སྐྱེ་བོ་འདི། །
འཕགས་མཆོག་རྣམས་ཀྱིས་ལེགས་བགྲོད་པའི།།
འཇུག་ངོགས་ཟླ་དང་བྲལ་གྱུར་པ། །
ཁྱོད་དགྱེས་གྱུར་པའི་ལམ་བཟང་དེར། །
ཐབས་གང་གིས་ནི་བཀྲི་བར་བྱ།།
རང་བཞིན་བཅོས་མིན་ལྟོས་མེད་དང༌། །
རྟེན་འབྲེལ་ལྟོས་དང་བཅོས་མ་གཉིས། །
ཇི་ལྟ་བུ་ན་གཞི་གཅིག་ལ།།
མི་འགལ་འདུ་བ་ཉིད་དུ་འགྱུར། །
དེ་ཕྱིར་བརྟེན་ནས་འབྱུང་བ་གང༌། །
རང་བཞིན་གྱིས་ནི་གདོད་མ་ནས།།
རྣམ་པར་དབེན་ཡང་དེར་སྣང་བས། །
འདི་ཀུན་སྒྱུ་མ་བཞིན་དུ་གསུངས། །
ཁྱོད་ཀྱིས་ཇི་ལྟར་བསྟན་པ་ལ།།
རྒོལ་བ་འགས་ཀྱང་ཆོས་མཐུན་དུ། །
གླགས་མི་རྙེད་པར་གསུངས་པ་ཡང༌། །
འདི་ཉིད་ཀྱིས་ནི་ལེགས་པར་འཁུམས།།
ཅི་སླད་ཅེ་ན་འདི་བཤད་པས། །
མཐོང་དང་མ་མཐོང་དངོས་པོ་ལ། །
སྒྲོ་འདོགས་པ་དང་སྐུར་འདེབས་ཀྱི།།
གོ་སྐབས་རིང་དུ་མཛད་ཕྱིར་རོ། །
ཁྱོད་ཀྱི་སྨྲ་བ་ཟླ་མེད་པར། །
མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི།
ལམ་འདི་ཉིད་ཀྱི་གསུང་གཞན་ཡང༌། །
ཚད་མར་གྱུར་བར་ངེས་པ་སྐྱེ། །
དོན་བཞིན་གཟིགས་ནས་ལེགས་གསུངས་པ།།
ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །
རྒུད་པ་ཐམས་ཅད་རིང་དུ་གྱུར། །
ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ།།
ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །
ཡུན་རིང་ངལ་བ་བསྟེན་བྱས་ཀྱང༌། །
ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན།།
བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །
ཨེ་མའོ་མཁས་པ་འདི་གཉིས་ཀྱི། །
ཁྱད་པར་ཁོང་དུ་ཆུད་གྱུར་བ།།
དེ་ཚེ་རྐང་གི་ཁོང་ནས་ནི། །
ཁྱོད་ལ་ཅི་ཕྱིར་གུས་མི་འགྱུར། །
ཁྱོད་གསུང་དུ་མ་ཅི་ཞིག་སྨོས།།
ཆ་ཤས་རེ་ཡི་དོན་ཙམ་ལའང༌། །
འོལ་སྤྱི་ཙམ་གྱི་ངེས་རྙེད་པ། །
དེ་ལའང་མཆོག་གི་བདེ་བ་སྟེར།།
ཀྱི་ཧུད་བདག་བློ་རྨོངས་བའི་བཅོམ། །
འདི་འདྲའི་ཡོན་ཏན་ཕུང་བོ་ལ། །
རིང་ནས་སྐྱབས་སུ་སོང་གྱུར་ཀྱང༌།།
ཡོན་ཏན་ཆ་ཙམ་མ་འཚལ་ཏོ། །
འོན་ཀྱང་འཆི་བདག་ཁར་ཕྱོགས་པའི། །
སྲོག་གི་རྒྱུན་ནི་མ་ནུབ་བར།།
ཁྱོད་ལ་ཅུང་ཟད་ཡིད་ཆེས་པ། །
འདི་ཡང་སྐལ་བ་བཟང་སྙམ་བགྱིད། །
སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང༌།།
ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །
འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །
ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན།།
ཁྱོད་ཀྱིས་ཇི་སྙེད་བཀའ་བསྩལ་བ། །
རྟེན་འབྲེལ་ཉིད་ལས་བརྩམས་ནས་འཇུག །
དེ་ཡང་མྱ་ངན་འདའ་ཕྱིར་ཏེ།།
ཞི་འགྱུར་མིན་མཛད་ཁྱོད་ལ་མིན། །
ཀྱེ་མའོ་ཁྱོད་ཀྱི་བསྟན་པ་ནི། །
གང་གི་རྣ་བའི་ལམ་སོང་བ།།
དེ་དག་ཐམས་ཅད་ཞི་འགྱུར་ཕྱིར། །
ཁྱོད་བསྟན་འཛིན་པར་སུ་མི་གུས། །
ཕས་རྒོལ་མཐའ་དག་འཇོམས་པ་དང༌།།
ལྟག་འོག་འགལ་འདུས་སྟོང་བ་དང༌། །
སྐྱེ་རྒུའི་དོན་གཉིས་སྟེར་བྱེད་པ། །
ལུགས་འདིར་ཁོ་བོ་སྤྲོ་བ་འཕེལ།།
འདི་ཡི་ཕྱིར་དུ་ཁྱོད་ཀྱིས་ནི། །
ལ་ལར་སྐུ་དང་གཞན་དུ་སྲོག །
སྡུག་པའི་གཉེན་དང་ལོངས་སྤྱོད་ཚོགས།།
གྲངས་མེད་བསྐལ་བར་ཡང་ཡང་བཏང༌། །
གང་གི་ཡོན་ཏན་མཐོང་བ་ཡིས། །
ལྕགས་ཀྱུ་ཉ་ལ་ཇི་བཞིན་དུ།།
ཉིད་ཀྱི་ཐུགས་དྲངས་ཅོས་དེ་ནི། །
ཁྱོད་ལས་མ་ཐོས་སྐལ་བ་ཞན། །
དེ་ཡི་མྱ་ངན་ཤུགས་ཀྱིས་ནི།།
སྡུག་པའི་བུ་ལ་མ་ཡི་ཡིད། །
རྗེས་སུ་སོང་བ་ཇི་བཞིན་དུ། །
བདག་གི་ཡིད་ནི་གཏོང་མི་བྱེད།།
འདི་ལའང་ཁྱོད་གསུང་བསམས་པ་ན། །
མཚན་དཔེའི་དཔལ་གྱིས་རབ་ཏུ་འབར། །
འོད་ཀྱི་དྲ་བས་ཡོངས་བསྐོར་བའི།།
སྟོན་པ་དེ་ཡི་ཚངས་དབྱངས་ཀྱིས། །
འདི་ནིའདིལྟར་གསུངས་སྙམ་དུ། །
ཡིད་ལ་ཐུབ་པའི་གཟུགས་བརྙན་ནི།།
ཤར་བ་ཙམ་ཡང་ཚ་བ་ཡིས། །
གདུང་ལ་ཟླ་ཟེར་བཞིན་དུ་སྨན། །
དེ་ལྟར་རྨད་དུ་བྱུང་བ་ཡི། །
ལུགས་བཟང་དེ་ཟང་མི་མཁས་པའི།།
སྐྱེ་བོ་བལ་བ་ཛ་བཞིན་དུ། །
རྣམ་པ་ཀུན་ཏུ་འཛིངས་པར་བྱས། །
ཚུལ་འདི་མཐོང་ནས་བདག་གིས་ནི།།
དགོངས་པ་ཡང་དང་ཡང་དུ་བཙལ། །
དེ་ཚེ་རང་བཞིན་སྡེ་བ་ཡི། །
གཞུང་མང་དག་ལ་སྦྱངས་པ་ན། །
ཕྱི་ཕྱིར་ཐེ་ཚོམ་དྲ་བ་ཡིས།།
བདག་གི་ཡིད་ནི་ཀུན་ཏུ་གདུངས། །
ཁྱོད་ཀྱི་བླ་མེད་ཐེག་པའི་ཚུལ། །
ཡོད་དང་མེད་པའི་མཐའ་སྤངས་ཏེ།།
ཇི་བཞིན་འགྲེལ་བར་ལུང་བསྟན་པ། །
ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །
དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས།།
གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །
མཐར་འཛིན་སྙིང་གི་མུན་པ་སེལ། །
ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ།།
དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །
འོད་དཀར་འཕྲེང་བས་གསལ་བྱས་པ། །
བླ་མའི་དྲིན་གྱིས་མཐོང་བའི་ཚེ།།
བདག་གི་ཡིད་ཀྱིས་ངལ་གསོ་ཐོབ། །
མཛད་པ་ཀུན་ལས་གསུང་གི་ནི། །
མཛད་པ་མཆོག་ཡིན་དེ་ཡང་ནི།།
དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །
འདི་ལས་སངས་རྒྱས་རྗེས་དྲན་བྱོས། །
སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།།
རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌། །
རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག།
དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །
སྟོན་པ་བླ་ན་མེད་པའི་བསྟན་པ་དང༌། །
མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས།།
དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །
བཤེས་གཉེན་དམ་པའི་འཛིན་པའི་རྒྱུ་རུ་བསྔོ། །
ཕན་མཛད་དེ་ཡི་བསྟན་པ་འང་སྲིད་པའི་མཐར།།
ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང༌། །
བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །
ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག།
བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། །
ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །
ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ།།
སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །
འདྲེན་པ་མཆོག་དེས་དཀའ་བ་གྲངས་མེད་ཀྱིས། །
ནན་ཏན་སྙིང་བོ་མཛད་ནས་བསྒྲུབས་པ་འདི།།
ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །
རྣམ་པར་དཔྱོད་པའི་ཉིན་མཚན་འདའ་བར་ཤོག །
ལྷག་བསམ་དག་པས་ཚུལ་དེར་བརྩོན་པ་ན།།
ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང༌། །
ལེགས་ལྡན་ནག་པོ་ལ་སོགས་སྲུང་མས་ཀྱང༌། །
གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །།།
ཅེས་པ་འདི་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མཛད་པའོ།།
འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ།
རྗེ་བླ་མ་ཙོང་ཁ་པ་ཆེན་པོ།
༄༅།
།རིང་ནས་གོམས་པའི་ཐུགས་རྗེའི་ཆབ་ཀྱིས་རང་བདེ་འདོད་པའི་ཡིད་ཀྱི་མེ་དཔུང་བཅིལ།།
ཟབ་མོའི་རང་བཞིན་ཇི་བཞིན་གཟིགས་པས་ཀུན་ཏུ་རྟོག་པའི་སྤྲོས་པའི་དྲ་བ་བཅད། །
ཉིད་ཀྱིས་གཟིགས་གང་འགྲོ་ལ་བསྐྲུན་ཕྱིར་གཞན་ཕན་ཁུར་ཆེན་སྐྱོ་མེད་ཐུགས་ཀྱིས་འཁྱེར།
།
ལྷག་པའི་ལྷ་དེར་ཡིད་གཏད་དང་བའི་རླུང་གིས་བསྐྱོད་པའི་བསྟོད་ཚིག་མེ་ཏོག་ལ། །
ཉིན་བྱེད་འཆར་ཀའི་མདངས་ཀྱིས་རབ་འཁྱུད་པའི། །
ལྷུན་སྡུག་གསེར་གྱི་རི་བོའི་ངོས་བཞིན་དུ། །
དམར་སེར་འོད་ཀྱི་ཕུང་པོ་ལྷམ་མེ་བ། །
འཇམ་དབྱངས་མཁྱེན་པའི་གཏེར་ཁྱོད་ཡུད་ཙམ་དགོངས། །
མ་ལུས་ཞིང་དུ་འབད་པས་བཙལ་ན་ཡང་།།
ཁྱོད་ལས་གཞན་པའི་སྐྱབས་བཟང་མ་མཆིས་པས། །
བདག་ཡིད་ཁྱོད་ཀྱི་རྗེས་སུ་ཕྱོགས་པ་ནི། །
ཉི་མས་གདུངས་པའི་གླང་ཆེན་པད་མཚོར་བཞིན། །
དེ་ཕྱིར་ཁྱོད་ཀྱི་ཡོན་ཏན་བརྗོད་ལ་བདག །
ཡིད་ལ་རེ་བ་སྐོང་པར་བྱེད་པ་ཡི། །
གཏོང་བས་མཛེས་པའི་སྦྱིན་བདག་མཐོང་བ་ན། །
འབྱོར་བས་དམན་པའི་སློང་མོ་བ་བཞིན་གྱུར། །
ཁྱོད་སྐུ་རི་དབང་ཇི་བཞིན་མཐོ་ཞིང་དྲང་། །
ནྱ་གྲོའི་ལྗོན་པ་ལྟར་རྒྱས་ཆུ་ཞེང་གབ། །
བཙོ་མའི་གསེར་ལྟར་དག་ཅིང་གསལ་བ་ཡི། །
པགས་པའི་མདོག་ནི་ལེགས་ཤིང་སྲབ་ལ་འཇམ་། །
རྒྱལ་མཚན་ཏོག་ལྟར་སྤྱི་གཙུག་གནས་སུ་ནི། །
རིང་འཇམ་གནག་ལ་སྣུམ་པའི་རལ་པ་ཡི། །
ཐོར་ཅོག་མཛེས་པར་བཅིངས་པའི་ཟར་བུ་ནི། །
ཟུར་ཕུད་ལྔ་ལྡན་ཅུང་ཟད་གཡོན་དུ་འཕྱང་། །
རིན་ཆེན་རྩེ་ཕྲན་རྣམས་ཀྱིས་མཛེས་བྱས་པའི། །
དབྱིབས་ལེགས་གདུགས་བཞིན་ཀུན་ནས་རྒྱས་པའི་དབུ། །
སྐྲ་མཚམས་མཐོ་བ་ལེགས་པར་ཕྱེད་པ་ཡི། །
དཔྲལ་བའི་དབྱེས་ནི་ཟླ་བ་རྒྱས་པ་བཞིན། །
ཀུན་ད་དུང་དང་པདྨའི་རྩ་བ་ལྟར།།
དཀར་གསལ་གཡས་སུ་འཁྱིལ་ལེགས་རི་མོ་ཅན། །
དག་པའི་དངུལ་གྱི་འབུར་དང་འདྲ་བ་ཡི། །
དྲི་མེད་མཛོད་སྤུ་སྨིན་མའི་དབུས་ན་མཛེས། །
ཁ་དོག་ནག་ཅིང་ཅུང་ཟད་གུག་པ་ཡི། །
འཇམ་སྣུམ་སྤུ་མཉམ་སྨིན་ཚུགས་རིང་པོ་ཅན། །
སྡུག་ཅིང་འཇམ་ལ་མ་འཛིངས་སྒྲིག་ལེགས་པ། །
ཁྱུ་མཆོག་བཞིན་དུ་རྫི་མ་ཡིད་དུ་འོང་། །
ཨུཏྤལ་མཐིང་ཁའི་འདབ་མ་ཇི་བཞིན་དུ། །
སྤྱན་དཀྱུས་རིང་པོ་ཅུང་ཟད་ཟུམ་པ་ཡི། །
དཀར་ནག་ཆ་རྣམས་མ་འདྲེས་མཛེས་པ་ནི། །
འདམ་སྐྱེས་འདབ་མ་ཀུན་ནས་དྭངས་པ་བཞིན། །
རིམ་པར་འཚམ་ཞིང་ཀུན་ཏུ་མཐོ་བའི་ཤངས། །
བིམ་པ་ལྟར་དམར་ཡིད་དུ་འོང་བའི་མཆུ། །
དཀར་ཞིང་ཚད་མཉམ་ཐགས་བཟང་བཞི་བཅུའི་ཚེམས། །
འགྲམ་པ་ཟླུམ་རྒྱས་རི་དྭགས་རྒྱལ་པོ་བཞིན། །
སྲབ་མཉེན་རོ་མཆོག་མྱོང་བའི་ལྗགས་ཀྱིས་ནི། །
ཞལ་གྱི་དཀྱིལ་འཁོར་ཀུན་ཏུ་ཁེབས་པར་མཛད། །
སྙན་ཤལ་བཟང་པོ་རིང་དུ་འཕྱང་བའི་རྩེར། །
རིན་ཆེན་དུ་མས་སྤྲས་པའི་རྣ་ཆ་གཡོ། །
གཟི་འོད་འཁྱུག་པའི་རིན་ཆེན་ཕྲེང་བའི་རྒྱན། །
གང་དུ་འཕྱང་བའི་དྲི་མེད་མགྲིན་པ་ནི། །
མཛེས་པའི་གསེར་གྱི་བུམ་པའི་མགྲིན་པ་བཞིན། །
རྩ་ཡི་དྲ་བ་མི་མངོན་ཟླུམ་ཞིང་རྒྱས། །
ཕྱག་ཞབས་བོལ་དང་ཕྲག་གོང་ལྟག་པའི་ཕྱོགས། །
ཡོངས་སུ་གང་བས་མི་མཉམ་མེད་པའི་སྐུ། །
གདོང་ལྔ་པ་བཞིན་ཀུན་ནས་རྒྱས་པའི་སྟོད། །
ལྷུན་པོའི་ངོས་ལྟར་རབ་ཏུ་ཡངས་པའི་བྲང་། །
དཔུང་པའི་མགོ་ནི་ལེགས་པར་ཟླུམ་པའི་ཕྱག །
གླང་པོའི་རྒྱལ་པོའི་སྣ་ལྟར་རིང་ཞིང་མཛེས། །
ཉི་ཤུའི་སོར་མོ་མཛེས་པའི་དྲ་བ་ཡིས། །
ལེགས་པར་སྦྲེལ་བ་ངང་པའི་རྒྱལ་པོ་བཞིན། །
མདོག་སྣུམ་དམར་བའི་མདངས་ཆགས་སེན་མོ་ཡི། །
ཕྲེང་བས་རབ་དུ་དངར་བའི་སོར་མོ་ནི། །
དཔག་བསམ་ཡལ་འདབ་གཞོན་ནུའི་ལྕུག་ཕྲན་ལྟར། །
རིང་ཞིང་རྒྱས་ལ་འཇམ་ཞིང་གཞོན་ཤ་ཆགས། །
གསལ་ཞིང་རྫོགས་ལ་སོ་སོར་མ་འདྲེས་པའི། །
རྩིབས་སྟོང་ལྡན་པའི་གསེར་གྱི་འཁོར་ལོ་མཆོག །
ཕྱག་དང་ཞབས་ཀྱི་མཐིལ་ན་བཀྲ་བ་ནི། །
རྒྱ་ལས་རྒྱ་ཡི་འབུར་ནི་གསལ་བ་བཞིན། །
དཔུང་རྒྱན་གདུ་བུས་མཛེས་པར་བྱས་པ་ཡི། །
གཡས་པའི་ཕྱག་ན་དངོས་འཛིན་འཁྲི་ཤིང་གི །
ལྗོན་པ་དྲུང་ནས་གཅོད་པའི་རལ་གྲི་ནི། །
འབར་བའི་འོད་ཀྱི་དྲ་བ་འགྱེད་པ་བསྣམས། །
ཞི་སྒོ་གཉིས་སུ་མེད་པ་རྟེན་འབྲེལ་ལམ། །
མ་ལུས་གསལ་བར་སྟོན་པའི་གླེགས་བམ་མཆོག །
ཨུཏྤལ་སྔོན་པོའི་ལྟེ་བར་གནས་པ་ཡི། །
སྡོང་བུ་གཡོན་པའི་ཕྱག་གིས་ཐུགས་ཀར་འཛིན། །
རབ་འབྱམས་ཚོན་གྱིས་ཁ་བསྒྱུར་སྲབ་ལ་འཇམ། །
སྣ་ཚོགས་དར་གྱི་སྨད་གཡོགས་གཡོ་བའི་སྟེང་། །
སིལ་སིལ་སྒྲ་སྒྲོག་གསེར་གྱི་འོག་པག་གིས། །
ཡིད་འོང་རྐེད་སྐབས་ཀུན་ནས་མཛེས་པར་བསྡམས།།
རྟ་མཆོག་བཞིན་དུ་གསང་གནས་སྦུབས་སུ་ནུབ། །
འཇམ་ཞིང་ཕྲ་བ་བ་སྤུའི་ཚོགས་རྣམས་ནི། །
ཟླ་མེད་རེ་རེར་བྱུང་ན་གཡས་ཕྱོགས་སུ། །
རིམ་གྱིས་འཁྱིལ་ནས་སྐུ་ལ་གྱེན་དུ་ཕྱོགས། །
བགས་ཀྱིས་ཕྲ་ཞིང་ཟླུམ་པའི་བྱིན་པ་ལེགས། །
ཞབས་ཀྱི་མཁྲི་མ་ལོང་བུའི་འབུར་གྱིས་དབེན། །
རུས་སྦལ་ལྟོ་བཞིན་ཞབས་མཐིལ་ཀུན་ནས་མཉམ། །
ཞབས་ཀྱི་བཞི་ཆ་ཕྱིར་འཕགས་རྟིང་པ་ཡངས། །
འདབ་དྲུག་པད་དཀར་དམར་སེར་ལྟེ་བའི་སྟེང་། །
དཀྱིལ་འཁོར་ཡོངས་རྫོགས་རྒྱུ་སྐར་བདག་པོའི་གདན། །
གང་དེར་སྒྲ་ལྡན་གདུ་བུས་མཁྲིག་མའི་ཕྱོགས། །
མཛེས་པའི་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཛད། །
བསོད་ནམས་ཚོགས་རབ་རབ་འབྱམས་རྒྱུ་ལས་འཁྲུངས་པའི་སྐུ་མཆོག་མཆོག་ཏུ་མཛེས་པ་ཁྱོད་ཀྱི་སྐུ། །
ནམ་མཁའི་མཐས་གཏུགས་གཏུགས་པ་མེད་པའི་ཞིང་མཆོག་ཀུན་དུ་དུ་མའི་འགྲོ་ལ་མིག་འཕྲུལ་བཞིན། །
ལ་ལར་བལྟམ་ཞིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི།
།
བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས།
།
ལི་ཁྲིའི་རྒྱ་མཚོར་རྟ་བདུན་འོད་སྟོང་ལྷུང་བ་བཞིན། །
ལྟ་བས་མི་ངོམས་འོད་དཔུང་ཕྱོགས་བཅུར་འཕྲོ་བའི་སྐུ། །
གང་དེ་ཅུང་ཟད་བསྟོད་པའི་བསོད་ནམས་དེ་ཡིས་བདག །
འཇམ་དབྱངས་སྐུ་མཛེས་མིག་གི་ལམ་དུ་འབྲལ་མེད་ཤོག །
ནམ་ཞིག་ཁྱོད་སྐུ་མཐོང་བར་གྱུར་མ་ཐག །
སྲིད་པར་རིང་དུ་འཁྱམས་པས་དུབ་པ་བདག །
ལོག་པའི་ལམ་དུ་སོང་བའི་མ་རུངས་ཡིད། །
བྱང་ཆུབ་སེམས་ཀྱི་དབང་དུ་འགྱུར་བར་ཤོག །
གཞན་ཡང་གཟུངས་དང་མངོན་ཤེས་རྣམ་ཐར་སྒོ། །
མུ་མཐའ་ཡས་པའི་ཏིང་འཛིན་ཚོགས་ཐོབ་ནས། །
ཞིང་ཁམས་བྱེ་བར་རྒྱལ་རྣམས་བལྟ་བའི་ཕྱིར། །
དཔག་མེད་ལུས་ཀྱི་བཀོད་པ་སྟོན་པར་ཤོག །
དེར་ནི་མང་དུ་ཐོས་པའི་མཐར་སོན་ཏེ། །
མཐའ་ཡས་འགྲོ་བ་ཆོས་ཀྱི་ཚིམ་བྱས་ནས། །
རིང་པོར་མི་ཐོགས་རྒྱལ་བ་ཀུན་གྱི་གཙོ། །
ངག་གི་དབང་པོའི་སྐུ་མཆོག་ཐོབ་པར་ཤོག། །
རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ལས་སྐུ་ལ་བསྟོད་པའི་སྐབས་ཏེ་དང་པོའོ།
།
འོད་སྟོང་ཟེར་གྱིས་ཕྱེ་བའི་གུར་གུམ་གཟུགས། །
དྭངས་པའི་མེ་ལོང་དཀྱིལ་ན་སྣང་བ་བཞིན།།
འགྱིང་ལེགས་དབང་པོའི་གཞུ་བཞིན་རབ་བཀྲ་བ། །
འཇམ་པའི་དབྱངས་ཀྱིས་ངག་གི་དབང་ཕྱུག་སྩོལ།།
ཕྱོགས་བཅུའི་ཞིང་ཀུན་ཀུན་ནས་ཁེངས་པའི་སྒྲ་སྐད་སྐད་ཀྱི་དབྱེ་བ་མཐའ་ཡས་པ།
།
སེམས་ཅན་ཀུན་ཡིད་ཡིད་དང་མཐུན་པར་འཚིམ་བྱེད་བྱེད་པོའི་གདངས་ཀྱང་ཟིལ་གནོན་པ། །
ཁྱོད་ཀྱི་གསུང་དབྱངས་དབྱངས་ཀྱི་ང་རོའི་དཀྱིལ་འཁོར་འཁོར་བ་སྲིད་དུ་རྒྱུན་ཆགས་པའི།
།
སྙན་པའི་གསུང་གང་གང་གི་རྣ་བའི་ལམ་དུ་ལྷུང་ན་ན་རྒ་འཆི་བ་འཕྲོག་པར་བྱེད། །
གསུང་མཉེན་འཇམ་ཞིང་ཡིད་འོང་ཡིད་དུ་འཐད། །
དག་ཅིང་དྲི་མེད་འོད་གསལ་སྙན་ལ་འཇེབས། །
མཉན་པར་འོས་ཤིང་མི་ཚུགས་སྙན་ཞིང་དུལ། །
མི་རྩུབ་མི་བརླང་རབ་འདུལ་རྣ་བར་སྙན། །
ལུས་སེམས་སྙིང་ནི་འཚིམ་བྱེད་དགའ་བདེ་བསྐྱེད། །
གདུང་མེད་ཀུན་ཏུ་ཤེས་བྱེད་རྣམ་རིག་བྱ། །
རྣམ་གསལ་དགའ་བྱེད་མངོན་པར་དགའ་བྱེད་ཅིང་། །
ཀུན་ཤེས་བྱེད་ཅིང་རྣམ་པར་རིག་པར་བྱེད། །
རིགས་ཤིང་འབྲེལ་ལ་ཟློས་པའི་སྐྱོན་དང་བྲལ། །
སེང་གེ་གླང་ཆེན་འབྲུག་དང་ལག་འགྲོའི་དབང་། །
དྲི་ཟ་ཀ་ལ་པིང་ཀ་ཚངས་པ་དང་། །
ཤང་ཤང་ཏེ་འུ་དབང་པོའི་དབྱངས་ལྟར་སྙན། །
རྔ་སྒྲ་མ་ཁེངས་མི་དམའ་ཀུན་རྗེས་ཞུགས། །
ཚིག་ཟུར་ཕྱིན་ཅིང་མ་ཚང་མེད་པ་དང་། །
མ་ཞུམ་མི་ཞན་རབ་དགའ་ཁྱབ་ཅིང་ཆུབ། །
རྒྱུན་ཆགས་འབྲེལ་ཞིང་སྒྲ་ཀུན་རྫོགས་པར་བྱེད། །
དབང་པོ་ཀུན་འཚིམ་མ་སྨད་མི་འགྱུར་ལ། །
མ་བརྟགས་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་གྲག །
དུག་གསུམ་སེལ་བྱེད་བདུད་དཔུང་ཚར་གཅོད་ཅིང་། །
རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་འབྱུང་།།
དེ་ལྟར་བཞི་ཡིས་ལྷག་པའི་དྲུག་ཅུའི་དབྱངས།།
གསུང་གཅིག་ཉིད་ལའང་མ་ཚང་མེད་པར་ནི།།
ཇི་སྲིད་ནམ་མཁའི་མཐས་ཁྱབ་དེ་སྲིད་པའི། །
སྐལ་ལྡན་རྣ་བའི་ལམ་དུ་བདེ་བ་སྟེར། །
དེ་ཚེ་ཉེ་བར་གནས་ལ་ཧ་ཅང་ཆེ་བར་མི་སྣང་རིང་ན་གནས་ལ་ཆུང་མིན་པར།།
སྣ་ཚོགས་ཚོན་དང་ཕྲད་པའི་ཤེལ་བཞིན་གྲངས་མེད་གདུལ་བྱའི་རང་རང་སྐད་དང་མཐུན་པར་ནི།
།
སྤྱི་གཙུག་མཛོད་སྤུ་མགྲིན་པ་ལ་སོགས་ཁྱོད་སྐུའི་ཆ་ཤས་ཀུན་ནས་འབྱུང་བར་རབ་སྟོན་ཀྱང་།
།
དེ་དག་ཀུན་ལ་རྟོག་པ་ཉེར་ཞི་འདི་ནི་ནམ་མཁས་ཚངས་དབྱངས་སྒྲོག་ན་མཚོན་པར་ནུས། །
གློག་དམར་མཛེས་པའི་སྐ་རགས་བཅིངས་པ་ཡི། །
ཆར་སྤྲིན་ནང་གི་འབྲུག་སྒྲ་ཟབ་མོ་བཞིན། །
འཇམ་དབྱངས་གསུང་བསྟོད་བསོད་ནམས་འདི་ཡིས་བདག །
ཁྱོད་གསུང་རྣ་བའི་ལམ་དུ་འབྲལ་མེད་ཤོག །
གསུང་རྒྱུན་རྣ་བའི་བུ་གར་ཞུགས་མ་ཐག །
སྐལ་ལྡན་རྗེས་འཛིན་ལོག་སྨྲ་ཚར་གཅོད་ཅིང་། །
སྡེབ་ལེགས་ཚིག་གིས་བློ་གསལ་ཡིད་འཕྲོགས་པའི། །
འཆད་རྩོད་རྩོམ་པའི་གནས་རྣམས་མཐར་སོན་ཤོག །
ཐ་དད་འགྲོ་བའི་སྐད་ལ་ཐོགས་མེད་པའི། །
ངེས་ཚིག་སོ་སོ་ཡང་དག་རིག་པ་མཆོག །
བདེ་བླག་ཐོབ་ནས་འགྲོ་བ་ཐམས་ཅད་ཀྱི། །
ཐེ་ཚོམ་གཅོད་པའི་མཆོག་ཏུ་བདག་གྱུར་ཅིག །
ཁྱོད་ཀྱིས་ཇི་ལྟར་རྗེས་སུ་གདམས་པ་ཡི། །
གསུང་གི་མཚམས་ལས་ནམ་ཡང་མི་འདའ་བར། །
གུས་པས་རྩེ་གཅིག་ཉམས་སུ་བླངས་པ་ཡིས། །
གསུང་གི་དབང་ཕྱུག་མྱུར་དུ་འགྲུབ་པར་ཤོག །
རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ལས་གསུང་ལ་བསྟོད་པའི་སྐབས་ཏེ་གཉིས་པའོ།
།
བྱུ་རུའི་མདངས་དང་འབྲེས་པའི་གསེར་ཟངས་མདོག །
མདོག་ལེགས་ཤེས་བྱ་མ་ལུས་ལྷང་ངེར་མཁྱེན། །
མཁྱེན་རབ་དབང་ཕྱུག་འཇམ་དབྱངས་འགྲོ་བའི་སྐྱབས། །
སྐྱབས་མཆོག་ཁྱོད་ཀྱིས་རབ་འབྱམས་ཤེས་རབ་སྩོལ། །
དངོས་འཛིན་ཆང་གིས་རབ་ཏུ་མྱོས་པས་བླང་དོར་དཔྱོད་པའི་བློ་གྲོས་ཉམས། །
ཉོན་མོངས་གདུག་པའི་སྣ་ཡི་ལག་པས་དགེ་བའི་ལྗོན་པ་ཀུན་ཏུ་འཇོམས། །
སྲིད་པའི་ཞགས་པས་ཡིད་ནི་དྲངས་པས་རྙེད་བཀུར་གླང་མོའི་ཕྱིར་འབྲང་བ། །
བག་མེད་ནགས་ཁྲོད་ཀུན་ཏུ་རྒྱུ་བའི་གདུལ་དཀའི་ཡིད་ཀྱི་གླང་པོ་ཆེ། །
དྲན་ཤེས་བག་ཡོད་ཐག་པས་དམ་བཅིངས་ནས། །
ཡང་དག་རིགས་པའི་ལྕགས་ཀྱུ་རྣོན་པོ་ཡིས། །
འཕགས་མཆོག་བྱེ་བས་བགྲོད་ཅིང་བསྔགས་པ་ཡི༑ ༑
རྟེན་འབྲེལ་དམ་པའི་ལམ་བཟང་སྲོལ་དུ་བཙུད། །
ཚུལ་དེ་སྐྱོ་མེད་བརྩོན་པའི་ཤུགས་དྲག་གིས། །
དཔག་མེད་བསྐལ་བར་ཡང་དང་ཡང་གོམས་པས། །
སྒྱུ་མ་ལྟ་བུའི་ཏིང་འཛིན་རྡོ་རྗེ་ཡིས། །
མཐར་འཛིན་རི་བོ་མིང་གི་ལྷག་མར་མཛད། །
སླར་ཡང་མཐའ་ཡས་རྒྱལ་བའི་དབང་པོ་རྣམས། །
རབ་མཆོག་མཆོད་སྤྲིན་རྒྱ་མཚོས་མཉེས་བྱས་པས། །
དྲི་མེད་མགུར་ནས་ཚངས་དབྱངས་ང་རོ་ཡིས། །
དགོངས་པ་གཅིག་གིས་གསུངས་པའི་གདམས་པ་མཆོག །
སྲིད་པའི་ནད་བརྒྱ་དྲུངས་འབྱིན་བདུད་རྩིའི་ཟས། །
རྒྱུན་དུ་བསྟེན་པའི་བགྲོད་པར་ཆེས་དཀའ་བའི། །
རྒྱལ་སྲས་སྤྱོད་པ་རླབས་ཆེའི་ཕ་རོལ་ཏུ། །
བགྲོད་པའི་བློ་གྲོས་ལུས་སྟོབས་རྒྱས་པ་ན། །
མཐའ་དག་འཛིན་པས་ནམ་ཡང་མི་རྫི་ཞིང་། །
མ་ལུས་འཁྲུལ་སྣང་འཇོམས་ལ་ཐོགས་མེད་པའི། །
ཏིང་འཛིན་ཀུན་གྱི་གཙོ་བོར་གྱུར་པ་གང་། །
རྡོ་རྗེ་ལྟ་བུར་གྲགས་པའི་ཏིང་ངེ་འཛིན། །
ཁྱོད་ཀྱིས་མངོན་དུ་མཛད་པ་དེ་ཡི་མཐུས། །
སྒྱུ་མ་ལྟ་བུའི་ཡུལ་གྱིས་སྣང་བ་དང་། །
རྨི་ལམ་ལྟ་བུའི་གསལ་ཞིང་རིག་པའི་བློ། །
མྱོང་སྣང་མ་ལུས་ཆོས་ཀྱི་དབྱིངས་སུ་ཞུགས།།
དེ་ཕྱིར་རྩ་བ་ཉམས་པའི་ལྗོན་ཤིང་བཞིན། །
མ་ལུས་འཛིན་པའི་ས་བོན་དྲུངས་ཕྱུང་བས། །
སྐྱོབ་པ་ཁྱོད་ལ་ནམ་མཁའ་ཇི་སྲིད་དུ། །
ཆོས་ཀྱི་སྐུ་ལུས་གཡོ་བ་ག་ལ་ཞིག །
དེ་ལྟར་མགོན་ཁྱོད་ཆོས་ཀྱི་དབྱིངས་ལས་ཅུང་ཟད་གཡོ་བ་མེད་བཞིན་དུ། །
དུ་མའི་ཤེས་བྱ་གསལ་བར་སྣང་བ་མེ་ལོང་ནང་དུ་གཟུགས་བརྙན་ནམ། །
ནམ་མཁའི་ལམ་ན་འཇའ་ཚོན་བཞིན་དུ་སོ་སོར་མ་འདྲེས་རྫོགས་པར་མཁྱེན། །
མཁྱེན་བཟང་ཁྱོད་ཀྱི་མཁྱེན་པ་དེ་ཡང་སྐད་ཅིག་ཉིད་ལ་དེ་ལྟར་ལགས། །
སྦྱིན་ལས་འབྱོར་ལྡན་གནས་ཡིན་དབུལ་པོ་མིན། །
སེར་སྣས་དབུལ་པོའི་གནས་ཡིན་དབུལ་པོ་མིན། །
དེ་སོགས་རྟེན་འབྲེལ་མི་བསླུའི་གནས་ཀུན་མཁྱེན། །
དེ་ཕྱིར་ཁྱོད་ནི་སྨྲ་བའི་གཙོ་བོ་ལགས། །
ཐོགས་མེད་སྲིད་པར་སོང་བ་ཐམས་ཅད་ཀྱི། །
དགེ་དང་མི་དགེའི་ལས་ཚུལ་འབྲས་བུར་བཅས། །
གང་དེ་ཁྱོད་ཀྱི་མངོན་དུ་མ་གྱུར་མེད། །
དེ་སླད་ཁྱོད་གསུང་འབྲལ་མེད་མ་མཆིས་ལགས། །
ཆགས་ལ་གནས་ཤིང་སྡང་ལ་མོས་པ་དང་། །
དེ་ལས་ལྡོག་སོགས་མོས་པ་སྣ་ཚོགས་ཚུལ། །
མངོན་སུམ་གཟིགས་ཕྱིར་ཁྱོད་ཀྱི་མཛད་པ་ཀུན། །
འགྲོ་ལ་དོན་དུ་མི་འགྱུར་ཡོད་མ་ལགས། །
བཅོ་བརྒྱད་ཁམས་ཀྱི་རབ་དབྱེ་མཐའ་དག་ལ། །
ཁྱོད་ལ་ལྐོག་ཏུ་གྱུར་པ་གང་ཡང་མེད། །
དེ་ཕྱིར་ཁྱོད་ནི་གདུལ་བྱའི་གནས་རྣམས་ཀྱི། །
གདུལ་བའི་དུས་ལས་ཅུང་ཟད་འདའ་མ་ལགས། །
སྲིད་པར་རྒྱུ་བ་རྣམས་ཀྱི་དད་སོགས་ཀྱི། །
དབང་བོ་རྣོ་རྟུལ་དབང་བོ་མེད་པ་ལ། །
མཁྱེན་པ་སོགས་མེད་འཇུག་པ་དེ་སླད་ཁྱོད། །
ཆོས་སྟོན་ཚུལ་ལ་ཤིན་ཏུ་མཁས་པ་ལགས། །
མངོན་པར་མཐོ་ཞིང་ངེས་པར་ལེགས་པ་དང་། །
ངན་སོང་གནས་རྣམས་ཀུན་ཏུ་བགྲོད་པའི་ལམ། །
ཀུན་ལ་མཁྱེན་པ་སྒྲིབ་པ་མེད་པའི་ཕྱིར། །
ཁྱོད་ནི་འགྲོ་བའི་བཤེས་གཉེན་བཟང་པོ་ལགས། །
བསམ་གཏན་གཟུགས་མེད་སེང་གེ་རྣམ་པར་བསྒྱིངས། །
ཐོད་རྒལ་ལ་སོགས་ཏིང་འཛིན་མཐའ་དག་གིས། །
འཇུག་ལྡང་ཀུན་བྱང་ཚུལ་ལ་མ་རྨོངས་པས། །
སྙོམས་འཇུག་རྣམས་ཀྱི་ཕ་རོལ་སོན་པ་ལགས། །
ཐོག་མེད་འཁོར་བར་ཡོངས་སུ་འདྲིས་བགྱིས་པའི། །
རང་གཞན་ཚེ་རབས་དན་རྟགས་དང་བཅས་པར། །
སྐད་ཅིག་ཙམ་གྱིས་ཁོང་དུ་ཆུད་པས་ན། །
ཁྱོད་ནི་སྔོན་གྱི་མཐའ་ལ་མཁས་པ་ལགས། །
འདི་ཙམ་དུས་ན་འདི་ནས་ཤི་འཕོ་ཞིང་། །
ལེགས་སྤྱད་ཉེས་སྤྱད་ལས་རྣམས་ཇི་ལྟ་བར། །
གང་དུ་སྐྱེ་བའི་གནས་ཀུན་རབ་མཁྱེན་པས།།
ཁྱོད་ནི་ཕྱི་མའི་མཐའ་ལ་མཁས་པ་ལགས། །
གང་ཞིག་ཟག་པ་ཟད་པའི་མྱང་འདས་དང་། །
གང་གིས་ཟད་བྱེད་འཕགས་ལམ་བརྒྱད་ཀྱི་ལམ། །
དེ་དག་ཀུན་ལ་སྒྲིབ་མེད་མངོན་སུམ་སྤྱན། །
དེ་ཕྱིར་ཁྱོད་ནི་སྐྱབས་ཀྱི་དམ་པ་ལགས། །
དེ་ལྟར་གནས་དང་གནས་མིན་ལས་ཀྱི་རྣམ་སྨིན་མོས་པ་འཇིག་རྟེན་ཁམས། །
དབང་པོའི་རིམ་པ་ཀུན་འགྲོའི་ལམ་དང་ཉོན་མོངས་རྣམ་བྱང་སྔོན་གྱི་གནས། །
འཆི་འཕོ་སྐྱེ་དང་ཟག་པ་ཟད་པ་མཁྱེན་པ་ཐོགས་པ་མེད་འཇུག་པ། །
གང་ལ་མངའ་བ་ཁྱོད་ཀྱི་ཡུལ་དུ་མ་གྱུར་ཤེས་བྱའི་གནས་དེ་གང་། །
སྲིད་པར་འཁྱམས་པ་རྣམས་ཀྱི་ཐོག་མེད་ནས། །
བདག་བདེའི་ཕྱིར་དུ་གཞན་ལ་གནོད་པའི་ལམ། །
དྲག་པོའི་རྩོལ་བས་ཀུན་ཏུ་བསྟེན་ན་ཡང་། །
ངལ་བ་འབྲས་བུ་མེད་པས་གོལ་བ་ལྟར། །
གཞན་ལ་ཅུང་ཟད་ཙམ་ཡང་མི་འཚེ་བར། །
རང་ཉིད་ཕྱིར་དུ་ཉིན་མཚན་བར་མེད་པར། །
བརྒྱ་ཕྲག་བརྩོན་པས་ཐར་པ་བསྒྲུབ་དེ་ཡང་། །
ཡང་དག་ལམ་ལ་རྒྱབ་ཀྱིས་ཕྱོགས་པར་གཟིགས། །
དེ་ཕྱིར་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །
ལུས་ཅན་མཐའ་དག་རྗེས་སུ་འཛིན་པའི་མ། །
རྒྱལ་སྲས་དཔའ་བོ་གཡུལ་དུ་འཇུག་པའི་སྒོ། །
སྙིང་རྗེའི་ལམ་བཟང་རིང་ནས་གོམས་པར་མཛད། །
སྡུག་བསྔལ་རྨི་ལམ་དུ་ཡང་མི་འདོད་ཅིང་། །
ཕུལ་བྱུང་བདེ་ལ་ཆོག་ཤེས་མེད་པར་ནི། །
འགྲོ་བ་འདི་ཀུན་ཁྱད་པར་ཡོད་མིན་ན། །
གཞན་བདེ་ཡལ་བར་འདོར་རྣམས་ཆེས་འཁྲུལ་བར། །
བརྩེ་ལྡན་ཁྱོད་ཀྱིས་གཟིགས་ནས་བདག་དང་གཞན། །
མཉམ་པ་ཉིད་དུ་མཐོང་བའི་བྱང་ཆུབ་སེམས། །
ཐོག་མ་ཉིད་དུ་གོམས་པར་མཛད་པ་ཡིས། །
སེམས་ཅན་ཐམས་ཅད་ཁྱོད་ཀྱིས་བདག་གིར་གཟུང་། །
བདག་བདེར་སྲེད་པ་ཡང་དག་ལམ་གྱི་གེགས། །
གཞན་ཉིད་གཅེས་འཛིན་ཡོན་ཏན་ཀུན་གྱི་གཏེར། །
དེ་ཕྱིར་ཁྱོད་ཀྱིས་བདག་གཞན་བརྗེ་བའི་ཚུལ། །
ཡང་ཡང་གོམས་པས་འགྲོ་ཀུན་བདག་ཏུ་མཛད། །
དེ་ལྟར་སྙིང་རྗེའི་མ་ཡིས་ལན་མང་དུ། །
ལུས་སྟོབས་རྫོགས་པར་བསྐྱངས་པའི་བཅོམ་ལྡན་ཁྱོད། །
ཕུན་ཚོགས་ཡོན་ཏན་རྣམས་ཀྱི་མཐར་ཕྱིན་ཡང་། །
ཞི་བའི་བདེ་བས་འཕྲོགས་པར་ག་ལ་འགྱུར། །
འདབ་བཟང་དབང་བོ་ལྷ་ཡི་ལམ་ཞུགས་པ། །
དར་གནས་མ་ཡིན་འཛིན་མར་མི་ལྟུང་ལྟར། །
སྲིད་ཞི་ར་མི་གནས་ཁྱོད་ཐུགས་བསྟོད་པས་བདག །
འཇམ་དབྱངས་མཁྱེན་བརྩེ་ཡིད་ལ་འབྲལ་མེད་ཤོག །
མཐར་འཛིན་གོ་སྐབས་འཕྲོག་པའི་ལྟ་བ་དང་། །
འགྲོ་ཀུན་བུ་སྡུག་ལྟར་མཐོང་སྙིང་རྗེ་གཉིས། །
ཡིད་ལ་བདེ་བླག་ཉིད་དུ་འགྲུབ་གྱུར་ནས། །
ལུས་ཅན་ཐེག་པ་མཆོག་ལ་འཁྲིད་པར་ཤོག །
ཆོས་ཀུན་ཚིག་དོན་མི་བརྗེད་དྲན་པའི་གཟུངས། །
དྲི་བ་ཀུན་གྱི་ལན་ལྡོན་སྤོབས་པ་མཆོག །
མྱུར་དུ་བསྐྱེད་ནས་ཆོས་ཀྱིས’་ཕོངས་རྣམས་ལ། །
ལེགས་བཤད་དགའ་སྟོན་འགྱེད་པར་བདག་གྱུར་ཅིག །
སྣ་ཚོགས་གདུལ་བྱའི་བསམ་པ་ཇི་བཞིན་དུ། །
མི་རྟོག་བཞིན་དུ་རེ་བ་སྐོང་བ་ཡི། །
འཇམ་དབྱངས་ཐུགས་ཀྱི་དཔལ་གྱིས་མྱུར་དུ་བདག །
སྟོན་ཟླས་ནམ་མཁའ་ཇི་བཞིན་མཛེས་གྱུར་ཅིག །
རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ལས་ཐུགས་ལ་བསྟོད་པའི་སྐབས་ཏེ་གསུམ་པའོ།
།
ཕྱོགས་བཅུའི་ཞིང་ན་མཐའ་ཡས་རྒྱལ་བས་རྒྱུན་ཆད་མེད་པར་རབ་བསྔགས་པ། །
གང་གི་ལྷན་པས་འཇིག་རྟེན་གསུམ་བཀང་འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །
གང་དེའི་ཡོན་ཏན་ཅུང་ཟད་གུས་པས་བརྗོད་པའི་བསྟོད་སྤྲིན་རྒྱ་མཚོ་འདི། །
གང་ཞིག་འཛིན་ཅིང་ཀློག་པ་དེ་ཡི་ཡིད་ལ་འཇམ་དབྱངས་མྱུར་འཇུག་ཤོག །
ཅེས་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་འཇམ་དབྱངས་མཉེས་པར་བྱེད་པའི་བསྟོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་འདི་ནི།
།མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་ཀྱི་ལྷ་ཞོལ་དུ་སྦྱར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་བྷ་དྲ་པཱ་ལའོ།
བྱམས་བསྟོད་ཚངས་པའི་ཅོད་པན་ཞེས་བྱ་བ་བཞུགས་སོ།།
ཙོང་ཁ་པ་བློ་བཟང་གྲགས་པ།
༄༅། །ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ།
མཉེས་གཤིན་བྱམས་པས་རྟག་ཏུ་བརླན་ཡང་ནག་པོའི་རྩ་ལག་སྲེག །
ཤིན་ཏུ་བཅད་དཀའི་འཆིང་བ་བཅད་ཀྱང་སྙིང་རྗེས་དམ་དུ་བཅིངས། །
ཞི་བའི་བཏང་སྙོམས་རྒྱུན་དུ་ལྡན་ཡང་བདག་པས་གཞན་ལ་གཅེས། །
འཇམ་དབྱངས་ཞབས་ལ་གུས་པས་བཏུད་ནས་མི་ཕམ་མགོན་ལ་བསྟོད། །
གདོང་བཞིས་མང་པོའི་ཞལ་ནས་རབ་ཏུ་བསྔགས། །
སྤྱན་སྟོང་ལྡན་པས་དང་བས་རྒྱུན་དུ་བལྟ། །
དགའ་མའི་བདག་པོས་དྲེགས་པ་བཏང་ནས་བཏུད། །
རྒྱལ་ཚབ་ཞབས་ལ་གུས་པས་ཕྱག་བགྱིའོ། །
དང་བའི་མཚོ་ལ་འདབ་བརྒྱ་པ་སྟེ་དེ་ཉིད་ལ་ཡང་ཉིན་བྱེད་འོད། །
དག་པའི་མཁའ་ལ་རྒྱུ་སྐར་མགོན་ཏེ་དེས་ཀྱང་ཀུན་དའི་ཚལ་ལ་བཞིན། །
མཚན་དཔེའི་འཕྲེང་བས་གང་སྐུ་མཐོང་མ་ཐག་ཏུ་འགྲོ་བའི་ཡིད་འཕྲོག་པ། །
བྱམས་མགོན་ཞབས་པད་སྐྱེ་ཞིང་སྐྱེ་བར་བདག་གི་གཙུག་ན་མཛེས་གྱུར་ཅིག །
བདུད་འཇོམས་འཁོར་དུ་འཇིགས་པ་ཀུན་དང་བྲལ། །
མཚུངས་མེད་དཔའ་བོ་སྲིད་གསུམ་སྟོན་པ་མཆོག །
ཉམ་ངར་ལྷུང་བའི་འགྲོ་ལ་རྟག་ཏུ་གཟིགས། །
རྣམ་འདྲེན་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །
མཐའ་ཡས་ཤེས་བྱར་ཐོགས་པ་མེད་འཇུག་པའི། །
མཁྱེན་པའི་སྟོབས་ཀྱིས་མ་རུངས་བདུད་ཀྱི་སྡེ། །
གནམ་ལྕགས་བབས་པའི་མེ་ཏོག་གཞོན་ནུ་བཞིན། །
ཕམ་མཛད་སྟོབས་བཅུའི་དཔལ་གྱིས་བརྗིད་པ་ཁྱོད། །
ཕས་རྒོལ་གླང་པོ་དྲེགས་པའི་ཀླད་འགེམས་ཤིང༌། །
ལེགས་བཤད་སྒྲ་ཆེན་འཁོར་དབུས་བསྒྲགས་པ་ཡིས། །
སྨྲ་བ་ངན་པའི་ཝ་སྐྱེས་མཐར་མཛད་པའི། །
མི་འཇིགས་བཞི་ལྡན་མི་ཡི་སེདྒེ་ཁྱོད། །
ཁེངས་པས་མཐོ་བའི་འཇིག་རྟེན་མེས་པོ་དང༌། །
ཉག་ཕྲན་བདག་པོ་དགེ་སྦྱོང་བྲམ་ཟེ་སོགས། །
གང་གིས་སྨྲ་བ་མ་ནུས་འཁོར་ལོ་མཆོག །
བསྐོར་བས་འགྲོ་ལ་བྱམས་པའི་མགོན་པོ་ཁྱོད། །
སྐུ་དང་གསུང་ལ་འཁྲུལ་བའི་མིང་ཡང་མེད། །
དྲན་པ་མ་ཉམས་རྟག་ཏུ་མཉམ་པར་བཞག །
ཐ་དད་འཛིན་པ་མ་བརྟགས་བཏང་སྙོམས་ཀྱིས། །
དབེན་ཕྱིར་ཁྱོད་ཀྱི་སྤྱོད་པ་ཡོངས་སུ་དག །
འདུན་པ་དང་ནི་བརྩོན་འགྲུས་དྲན་པ་དང༌། །
ཏིང་འཛིན་ཤེས་རབ་རྣམ་པར་གྲོལ་བ་ལ། །
ཉམས་པའི་གོ་སྐབས་མ་ལུས་རིང་དུ་མཛད། །
དེ་ཕྱིར་ཁྱོད་ཀྱི་རྟོགས་པ་བླ་ན་མེད། །
དུས་གསུམ་ཐམས་ཅད་ཆགས་ཐོགས་མེད་པར་མཁྱེན། །
སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རྣམ་པར་དག །
སྲིད་པའི་ཕྱི་མཐའ་ཇི་སྲིད་འགྲོ་བའི་དོན། །
མཛད་པའི་ཁུར་གྱིས་དགྱེས་བཞིན་འཇུག་པ་ཁྱོད། །
རྒྱ་ཆེའི་ཡོན་ཏན་ཕུང་པོ་རབ་རྫོགས་པས། །
ཕྲ་མོའི་སྐྱོན་ཡང་འཇུག་པའི་སྐབས་བཅོམ་པ། །
ཁྱོད་ཀྱི་བརྩེ་བའི་ཡུལ་དུ་གྱུར་པ་བདག །
སྨྲེ་སྔགས་སྒོ་ནས་སྨྲ་ལ་ཡུད་ཙམ་དགོངས། །
སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །
དལ་འབྱོར་ཚང་བའི་རྟེན་འདི་ཡིན་ན་ཡང༌། །
བག་མེད་ལེ་ལོ་གཉིད་དང་བྲེ་མོའི་གཏམ། །
རྙེད་བཀུར་འདོད་པའི་སྐྱོན་གྱིས་སྦགས་པ་ཡིས། །
དོན་མེད་ཕྱོགས་སུ་བཀོལ་བས་དོན་ཆེན་པོ། །
བདེ་བླག་བསྒྲུབ་པའི་ལུས་བཟང་ཆུད་གསོན་པ། །
མི་ཡི་ཤ་ཚུགས་ཕྱུགས་ཀྱི་འདུ་ཤེས་ཅན། །
བདག་ལ་ཁྱོད་ཀྱིས་ཐུགས་རྗེས་གཟིགས་སུ་གསོལ། །
རྙེད་དཀའ་དོན་ཆེའི་དལ་འབྱོར་ཐོབ་པ་ཡང༌། །
སྟོབས་ཀྱིས་མི་བཟློག་འབྲོས་པར་མི་ནུས་པའི། །
སྟོབས་ལྡན་འཆི་བདག་ཕོ་ཉ་བཀྱེ་བ་དང༌། །
ན་དང་རྒ་བས་ཟིན་པར་མཐོང་ན་ཡང༌། །
ནམ་འཆི་ངེས་མེད་འཆི་བའི་དུས་ཀྱི་ཚེ། །
ཐམས་ཅད་བོར་ནས་འགྲོ་བ་ཤེས་བཞིན་དུ། །
ལོ་ཟླ་ཞག་རྣམས་དོན་མེད་འདའ་བྱེད་པའི། །
རབ་རྨོངས་བདག་ལ་བརྩེ་བའི་དུས་ལ་བབ། །
ངེས་པར་ལེགས་པའི་གོ་འཕང་སྨོས་ཅི་དགོས། །
ལམ་གྱི་རྟེན་དུ་ཐུབ་པས་བསྔགས་པ་ཡི། །
མཐོ་རིས་ཙམ་ཡང་ཐོབ་པའི་གདེང་མེད་པ། །
བདག་ལ་ཁྱེད་ཀྱིས་བཏང་སྙོམས་མཛད་ལགས་སམ། །
མཐོ་རིས་དཔལ་དང་ལྡན་པའི་ལུས་ཐོབ་ཀྱང༌། །
གསུང་རབ་ཚུལ་བཞིན་འབྱེད་པའི་ཤེས་རབ་ཀྱིས། །
མ་ནོར་ལམ་བཟང་རྙེད་པར་མ་གྱུར་ན། །
སླར་ཡང་འཁོར་བའི་རྒྱ་མཚོ་ཉིད་དུ་ལྟུང༌། །
དེ་ཕྱིར་གཏི་མུག་མུན་པའི་སྨག་ཆེན་གྱིས། །
ཡུན་རིང་དུས་སུ་བསྒྲིབས་པས་བླང་དོར་གནས། །
ཇི་བཞིན་འབྱེད་ལ་ཀུན་ནས་འཐོམས་གྱུར་པ། །
བདག་ལ་ཤེས་རབ་སྒྲོན་མེ་སྩལ་དུ་གསོལ། །
རབ་འབར་ལྕགས་ཀྱི་ས་གཞིར་མེ་ལྕེས་སྲེག་ཅིང་ལུས་ལ་མཚོན་ཆའི་ཆར་པ་འབབ། །
གཤིན་རྗེའི་སྐྱེས་བུས་གསལ་ཤིང་ལ་སྐྱོན་ཟངས་ཞུན་ལྡུད་ཅིང་ཕུར་བུས་ལྕེ་ལ་འདེབས།
།
གངས་རིས་བསྐོར་བའི་འཁྱགས་པའི་སྦུབས་ཆུད་བུ་ཡུག་འཚུབས་པའི་རླུང་གིས་བཏབ་པ་ཡིས།
།
ལ་ལར་ཆུ་བུར་བརྒྱ་བྱུང་ལ་ལར་རྡོལ་ཞིང་ལུས་ནི་ཚལ་བ་དུ་མར་གས། །
གདོང་ནི་སྐྲས་ཁེབས་ཁ་ནི་བསྐམས་ཤིང་ཆུ་ཀླུང་མཐོང་སྟེ་བཏུང་ཕྱིར་རྒྱུགས་པ་ན། །
རལ་གྲི་མདུང་རྣམས་ཐོགས་པའི་སྐྱེས་བུས་འགགས་ཤིང་ཆུ་ཡང་རྣག་ཁྲག་ཉིད་དུ་མཐོང༌། །
ཁ་ནི་ཁབ་ཀྱི་མིག་ཙམ་ལྦ་བས་མགྲིན་འགགས་ཟས་སྐོམ་རྙེད་ཀྱང་སྤྱོད་མི་ནུས། །
ཟོས་ཤིང་འཐུང་རྣམས་འབར་ནས་ཚིག་ཅིང་བཤང་གཅིས་འཚོ་ལ་རང་ཤ་བཅད་དེ་ཟ། །
རྨོངས་པའི་མུན་ཆེན་འཐིབས་པས་ལམ་དང་ལམ་མིན་འབྱེད་ལ་བློ་ཡིས་ནུས་པ་བྲལ། །
གཅིག་ལ་གཅིག་གསོད་ལྷ་མིའི་གཞན་དབང་གྱུར་པས་བརྡེག་དང་བཀོལ་བའི་སྡུག་བསྔལ་འབབ། །
ལྷ་རྣམས་དཔལ་ལ་འཁྲུག་པའི་ཕྲག་དོག་མེ་ཆེན་འབར་བས་ཡིད་བདེའི་གོ་སྐབས་བཅོམ། །
འཐབ་རྩོད་ལས་བྱུང་ལུས་བཅད་དྲལ་ཞིང་གཡོ་རྒྱུས་བསླད་པས་བདེན་མཐོང་སྐལ་བ་མེད། །
དེ་ལྟར་མཐོང་བ་ལྟ་ཞོག་ཐོས་ན་ཡང༌། །
སྙིང་ལ་འཇིགས་བསྐྱེད་སྐྱི་ནི་གཡའ་བ་ཡི། །
དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མིན་གྱི། །
གཡང་ས་ཆེན་པོ་དག་ཏུ་ལྟུང་འགྱུར་བའི། །
དམ་པས་སྨད་པའི་མི་བཟད་སྡིག་པའི་ལས། །
ཐོག་མེད་དུས་ནས་བསགས་ཤིང་གསོག་འགྱུར་བ། །
གཡང་ས་ཆེན་པོར་མངོན་ཕྱོགས་ཉམ་ཐག་བདག །
ངན་འགྲོའི་འཇིག་ལས་སྐྱོབས་པའི་དུས་ལ་བབ། །
མི་ཡི་གནས་ནའང་ལོངས་སྤྱོད་དབང་ཕྱུག་གིས། །
མངོན་པར་མཐོ་ན་ཉམས་ཀྱི་དོགས་པ་དང༌། །
མཐོ་རིས་ཡོན་ཏན་འབྱོར་བས་ཕོངས་པ་ན། །
འདོད་བདེ་འཚོལ་བར་གྱུར་པས་ཤ་ཐང་ངོ༌། །
བདེ་བར་འདོད་ནས་དེ་ཡི་ཐབས་སྒྲུབ་པས། །
བདེ་བ་ཐོབ་པ་དེ་ལས་ཆེས་ལྷག་པའི། །
ལུས་ཀྱི་སྡུག་བསྔལ་སེམས་ཀྱི་ཡིད་མི་བདེ། །
རྣམ་པ་དུ་མས་ཀུན་ནས་མནར་བར་འགྱུར། །
ལུས་མཛེས་རིན་ཆེན་རྒྱན་གྱིས་རབ་བརྒྱན་ནས། །
ཁང་བཟང་དགའ་བའི་ཚལ་དུ་གནས་བཅས་ཤིང༌། །
ཡུན་རིང་འདོད་པའི་བདེ་ལ་ལོངས་སྤྱོད་པ། །
མཐོ་རིས་དཔལ་ལ་རོལ་བའི་ལྷ་རྣམས་ཀྱང༌། །
མི་འདོད་འཆི་བའི་ལྟས་ཀྱིས་ཟིན་པ་ན། །
ཡིད་འཕྲོག་སྙིང་ལ་བཅགས་པར་གྱུར་པ་ཡི། །
ལྷ་ཡི་མཛེས་མ་ཡིད་འོང་སྐྱེད་མོས་ཚལ། །
བདུད་རྩིའི་ཁ་ཟས་གོས་བཟང་མཛེས་པའི་རྒྱན། །
ལྷ་བུ་གཞོན་ནུ་རྣམས་དང་མྱུར་དུ་བདག །
མི་འདོད་བཞིན་དུ་འབྲལ་བར་མཐོང་བའི་ཚེ། །
གནས་དེར་སྐྱེས་པའི་ལུས་ཀྱི་བདེ་བ་ལས། །
ཆེས་ཆེར་ལྷག་པའི་ཡིད་ཀྱི་སྡུག་བསྔལ་གྱིས། །
བསྐྱེད་པའི་མྱ་ངན་མེ་ལྕེ་འབར་བས་བསྲེག །
ཚེ་རབས་མང་པོར་ལེགས་པར་སྤྱད་པའི་ལས། །
འབད་པས་བསྒྲུབས་པའི་འབྲས་བུ་སྤྱད་པས་ཟད། །
བག་མེད་དབང་གིས་ངན་འགྲོའི་རྒྱུ་བསྒྲུབས་པས། །
སླར་ཡང་ངན་སོང་གནས་སུ་ལྷུང་བར་འགྱུར། །
འདོད་ལ་འདུན་པའི་རྣམ་རྟོག་གནོད་སེམས་མེད། །
གཉིད་དང་ཡིད་ལ་གདུང་བའི་སྤྱོད་པ་སྤང༌། །
ལུས་དང་སེམས་ལ་གནོད་པའི་སྡུག་བསྔལ་བྲལ། །
ཏིང་འཛིན་སྟོབས་ཀྱིས་ཡུན་རིང་བདེར་གནས་པ། །
གཟུགས་དང་གཟུགས་མེད་ལྷ་ཡི་གནས་ཐོབ་ཀྱང༌། །
འདུ་བྱེད་སྡུག་བསྔལ་འཆིང་ལས་མ་གྲོལ་བས། །
སྔོན་གྱི་ཏིང་འཛིན་འཕེན་པ་ཟད་པ་ན། །
ཕྱིར་ཡང་འོག་ཏུ་ལྷུང་ནས་བརྒྱུད་མར་འཁོར། །
དེ་ལྟར་འཁོར་བའི་གཙོ་བོ་ལྷ་མི་ཡང༌། །
སྐྱེ་འཆི་ན་དང་རྒ་ལ་སོགས་པ་ཡི། །
སྡུག་བསྔལ་ཆུ་བོས་སྲིད་པའི་མཚོར་ཁྱེར་ན། །
སྲིད་པའི་བདེ་ལ་ཆགས་པར་མི་རིགས་མོད། །
འོན་ཀྱང་སྲེད་པས་བློ་མིག་བསྒྲིབས་པ་ཡིས། །
སྡུག་བསྔལ་བདེ་བར་འཛིན་པའི་ལོག་ཤེས་ཅན། །
ཕྱིན་ཅི་ལོག་གི་རྟོག་པས་བསྒྲིབས་པ་བདག །
སྲིད་པའི་ཆུ་བོ་ཆེ་ལས་བསྒྲལ་དུ་གསོལ། །
འདོད་པའི་འདམ་དུ་བྱིང་བས་ཐར་པའི་ལམ་ལས་གོལ། །
མ་རིག་འཐིབས་པོར་ཞུགས་པས་ཤེས་རབ་མིག་དང་བྲལ། །
སྤྲོས་པའི་གཟེབ་ཏུ་ཚུད་པས་འཁོར་བའི་བཙོན་རར་བཅིངས། །
ལས་ཀྱིས་མནར་བ་བདག་ནི་ཁྱེད་ཀྱི་ཐུགས་རྗེའི་གནས། །
འཇིགས་རུང་འཁོར་བའི་གཡང་ས་འགེགས་པ་ལ། །
དྲི་མེད་མང་དུ་ཐོས་ལ་བརྟེན་པ་ཡི། །
ཚུལ་བཞིན་དཔྱོད་པའི་རྣམ་དག་རིགས་སྟོབས་ཀྱིས། །
མཐའ་ཡས་གསུང་རབ་རྣམས་ཀྱི་དྲང་ངེས་ཚུལ། །
ཇི་བཞིན་འབྱེད་ལ་གཞན་དྲིང་མི་འཇོག་པའི། །
མཁས་པའི་གོ་འཕང་ངེས་པར་རྙེད་དགོས་ཀྱང༌། །
རྒྱལ་བའི་དགོངས་པ་ཕྲ་མོ་སྨོས་ཅི་དགོས། །
འཇུག་ལྡོག་གནས་ནི་ཤིན་ཏུ་རགས་པ་ལའང༌། །
བདག་གི་བློ་མིག་ཆེས་ཆེར་གསལ་མ་གྱུར། །
ད་དུང་རབ་རྨོངས་དགྲ་འདིས་བདག་གི་སྙིང༌། །
རིང་དུ་བསྒྲིབས་ནས་གྲོལ་བའི་སྐབས་མེད་པ། །
ཚུལ་འདི་དགོངས་ལ་སྙིང་གི་མུན་པ་སེལ། །
རྒྱལ་བ་རྒྱལ་སྲས་སྤྱན་སྔར་རིག་གནས་ལ། །
མང་ཐོས་རྒྱ་མཚོས་སྐྱེ་བ་དུ་མ་རུ། །
ཡང་ཡང་སྦྱངས་པའི་བག་ཆགས་ལེགས་སད་པ། །
འགྲོ་ལ་ལམ་བཟང་མཚོན་པའི་མིག་གཅིག་པུ། །
སྔོན་གྱི་དམ་པ་རྣམས་ཀྱིས་ཡལ་བར་དོར། །
དེ་ཕྱིར་མགོན་དང་བྲལ་བའི་ཕོངས་པ་བདག །
ཕྱོགས་རྣམས་བསླད་པའི་མགྲོན་པོ་བཞིན་གྱུར་པས། །
བརྩེ་ཆེན་ཁྱེད་ཀྱིས་རྗེས་སུ་བཟུང་བའི་དུས། །
ཡང་དང་ཡང་དུ་གུས་པས་བསྟེན་པའི་སྐྱབས། །
བྱམས་པ་བྱམས་པས་འགྲོ་བ་སྒྲོལ་བ་ཁྱོད། །
མྱུར་བ་མྱུར་བར་བྱོན་ནས་བདག་གི་ནི། །
སྐྱེ་བ་སྐྱེ་བར་ཐེག་མཆོག་བཤེས་གཉེན་མཛོད། །
རྟག་ཏུ་བརྩེ་བས་ལུས་ཅན་མཐའ་དག་ལ། །
རྒྱུན་མི་འཆད་པར་གཟིགས་པ་ཁྱོད་དྲུང་དུ། །
གང་གི་ཡོན་ཏན་དྲན་པས་དང་བའི་ཡིད། །
ཉིན་རེ་བཞིན་དུ་སླེབ་པར་བགྱིས་ན་ཡང༌། །
གནས་ཀྱིས་བསྐལ་ཞིང་སླར་ཡང་དབེན་པའི་རོ། །
རབ་ཏུ་མྱང་ཕྱིར་ཐག་རིང་གནས་སུ་ནི། །
འཇུག་པར་འདོད་པས་ལུས་ཀྱིས་བགྲོད་མ་ནུས། །
དེས་ན་བསོད་ནམས་ཞིང་གི་དམ་པ་ཁྱོད། །
མཉེས་པར་བགྱི་སླད་ལྷག་བསམ་དག་པ་ཡིས། །
རིན་ཆེན་ས་ལེ་སྦྲམ་དང་ལྷ་ཡི་དར། །
དགེ་སྦྱོང་རྣམས་ལ་ཐུབ་པས་བསྔགས་པ་ཡི། །
ཆོས་གོས་གསུམ་དང་གསིལ་བྱེད་དྲང་སྲོང་སྣོད། །
གཞན་ཡང་ཏིང་འཛིན་སྨོན་ལམ་གྱིས་སྤྲུལ་པའི། །
བཀོད་ལེགས་ཡིད་འཕྲོག་མཆོད་པ་ནམ་མཁའི་ཁྱོན། །
ཡོངས་སུ་བཀང་སྟེ་རྐང་གཉིས་གཙོ་བོ་ལ། །
ཞེན་མེད་མ་ཆགས་བློ་ཡིས་དབུལ་བར་བགྱི། །
དེ་ལས་འོངས་པའི་རབ་དཀར་དགེ་བའི་ཚོགས། །
གང་དེས་སྲིད་པར་ཡུན་རིང་འཁྱམས་པ་ན། །
སྡུག་བསྔལ་བྱེ་བས་མནར་ཞིང་བདེ་བས་ཕོངས། །
མ་ལུས་འགྲོ་བའི་སྐྱབས་སུ་བདག་གྱུར་ཅིག །
འཇིག་རྟེན་འདྲེན་པའི་གོ་འཕང་དམ་པ་ལ། །
རེག་པར་མ་གྱུར་སྐྱེ་བ་ཐམས་ཅད་དུ། །
ཚངས་སྤྱོད་ཡོངས་སུ་དག་པའི་རབ་བྱུང་རྟེན། །
རྙེད་ནས་ཐེག་མཆོག་རིགས་ནི་སད་པར་ཤོག །
བཟོད་ལྡན་དྲང་ཞིང་གྱ་གྱུ་མེད་པ་དང༌། །
མ་ཞུམ་སྙིང་སྟོབས་ཤུགས་དྲག་དད་པ་དང༌། །
གུས་དང་རྟག་ཏུ་སྦྱོར་བའི་བརྩོན་འགྲུས་དང༌། །
རྣམ་དཔྱོད་ཤེས་རབ་ཕུལ་བྱུང་ཐོབ་པར་ཤོག །
རྒྱལ་བའི་དགོངས་པ་རྣམ་དག་རིགས་སྟོབས་ཀྱིས། །
ཇི་བཞིན་རྙེད་ནས་རང་གི་དགོངས་པ་ལྟར། །
བརྩེ་བས་དྲངས་པའི་ཐབས་མཁས་སྤྱོད་པ་ཡི། །
གཞན་ལ་སྟོན་ལ་མཁས་པའི་མཐར་སོན་པའི། །
བཤེས་གཉེན་བསྟེན་ནས་མང་ཐོས་རྒྱ་མཚོ་ལ། །
རིང་དུ་སྦྱངས་པས་ཐེ་ཚོམ་ཀུན་བཅད་ནས། །
ཐོས་པའི་དོན་རྣམས་ཚུལ་བཞིན་བསྒྲུབས་པ་ཡིས། །
བདེ་བར་གཤེགས་རྣམས་མཉེས་པར་བྱེད་པར་ཤོག །
ཐུབ་པས་བཅས་པའི་མཚམས་ལས་མི་འདའ་ཞིང༌། །
རྒྱལ་བའི་གདུང་འཚོབ་དགེ་བའི་བཤེས་ལ་གུས། །
དབང་པོ་རབ་རྣོ་ལོག་སྒྲུབ་སྐྱོན་དང་བྲལ། །
ཡོངས་སུ་དག་པའི་འཁོར་དང་ལྡན་པར་ཤོག །
ནག་པོའི་ཕྱོགས་ཀྱིས་ཡིད་ནི་བསྐྱོད་པ་ཡིས། །
ཚོགས་པའི་ཆོས་སྤྱོད་དགའ་སྟོན་མྱོང་བའི་གེགས། །
བདུད་ཀྱི་གཉེན་དུ་གྱུར་པའི་སྡིག་གྲོགས་དང༌། །
སྐད་ཅིག་ཙམ་ཡང་ཕྲད་པར་མ་གྱུར་ཅིག །
ཐུབ་དབང་རྗེས་སུ་གུས་པས་སློབ་པའི་ཚེ། །
རླབས་ཆེན་སྤྱོད་པ་རྫོགས་པར་བྱེད་པའི་གེགས། །
སྐལ་བ་ངན་པའི་རྗེས་འགྲོ་བདུད་ཀྱི་ལས། །
བར་དུ་གཅོད་པའི་མིང་ཡང་མེད་པར་ཤོག །
གང་དང་ལྡན་ན་དམ་པ་དགའ་བྱེད་པ། །
དགེ་སྦྱོང་རྒྱན་དུ་འདྲེན་པས་བསྔགས་པ་ཡི། །
བྱང་ཆུབ་སྤྱོད་པའི་རྗེས་སུ་མཐུན་པའི་རྐྱེན། །
མ་ལུས་ཐོགས་པ་མེད་པར་འགྲུབ་པར་ཤོག །
བྱང་ཆུབ་སྤྱོད་ཚེ་གདུལ་བྱའི་གནས་ཀུན་ཀྱང༌། །
རྣམ་དག་བསླབ་པས་བསྡམས་པའི་རབ་བྱུང་ལ། །
འགོད་ཅིང་དེ་ལ་འོས་པའི་ཡོ་བྱད་རྣམས། །
བསམ་པ་ཙམ་གྱིས་མ་ལུས་སྩོལ་བར་ཤོག །
དེང་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ། །
ལུས་ངག་ཡིད་ཀྱིས་རྩོལ་བ་གང་བགྱིས་པ། །
དེ་དག་ཐམས་ཅད་མཐའ་ཡས་འགྲོ་བ་ལ། །
གནས་སྐབས་ཀུན་ཏུ་ཕན་པའི་རྒྱུར་གྱུར་ཅིག །
བུ་སྡུག་ཤི་བའི་དུས་ཀྱི་མ་བཞིན་དུ། །
སྡུག་བསྔལ་ཀུན་གྱིས་མནར་བའི་འགྲོ་བ་ཀུན། །
རྟག་ཏུ་ཡིད་ལ་གཅགས་པའི་བརྩེ་བ་ཡིས། །
བདོག་པ་ཐམས་ཅད་དེ་ལ་གཏོང་བར་ཤོག །
མོས་སྤྱོད་ས་ཡི་དྲི་མ་སྦྱོང་བ་ན། །
འདས་དང་མ་འོངས་ད་ལྟ་བྱུང་བ་ཡི། །
ཚུ་རོལ་མཐོང་བའི་རྒྱལ་སྲས་ནང་ན་བདག །
གསེར་གྱི་ས་འཛིན་དབུས་ན་ལྷུན་པོ་བཞིན།
སྤྱན་དང་མངོན་ཤེས་མང་དུ་ཐོས་པ་སོགས། །
ཡོན་ཏན་ཀུན་གྱིས་རབ་ཏུ་མཐོ་བ་དང༌། །
བྱིས་པའི་རྒུད་པ་ཀུན་ལས་འདས་གྱུར་ཏེ། །
གཞན་དྲིང་མི་འཇོག་སྤོབས་པ་ཐོབ་པར་ཤོག །
རྒྱལ་སྲས་འཕགས་པའི་ས་ལ་སློབ་པ་ན། །
སར་གནས་དཔའ་བོ་དུས་གསུམ་ཐམས་ཅད་དུ། །
ཡོངས་སུ་གཤེགས་པ་རྣམས་ཀྱི་ཁྲོད་ན་བདག །
བྱ་ལམ་བགྲོད་ལ་འདབ་བཟང་དབང་པོ་བཞིན། །
རྒྱལ་སྲས་གཞན་གྱིས་དཔག་པར་དཀའ་བ་ཡིས། །
ཤིན་ཏུ་རྒྱ་ཆེའི་ཤེས་བྱའི་གནས་རྣམས་ལ། །
དྲི་མེད་མཁྱེན་པ་ཐོགས་པ་མེད་འཇུག་ཅིང༌། །
རླབས་ཆེན་སྤྱོད་པའི་གཏེར་དུ་འགྱུར་བར་ཤོག །
དེ་ལྟར་སྤྱད་པས་འབྲས་བུ་འགྲུབ་པ་ན། །
དུས་གསུམ་རྒྱལ་བ་རྣམས་ཀྱིས་སྐུ་དང་ཞིང༌། །
འཁོར་དང་མཛད་པ་སྐུ་ཚེ་སྨོན་ལམ་རྣམས། །
གང་ཡིན་གཅིག་ཏུ་བསྡོམས་པ་དེ་དག་ཀུན། །
ཐབས་མཁས་སྤྱོད་པས་ཡོངས་སུ་རྫོགས་གྱུར་ནས། །
རིང་ནས་ཡིད་ལ་བརྣག་པའི་འགྲོ་བ་འདི། །
དམ་ཆོས་བདུད་རྩིའི་ཆར་ཆེན་ཕབ་པ་ཡི། །
སྐད་ཅིག་གཅིག་ལ་བདག་གིས་སྒྲོལ་བར་ཤོག། །།
འདི་ནི་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།། །།
རྣམ་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པ་ཞེས་བྱ་བ་བཞུགས་སོ།།
༄༅། །ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། །
ས་གསུམ་འགྲོ་བའི་རེ་སྐོང་དངོས་གྲུབ་གཏེར། །
ལེགས་བཤད་འོད་སྟོང་འགྱེད་པའི་ཉིན་མོར་བྱེད། །
ཡོན་ཏན་ཆ་ཤས་ཀུན་རྫོགས་འོད་དཀར་ཅན། །
དཔལ་ལྡན་བླ་མ་ལུས་ཅན་གཙུག་ན་རྒྱལ། །
གང་ལ་བརྟེན་ན་བློ་གྲོས་མཆོག་སྟེར་ཞིང༌། །
འཆི་བདག་བེ་ཅོན་རི་མོའི་དབྱུག་པ་ལྟར། །
གང་གིས་མཛད་པའི་ལྷ་མོ་འགྲོ་བའི་སྐྱབས། །
གཙུག་ཏོར་རྣམ་རྒྱལ་ཅུང་ཟད་བསྟོད་པར་བགྱི། །
མིག་བྲལ་སྐྱེ་བོས་སྣ་ཚོགས་གཟུགས་ལ་བཞིན། །
ཁྱེད་ཀྱི་ངང་ཚུལ་བདག་ལ་རིང་དུ་བསྐལ། །
འོན་ཀྱང་དམ་ཆོས་ཡང་དག་སྡུད་པའི་ཕུག །
བདེ་བ་ཅན་གྱི་ཁང་བཟང་མཆོག་ཉིད་ན། །
འཇིག་རྟེན་རྣམ་འདྲེན་ཚེ་དཔག་མེད་མགོན་གྱིས། །
ཁྱོད་ལ་རྒྱ་ཆེར་བསྔགས་པ་ཐོས་པ་ལས། །
འཕགས་མའི་ཞབས་ཟུང་རིང་ནས་བསྟེན་པ་བདག །
འདི་སྐད་གླེང་བའི་གོ་སྐབས་ཅུང་ཟད་རྙེད། །
ཡིད་འཕྲོག་འོད་ཟེར་སྟོང་གི་དྲ་བ་ཅན། །
ཕུལ་བྱུང་ཆུ་ཞེང་གབ་པ་ཁྱོད་ཀྱི་སྐུ། །
འོ་མའི་ཆུ་གཏེར་དབུས་ན་གངས་རི་བཞིན། །
པད་ཟླའི་སྟེང་ན་མཛེས་ལ་ཕྱག་འཚལ་ལོ། །
ཆུ་ཤེལ་བཙོ་མའི་གསེར་དང་ཨིནྡྲ་རྙིལ། །
ཡོངས་སུ་དག་པའི་འོད་ལྟར་རབ་གསལ་བའི། །
དབུས་དང་གཡས་གཡོན་ཞལ་བཟང་རྒྱས་པ་ནི། །
སྒེག་དང་ཞི་དང་ཁྲོ་ལ་ཕྱག་འཚལ་ལོ། །
གདུགས་མཛེས་ཏོག་ལ་ཨིནྡྲ་ནཱི་ལ་བཞིན། །
རབ་རྒྱས་དབུ་ལ་རལ་པའི་ཐོར་ཅོག་ཅན། །
དྲི་བྲལ་མཁའ་ལ་འཁྱོག་པའི་འཇའ་ཚོན་ལྟར། །
མཐོན་མཐིང་སྤྱན་མཆོག་སྨིན་མ་རིང་པོས་མཛེས། །
དབྱིབས་ལེགས་ཤངས་ཀྱི་རྒྱུད་ནི་ཡིད་དུ་འོང༌། །
མཆུ་སྒྲོས་མཛེས་པའི་ཞལ་ནི་ལྟ་ན་སྡུག །
མཉེན་ལེགས་སྙན་གྱི་བུག་པར་རིན་ཆེན་འཕྱང༌། །
རྨད་བྱུང་ཉམས་ཀྱིས་ཡིད་འཛིན་ཁྱོད་ལ་འདུད། །
སྐར་ཕྲེང་བཀྲ་བའི་མདངས་ལྟར་རབ་གསལ་བའི། །
དོ་ཤལ་མཆོག་གིས་མགྲིན་པར་རབ་ཏུ་འཁྱུད། །
འོ་མའི་རྒྱུན་འཛིན་ནུ་འབུར་ཟུང་གཅིག་གིས། །
རབ་ཡངས་བྲང་ལ་ངང་པས་པད་མཚོར་བཞིན། །
རིན་ཆེན་རྒྱན་གྱིས་མཛེས་པའི་འཇམ་མཉེན་ཕྱག །
པདྨའི་རྩ་བ་ལྟར་དཀར་ཟུང་བཞི་ཡི། །
དང་པོ་རྡོ་རྗེ་སྡིགས་མཛུབ་ཞགས་པ་སྟེ། །
གཉིས་པ་འོད་དཔག་མེད་དང་མི་འཇིགས་སྦྱིན། །
གསུམ་པས་མདའ་གཞུ་བཞི་པའི་ཕྱག་ཟུང་གིས། །
མཆོག་སྦྱིན་བུམ་པ་བཟུང་ནས་འགྲོ་བ་ལ། །
འཆི་མེད་ཚེ་ཡི་དཔལ་སྟེར་བཅོམ་ལྡན་མ། །
ཚེ་དཔག་མེད་པ་ཁྱོད་ལ་ཕྱག་འཚལ་ལོ། །
ཡིད་བཞིན་མཚོ་ཡི་ངོགས་ཀྱི་པད་སྡོང་བཞིན། །
དྲང་ཞིང་ལྡེམ་པའི་སྐེད་སྐབས་གསལ་བ་ཅན། །
འཇའ་ཚོན་གུར་ཕུབ་ཤེལ་གྱི་མཆོད་སྡོང་ལྟར། །
དྲི་མེད་མཛེས་སྐུ་བཀྲ་བའི་གོས་ཀྱིས་སྤུད། །
མི་ཕྱེད་སྐྱིལ་ཀྲུང་མཆོག་གིས་ལེགས་གནས་ཤིང༌། །
བརྒྱད་གཉིས་ལང་ཚོའི་དཔལ་འཛིན་རྒྱལ་བའི་ཡུམ། །
མི་འདྲའི་རྣམ་འཕྲུལ་དུ་མས་རྣམ་རོལ་བ། །
འགྲོ་བའི་ཡིད་བཞིན་འཇུག་ལ་ཕྱག་འཚལ་ལོ། །
རྔ་ཡབ་དཀར་པོ་བསྣམས་པའི་རྒྱལ་བའི་སྲས། །
ཕྱག་ན་པདྨ་རྡོ་རྗེ་འཛིན་པ་གཉིས། །
གཡས་གཡོན་གནས་ནས་ཁྱོད་སྐུར་མངོན་ཕྱོགས་ཏེ། །
རྟག་ཏུ་བསྒྲིམས་ཏེ་བལྟས་ཀྱང་ངོམས་པ་མེད། །
རལ་གྲི་ལྕགས་ཀྱུ་དབྱུག་པ་རྡོ་རྗེ་གཡས། །
གཡོན་པ་མ་རུངས་འདུལ་བའི་སྡིགས་མཛུབ་ཅན། །
མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །
ཁྱོད་ཀྱི་ཕྱོགས་བཞིར་གནས་ནས་བགེགས་དཔུང་འཇོམས། །
འཆི་མེད་བདུད་རྩིའི་ཆར་གྱི་རྒྱུན་འབེབས་པའི། །
གཙང་མའི་གནས་ཀྱི་ལྷ་ཡི་བུ་གཉིས་ནི། །
སྟེང་གི་ཕྱོགས་ནས་རིན་ཆེན་བུམ་པ་ཡིས། །
དག་པའི་ཆུ་རྒྱུན་འབེབས་ལ་མངོན་པར་བརྩོན། །
མ་ལུས་ཤེས་བྱ་མཐའ་དག་མངོན་དུ་གྱུར། །
མུ་མེད་འགྲོ་ལ་རྒྱུན་ཆད་མེད་པར་བརྩེ། །
མེ་མཚོན་དུག་སོགས་འཇིགས་པ་ཀུན་ལས་སྐྱོབ། །
མི་དང་ལྷ་ཡི་རྣམ་འདྲེན་ཁྱོད་ལ་འདུད། །
ཤེས་བྱ་ཀུན་ལ་རྨོངས་པའི་དྲ་བ་བཅད། །
སེམས་ཅན་ཀུན་ལ་སྙོམས་པའི་ཐུགས་དང་ལྡན། །
གནས་སྐབས་ཀུན་ཏུ་ཕན་དང་བདེ་སྟེར་བ། །
འཇིག་རྟེན་ཀུན་གྱི་སྐྱབས་ལ་ཕྱག་འཚལ་ལོ། །
ཤིན་ཏུ་བརྟན་པ་ཞེས་བྱ་ལྷ་ཡི་བུས། །
ཁྱོད་ཀྱི་གཟུངས་སྔགས་ཞག་དྲུག་བགྲངས་པས་ཀྱང༌། །
འཇིགས་པ་ཆེ་ལས་ཡོངས་སུ་ཐར་གྱུར་ཏེ། །
མཆོག་གི་ཚེ་ཐོབ་ངན་འགྲོ་དག་གྱུར་ན། །
འདི་ན་ཁྱོད་ལ་རྩེ་གཅིག་ཡིད་ཀྱིས་ནི། །
རྒྱུན་དུ་སྐྱབས་སུ་བཟུང་ནས་ཏིང་འཛིན་དང༌། །
བཟླས་བརྗོད་མཆོད་པས་དུས་རྣམས་འདའ་བ་ལ། །
ཅི་ལགས་རེ་བ་མི་སྐོང་བཅོམ་ལྡན་མ། །
བརྩེ་བའི་མ་ཡིས་ཡིད་འོང་བུ་ལ་བཞིན། །
ཡིད་ལ་ཁྱོད་སེམས་དང་བའི་བུ་ཡིས་ནི། །
ཡང་ཡང་བོས་ཀྱང་རྗེས་སུ་མི་འཛིན་ན། །
བརྩེ་བའི་གཏེར་དུ་བདག་གིས་ཅི་ལས་དཔག །
ཁྱོད་ནི་འགྲོ་བ་ཀུན་གྱི་བསམ་པ་མཁྱེན། །
སྔོན་ཚེ་དེ་དག་དོན་དུ་ཐུགས་ཀྱང་བསྐྱེད། །
ཇི་ལྟར་འདུལ་བའི་ཐབས་ལ་ཤིན་ཏུ་མཁས། །
སྲིད་ཞིའི་རྒུད་པ་སེལ་བའི་མཐུ་དང་ལྡན། །
དེ་ཕྱིར་རྟག་ཏུ་དག་པའི་སྐྱེ་བ་འཛིན། །
རྒྱལ་དང་ཕྲད་ཅིང་རྒྱལ་སྲས་རིགས་སུ་འགྱུར། །
བློ་རྣོ་ཚེ་རབས་དྲན་ཞིང་ངག་ནི་བཙུན། །
དྲན་དང་ལྡན་ཞིང་བདེ་བ་ཅན་དུ་སྐྱེ། །
དཔག་མེད་ཚེ་ཐུབ་འབྱུང་པོའི་གནོད་པ་མེད། །
དུས་མིན་འཆི་བ་བརྒྱད་དང་ནད་ལས་གྲོལ། །
ཀུན་གྱི་མཆོད་འོས་དགྲ་ལས་རྒྱལ་བ་དང༌། །
རལ་གྲི་རིག་འཛིན་མཁའ་ལ་འགྲོ་བ་སོགས། །
རྒྱལ་བས་གསུངས་པའི་གཟུངས་ཀྱི་ཕན་ཡོན་ཀུན། །
སྒྲུབ་པ་པོ་ཡིས་ཇི་ལྟར་གསོལ་བ་བཞིན། །
ཐུགས་རྗེའི་དབང་གྱུར་འཕགས་མའི་དྲིན་གྱིས་ནི། །
ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་མཛོད། །
གཟུངས་མཆོག་གང་ལ་གཏད་པའི་ལྷ་དབང་དང༌། །
གང་དེ་འཛིན་པའི་སླད་བཞིན་འབྲངས་ནས་ནི། །
རྟག་ཏུ་བསྲུང་བར་ཞལ་གྱིས་ལེགས་བཞེས་པ། །
ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཆེན་པོས་ཀྱང༌། །
སྙིགས་དུས་སྐྱེ་བོའི་ངང་ཚུལ་མི་བལྟ་བར། །
རྒྱལ་བའི་སྤྱན་སྔར་དམ་བཅས་དགོངས་མཛོད་ལ། །
གཟུངས་ཀྱི་ཕན་ཡོན་གང་ཡིན་དེ་དག་ཀུན། །
མྱུར་དུ་མངོན་དུ་འགྱུར་བའི་འཕྲིན་ལས་མཛོད། །
དེ་ལྟར་འགྲོ་བའི་སྐྱབས་གྱུར་རྗེ་བཙུན་མ། །
ཅུང་ཟད་བསྟོད་ལས་བྱུང་བའི་དགེ་བ་དེས། །
འཕཊ་མའི་གོ་འཕང་མཆོག་དེ་མྱུར་ཐོབ་ནས། །
ཉམ་ཆུང་ལུས་ཅན་ཀུན་གྱི་མགོན་བགྱིད་ཤོག །
མི་བསྲུན་ཡིད་ཀྱི་བྲན་དུ་གྱུར་པའི་མཐུས། །
མི་འདོད་འབྲས་བུ་སྟེར་བའི་གནག་པའི་ལས། །
མི་ཤེས་དབང་གིས་བགྱིས་པ་གང་ཡིན་པ། །
མ་ལུས་བདེ་བླག་ཉིད་དུ་ཞི་གྱུར་ཅིག །
མཆོག་གི་ཚེ་དང་རླབས་ཆེན་རྣམ་དཔྱོད་དང༌། །
དད་དང་སྙིང་རྗེ་རྩོན་འགྲུས་ཏིང་འཛིན་སོགས། །
ལུང་དང་རྟོགས་པའི་ཡོན་ཏན་ཇི་སྙེད་པ། །
མཐའ་དག་གོང་ནས་གོང་དུ་རྒྱས་པར་ཤོག །
བྱང་ཆུབ་སྒྲུབ་པའི་རྗེས་སུ་རབ་གཞོལ་བ། །
བདེ་གཤེགས་དགྱེས་པའི་རབ་འབྱམས་དབང་གི་ལས། །
དེ་དག་ཐམས་ཅད་ཇི་ལྟར་སྨོན་པ་བཞིན། །
འདོད་པ་ཙམ་གྱིས་རྗེས་སུ་བྱེད་པར་ཤོག །
ཐོས་བསམ་སྒོམ་པས་བདག་རྒྱུད་འདུལ་བའི་ཚེ། །
ཡང་དག་ལམ་གྱི་གེགས་ལ་མངོན་བརྩོན་པ། །
ནག་པོའི་རྩ་ལག་རྣམས་ཀྱི་སྟོབས་དང་དཔུང༌། །
མངོན་སྤྱོད་ལས་ཀྱིས་ཐམས་ཅད་ཚར་གཅོད་ཤོག །
མཐོང་ཐོས་དྲན་དང་རེག་པ་ཙམ་གྱིས་ཀྱང༌། །
འགྲོ་བ་ཀུན་གྱི་རེ་བ་གང་ཡིན་པ། །
མཐའ་དག་ཡོངས་སུ་རྫོགས་པར་བྱེད་པ་ལ། །
ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་ཤོག །
མདོར་ན་བཤེས་གཉེན་དམ་པ་མཉེས་བྱས་ནས། །
ཐུབ་པའི་དགོངས་པ་རྙེད་པའི་མང་ཐོས་ཀྱིས། །
སྒྲུབ་པའི་བྱ་བ་ལེགས་པར་མཐར་ཕྱིན་ནས། །
རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །
བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འཆི་མེད་གྲུབ་པ་ཞེས་བྱ་བ་འདི་ནི་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།
།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས་མཛད་པའི་བསྟོད་ཆེན་བཞི་པོ་འདི་བཞིན། ༢༠༡༧ ཟླ་བ་
༡༢ ཚེས་ ༡༢ དགའ་ལྡན་ལྔ་མཆོད་ཀྱི་དགོང་མོར་གུས་བེ་རི་རྒྱལ་སྲས་ཀྱིས་ཕྱོགས་སྒྲིག་བགྱིས་པའི་དགེ་བའི་རྩ་བས།
བདག་གི་དྲིན་ཆེན་ཡབ་ཡུམ་གཉིས་པོ་རྗེ་བླ་མས་རྗེས་སུ་འཛིན་པའི་རྒྱུ་རུ་གྱུར་ཅིག