ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད།
༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་མཛད་འཁུར་གསུམ་ལས་
འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས།
དཔེ་དེབ། སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག
Ethics for New Millennium
ཚིགས་བཅད་དུ་སྒྲིག་མཁན། བེ་རི་དཔལ་ལྡན་རྣམ་རྒྱལ།
བྷུན་ཏར་དགེ་འོས་མཐོ་སློབ་ཁང་། ༢༠༡༧ ཟླ་བ་ ༡༢ ཚེས་ ༡༩
ལེའུ་དང་པོ། དེང་གི་སྤྱི་ཚོགས་དང་། བདེ་སྐྱིད་ཀྱི་འཚོལ་སྙེག
1. Modern Society and Quest for
happiness
འཇིག་རྟེན་བདེ་བའི་རྩ་བ་གང་།།
ཞི་བའི་ལམ་ནི་སྟོན་མཛད་པ།།
གོ་ལ་ཡོངས་ཀྱི་སྟོན་པ་ཡིས།།
འབྲལ་བ་མེད་པར་སྐྱོང་གྱུར་ཅིག།།
སྤྱི་སྨན་བཟང་སྤྱོད་རྩ་བ་ནི།།
སྲོག་ལྡན་ཐམས་ཅད་བདེ་འདོད་ཅིང་།།
སྡུག་བསྔལ་མི་འདོད་པ་ཡིན་པས།།
ཐོག་མར་འདི་ཉིད་བསྐྱེད་པར་བྱ།།
ཕྱི་ཡི་རྒྱུ་དང་དཔལ་འབྱོར་གྱིས།།
བདེ་སྐྱིད་སྐྲུན་པ་མི་ནུས་ཏེ།།
ནུབ་ཕྱོགས་ཕྱུག་བདག་ཁྲུས་ཁང་གི།།
གཉིད་སྨན་ཉིད་ཀྱིས་གསལ་བར་ཤེས།།
རང་གཞན་འབྲེལ་མེད་ལྟ་བ་ཡིས།།
གཞན་གྱི་བདེ་སྡུག་ཡལ་བར་བོར།།
ཕན་ཚུན་ལྟོས་པའི་བློ་རྙེད་ན།།
རང་གཞན་བདེ་སྡུག་གཅིག་ཏུ་འགྱུར།།
ཚན་རིག་ཇི་ཙམ་མཁས་གྱུར་ཀྱང་།།
བླང་དོར་ཤེས་པ་མ་ངེས་ཏེ།།
དེའི་ཕྱིར་འཕྲུལ་ལས་དུས་རབས་འདིར།།
གཏོར་བཅོམ་གྲངས་ཀྱིས་ཡོངས་མ་ལོང་།།
རྒ་ཤི་ཟློག་ནུས་མ་ཡིན་ཡང་།།
བཙན་གཡེམ་དམག་འཁྲུག་ཟློག་ནུས་པས།།
བཟང་སྤྱོད་དར་སྤེལ་བྱུང་བ་ན།།
ཞི་བདེའི་འཛམ་གླིང་ཅིས་མི་འབྱུང་།།
ཆོས་ལུགས་ཁོ་ནས་མི་ཐུབ་སྟེ།།
ཆོས་ལུགས་ཀྱིས་ནི་འཁྲུག་པར་འགྱུར།།
ཆོས་ལུགས་ལ་ནི་མ་བརྟེན་པའི།།
ཆོས་ཀྱི་གསར་བརྗེ་འདི་ཉིད་བྱ།།
ལེའུ་གཉིས་པ། རྫུ་འཕྲུལ་མེད་ལ། སྦས་དོན་ཡང་མེད།
2. No Magic, No Mystery
ཆོས་ལུགས་དད་པ་མི་གཙོ་བར།།
བཟང་སྤྱོད་ལྡན་པ་གཙོ་བོ་ཡིན།།
ཆོས་ལུགས་ཉམས་པ་སླ་མོད་ཀྱང་།།
བཟང་སྤྱོད་ཉམས་ན་དེ་ལྟར་མིན།།
ཆོས་དང་ཆོས་ལུགས་ཁྱད་པར་དབྱེ།།
ཆོས་ལུགས་སྲོལ་རྒྱུན་དད་ཚུལ་ཞིག།།
ཆོས་ནི་སེམས་ཀྱི་བཅོས་ཐབས་ཏེ།།
དེའི་ཕྱིར་ཆོས་ལ་རབ་འབད་བྱ།།
ཆོས་ཀྱི་སྙིང་པོ་གཞན་ཕན་ཏེ།།
ང་དང་ངའི་བློ་ཉུང་དུ་བཏང་།།
ང་ཚོའི་ཕྱོགས་སུ་བསྐྱེད་གྱུར་ནས།།
བདག་གཞན་བདེ་བ་མཉམ་པར་སོམས།།
གོ་ལའི་རྐྱེན་ངན་ཕལ་མོ་ཆེ།།
མི་ཡིས་བཟོས་པ་ཤས་ཆེ་བས།།
དེ་དག་སེལ་བའི་འགན་འཁྲི་ཡང་།།
རང་ཅག་རྣམས་ལས་སུ་ལ་ཡོད།།
བཟང་སྤྱོད་ཡིན་མིན་ཚད་གཞི་ནི།།
ཀུན་སློང་ཉིད་ལ་ལྟོས་པ་སྟེ།།
ཀུན་སློང་བཟང་བའི་མི་དག་ལ།།
རྐྱེན་ངན་གང་གིས་རྫི་ནུས་མིན།།
ལེའུ་གསུམ་པ། རྟེན་འབྱུང་དང་དངོས་ཡོད་གནས་ལུགས་ཀྱི་རང་བཞིན།
3. Dependent Origination and Nature of Reality
དངོས་པོ་གང་དང་གང་ཡིན་ཡང་།།
སྣང་ཚུལ་གནས་ཚུལ་གཉིས་སུ་དབྱེ།།
གནས་ཚུལ་མིན་པའི་སྣང་ཚུལ་དེས།།
སྡུག་བསྔལ་དག་ནི་རབ་ཏུ་འབྱུང་།།
རྟེན་འབྲེལ་གསུམ་དུ་ཤེས་བྱ་སྟེ།།
རྒྱུ་འབྲས་བརྟེན་པའི་རྟེན་འབྲེལ་དང་།།
ཆ་ཤས་བརྟེན་པའི་རྟེན་འབྲེལ་དང་།།
རྟེན་ནས་བཏགས་པའི་རྟེན་འབྲེལ་ལོ།།
ཚོར་སོགས་ཤེས་པ་གང་ཡིན་ཡང་།།
ཕྱི་ནང་རྐྱེན་རྣམས་འདུས་ལས་འབྱུང་།།
རྒྱུ་གཅིག་ཉིད་ལས་མི་སྐྱེ་བས།།
ཆགས་སྡང་ཚོར་བ་ལྡོག་པར་མཛོད།།
ཤིན་ཏུ་གཅེས་པའི་བདག་འདི་ཡང་།།
བཙལ་ན་རྙེད་དུ་གང་མེད་པས།།
རྟེན་ནས་བཏགས་པའི་བློ་སྦྱོང་གིས།།
རང་རྐྱའི་ལྟ་བ་ལྡོག་པར་མཛོད།།
གནས་ཚུལ་དང་ནི་སྣང་ཚུལ་གྱི།།
ཇི་ཙམ་བར་ཐག་ཉེ་གྱུར་ན།།
དངོས་ཡོད་གསལ་བར་མཐོང་འགྱུར་ཞིང་།།
དེ་ཡིས་སྡུག་བསྔལ་ཞི་བར་འགྱུར།།
བདག་གི་བདེ་སྡུག་ཁྱེད་ལ་བརྟེན།།
ཁྱེད་ཀྱི་བདེ་སྡུག་བདག་ལ་ལྟོས།།
རང་གཞན་གཉིས་ཀའི་བདེ་བའི་ཕྱིར།།
ཕན་བདེའི་བཟང་སྤྱོད་བསྐྱེད་པར་བྱ།།
ལེའུ་བཞི་པ། དམིགས་འདུན་བསྐྱར་དུ་ངོས་འཛིན་པ།
4. Redefining
the Goal
རང་གཞན་ཀུན་གྱིས་འདོད་པ་ནི།།
ཧེ་པི་ཞེས་པའི་བདེ་སྐྱིད་ཡིན།།
བདེ་སྐྱིད་ངོས་འཛིན་མ་ཐུབ་པས།།
བདེ་བའི་ཚབ་ཏུ་སྡུག་བསྔལ་མྱོང་།།
བདེ་བ་གཉིས་སུ་ཤེས་བྱ་སྟེ།།
སེམས་བདེ་དང་ནི་ལུས་བདེ་གཉིས།།
འདི་གཉིས་འཚོལ་བའི་ཁྱད་པར་གྱིས།།
མི་དང་དུད་འགྲོའི་རྣམ་དབྱེ་འབྱེད།།
བདེ་བའང་སེམས་ཀྱི་འཁྱེར་སོ་ཙམ།།
རྐྱེན་ངན་གཅིག་གི་གནས་བབ་འོག།།
གཅིག་ཤོས་སྡུག་གིས་སྲོག་བཅད་ཀྱང་།།
གཞན་དག་ལྷོད་ཀྱིས་བཞུགས་ལ་ལྟོས།།
བདེ་བའང་འཕྲལ་ཕུགས་གཉིས་ཡོད་དེ།།
ཕལ་ཆེར་འཕྲལ་ལ་ཆགས་གྱུར་པས།།
ཕུགས་ཀྱི་བདེ་བ་བརླག་པར་འགྱུར།།
འཕྲལ་ལ་ཆགས་པ་བྱིས་པའི་ཚུལ།།
སེམས་ཀྱི་ཞི་བདེ་བདེ་བའི་མཆོག།།
དེ་ཉིད་གཞན་ཕན་བློ་ལས་འབྱུང་།།
གནས་སྟངས་སུས་ཀྱང་སྒྱུར་མི་ཐུབ།།
འཁྱེར་སོ་བསྒྱུར་ན་ཐམས་ཅད་འགྱུར།།
གཞན་ཕན་བློ་ནི་བདེ་བ་སྟེ།།
རང་ལས་གཞན་གཅེས་མ་ཐུབ་ཀྱང་།།
བདག་གཞན་མཉམ་པའི་འདུ་ཤེས་ཀྱིས།།
སེམས་ཀྱི་ཞི་བདེ་འཚོལ་བར་མཛོད།།
ལེའུ་ལྔ་པ། མྱོང་ཚོར་གྱི་མཆོག
5.
The Supreme Emotion
གཞན་སྡུག་མཐོང་ན་མི་བཟོད་པ།།
གདུང་སེམས་མཉམ་སྐྱེད་སྙིང་རྗེ་སྟེ།།
ན་ཛི་འཆི་སྒར་གནས་སྟངས་ཀྱིས།།
ཡིད་ལ་སྙིང་རྗེ་ཅིས་མི་སྐྱེས།།
ན་དང་བྱིས་པ་རྒ་བའི་སྐབས།།
གཞན་གྱི་བྱམས་སྐྱོང་ཆེས་མཁོ་བས།།
རང་ཉིད་ལོ་ན་གཞོན་པའི་དུས།།
གཞན་དག་ཡལ་བར་འདོར་ཕོད་དམ།།
ཨ་མ་བྱམས་བརྩེ་ལྡན་གྱུར་ན།།
ཕྲུ་གུའང་ཞི་བདེ་ཡོང་ངེས་པས།།
སྐྱེད་མ་རྣམས་ཀྱིས་དུས་རྟག་ཏུ།།
བྱམས་བརྩེ་གོང་འཕེལ་གནང་བར་མཛོད།།
མི་ཡི་རང་བཞིན་བྱམས་བརྩེ་སྟེ།།
གློ་བུར་ཚོར་བས་སེམས་དཀྲུག་པས།།
བྱམས་དང་བརྩེ་བའི་བློ་སྦྱོང་གིས།།
རང་བཞིན་བཟང་པོ་བསྐྱར་གསོ་མཛོད།།
གདུང་སེམས་མཉམ་སྐྱེད་བྱམས་བརྩེ་སྟེ།།
བྱམས་བརྩེ་ཚོར་བའི་མཆོག་ཡིན་ནོ།།
གང་ལ་ཡོད་ན་བདེ་བ་དང་།།
བྲལ་ན་བདེ་བའི་སྐབས་མེད་དོ།།
ལེའུ་དྲུག་པ།
ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས།
6. Ethics of Restraint
བདེ་བའི་རྩ་བ་སྙིང་རྗེ་ཡིན།།
སྙིང་རྗེ་སྐྱེད་པ་མི་སླ་སྟེ།།
རང་བློ་སྟངས་འཛིན་བྱེད་ལས་བསྐྱེད།།
དེ་ཡང་ཡུན་རིང་གོམས་ལས་འབྱུང་།།
བློ་ནི་དྲང་བདེན་རྒྱལ་པོ་སྟེ།།
ཚོར་བ་དག་ནི་བློན་པོ་ཡིན།།
རྒྱལ་པོས་ཁྲིམས་ཀྱིས་བསྡམས་གྱུར་ན།།
བློན་པོ་དག་ནི་དུལ་བར་འགྱུར།།
ཀུན་གྱིས་རིང་ནས་གོམས་པ་ཡི།།
ཁོང་ཁྲོ་ལས་ལྷག་སྡིག་མེད་པས།།
ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས།།
ཁོང་ཁྲོའི་མེ་ལྕེ་འཇོམས་པར་མཛོད།།
གཞན་ལ་བྱམས་བརྩེ་མེད་གྱུར་ན།།
འཇིག་རྟེན་ཕུན་ཚོགས་ཀུན་ཐོབ་ཀྱང་།།
དེ་དག་གི་ནི་སེམས་གཏིང་ན།།
ཁེར་རྐྱང་ཚོར་བས་གདུང་བར་འགྱུར།།
གཞན་གྱིས་རང་ལ་སྤྲོ་སློང་ན།།
ཐོག་མར་དེ་ལས་ཐག་རིང་གཡོལ།།
བར་དུ་ཕན་མེད་བསམ་ནས་སྡོད།།
མཐའ་མར་སྙིང་རྗེའི་ཡུལ་དུ་སྒོམས།།
ཁོང་ཁྲོས་ཐམས་ཅད་སྐྱོན་དུ་མཐོང་།།
ཁོང་ཁྲོས་རང་ཉིད་ཁེར་རྐྱང་བསྐྱུར།།
ཁོང་ཁྲོས་ལུས་ཁམས་གཅོང་དུ་བསྒྱུར།།
དེའི་ཕྱིར་ཁོང་ཁྲོ་ཉུང་བར་མཛོད།།
ལེའུ་བདུན་པ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས།
7. Ethics
of Virtues
ཁྲོ་སོགས་མེད་ཙམ་མཆོག་མིན་ཏེ།།
ཤིང་སྡོང་ལ་ཡང་ཁྲོ་བ་མེད།།
བཟོད་པ་སྙིང་རྗེའི་བློ་བསྐྱེད་པའི།།
ཆོས་སྡུད་ཚུལ་ཁྲིམས་སྒོམ་པར་བྱ།།
སེམས་མི་འཁྲུག་པ་བཟོད་པ་སྟེ།།
བཟོད་ལས་ལྷག་པའི་དགེ་བ་མེད།།
བློ་ཕུན་མི་ཚེའི་ལོ་རྒྱུས་ལས།།
བཟོད་པའི་ཕན་ནུས་མཐོང་བར་འགྱུར།།
གནོད་པས་སེམས་པ་མི་འཁྲུག་ཅིང་།།
དེ་ལའང་བྱམས་པའི་སེམས་བསྐྱེད་ན།།
དེ་ལ་བཟོད་པ་ཞེས་བརྗོད་དེ།།
བཟོད་བསྲན་དག་དང་ཤིན་ཏུ་ཁྱད།།
ཚིག་ལ་མི་ཁྲོ་མི་ལས་བྱུང་།།
མི་ལའང་ཁྲོ་བར་མི་རིགས་ཏེ།།
དེ་ཡང་ཉོན་མོངས་པ་ལས་བྱུང་།།
དེས་ན་ཉོན་མོངས་དགྲ་སུ་ཟུངས།།
ཡིད་མི་བདེ་བ་སྐྱེ་བའི་སྐབས།།
ཁོང་ཁྲོ་ཤིན་ཏུ་སྐྱེ་སླ་བས།།
རྒྱུན་དུ་སེམས་ལ་རབ་བརྟགས་ནས།།
སེམས་ཁམས་རྟག་ཏུ་བདེ་བར་མཛོད།།
གཞན་ཕན་ཅུང་ཙམ་སྐྱེས་གྱུར་ན།།
དཀའ་ངལ་ཐམས་ཅད་ཞི་བར་འགྱུར།།
གཞན་སེམས་ཅན་གྱི་མི་དག་ལ།།
རྐྱེན་ངན་ཐམས་ཅད་གྲོགས་སུ་འགྱུར།།
ལེའུ་བརྒྱད་པ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས།
8. The Ethics of Compassion
ཆུ་རྣམས་བསྐོལ་ན་ཟད་འགྱུར་ཡང་།།
སྙིང་རྗེ་བསྒོམས་ན་འཕེལ་འགྱུར་བས།།
བདེ་བ་ཀུན་གྱི་རྩ་བ་སྟེ།།
སྙིང་རྗེའི་སེམས་འདི་བསྐྱེད་པར་བྱ།།
ལན་དུ་རེ་བ་ཡེ་མེད་པར།།
རྩེ་གཅིག་བསམ་པས་ཕན་བྱེད་པ།།
དེ་ལ་སྙིང་རྗེ་ཞེས་བྱ་སྟེ།།
ལན་དུ་རེ་ན་ཚོང་དུ་འགྱུར།།
ཆ་རྐྱེན་ཞིག་གིས་གྲོགས་གྱུར་ན།།
དགྲ་གཉེན་འགྱུར་བ་སྐད་ཅིག་ཙམ།།
ཇི་སྲིད་ཕན་ན་གྲོགས་ཡིན་ལ།།
ཕན་མེད་གྱུར་ན་དགྲ་རུ་འགྱུར།།
དེའི་ཕྱིར་རང་གི་དགྲ་བོ་ཡང་།།
བདེ་བ་འདོད་པ་གཅིག་ཡིན་པས།།
དེ་ལའང་བྱམས་པའི་སེམས་ཀྱིས་ནི།།
སྙིང་རྗེའི་བློ་འདི་སྐྱེ་བར་ཤོག།།
ལེའུ་དགུ་པ། བླང་དོར་དང་། སྡུག་བསྔལ།
9. Ethics and Suffering
སྡུག་བསྔལ་རྣམ་པ་གཉིས་ཡིན་ཏེ།།
བཅོས་ཐབས་ཡོད་དང་མེད་པའོ།།
བཅོས་ཐབས་མེད་ན་སྡུག་མི་དགོས།།
བཅོས་ཐབས་ཡོད་ན་ཅིའི་ཕྱིར་སྡུག།།
རྐྱེན་ངན་བྱུང་ན་སྡུག་མི་དགོས།།
རྐྱེན་ངན་མ་བྱུང་སུ་ཞིག་ཡོད།།
རྐྱེན་ངན་བྱུང་དུས་མཁས་བླུན་གྱི།།
ཁྱད་པར་ཤིན་ཏུ་གསལ་བར་འགྱུར།།
ཟློག་མེད་རྐྱེན་ངན་བབ་པའི་ཚེ།།
རྣམ་དཔྱོད་བློ་ཡིས་མི་འདང་ན།།
ལས་འབྲས་ཉིད་དུ་སྒོམ་བྱ་སྟེ།།
དེ་ཡིས་སེམས་ཁམས་ཞི་བར་འགྱུར།།
ལེའུ་བཅུ་པ། ཤེས་རབ་ཀྱི་དགོས་པ།
10. The Need
for Discernment
མི་ཤེས་སྡུག་བསྔལ་རྒྱུ་ཡིན་པས།།
ཤེས་པས་སྡུག་བསྔལ་སེལ་བར་འགྱུར།།
མི་ཡི་རླབས་ཆེན་ཀླད་པ་འདིས།།
སྡུག་བསྔལ་སེལ་བའི་གྲོགས་སུ་དྲོངས།།
བླུན་པོས་ཡུན་གྱིས་བསྒྲུབས་པ་གང་།།
ཤེས་རབ་ལྡན་པས་མྱུར་དུ་འགྲུབ།།
ཤེས་རབ་དང་འབྲེལ་སྙིང་རྗེ་ཡིས།།
འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།།
རང་སྐྱོན་སྣ་གཅིག་ཤེས་པ་ན།།
གཞན་སྐྱོན་སྟོང་ཕྲག་ཤེས་པ་ལས།།
ཤིན་ཏུ་ལྷག་པས་དུས་རྒྱུན་དུ།།
རང་སྐྱོན་སྤོང་ལ་འབད་བར་མཛོད།།
ལེའུ་བཅུ་གཅིག་པ། སྤྱི་སེམས།
11. Universal Responsibility
རང་ལས་གཞན་རྣམས་གཙོར་བཟུང་ནས།།
གཞན་གྱི་བདེ་སྡུག་ཕྱོགས་བསམ་པ།།
དེ་ནི་སྤྱི་སེམས་ཞེས་པ་སྟེ།།
ཀུན་ཁྱབ་སེམས་འཁུར་བསྐྱེད་པར་བྱ།།
སྤྱི་སེམས་ཞེས་པ་འགན་འཁུར་ཏེ།།
ཆུང་བ་ཁྱིམ་ཚང་ནས་བཟུང་སྟེ།།
ཆེ་བ་གོ་ལའི་དཀའ་ངལ་རྣམས།།
སྤྱི་སེམས་ལྡན་ན་སེལ་བར་འགྱུར།།
མི་རྣམས་ཐམས་ཅད་གཅིག་མཚུངས་ཏེ།།
ལུས་པོ་སེམས་ཁམས་མྱོང་ཚོར་སོགས།།
མཚུངས་པས་རང་གིས་བདེ་ལྟར།།
གཞན་རྣམས་དག་ཀྱང་མཚུངས་པ་ཡིན།།
འཇིག་རྟེན་གོ་ལའི་འགན་འཁུར་དང་།།
མི་ཞིག་ཡིན་པའི་འགན་འཁུར་དང་།།
བོད་པ་ཡིན་པའི་འགན་འཁུར་སོགས།།
སུ་ཡིས་བླངས་ན་མཁས་ཞེས་བརྗོད།།
ལེའུ་གཉིས་པ། ཆོད་སེམས་ཀྱི་ཚད་གཞི།
12. Level of Commitment
ཆུ་ཞིག་དོན་མེད་འཛག་པ་དང་།།
གློག་ཅིག་དོན་མེད་འབར་བ་སོགས།།
མཐོང་ཚེ་ལམ་སེང་འགོག་བྱེད་པ།།
དེ་ལ་འགན་འཁུར་ལྡན་ཞེས་བྱ།།
རང་ཉིད་རྒྱས་སྤྲོས་བྱེད་པ་དང་།།
ཉེ་འཁོར་ལྟོགས་ཀྱིས་ཤི་བ་ཡང་།།
ཚོར་བ་ཙམ་ཡང་མི་སྐྱེས་ན།།
དེ་ལ་སྙིང་རྗེའི་ས་བོན་མེད།།
རྒྱུ་ནོར་ལྡན་ན་གཞན་ཕན་ཆེད།།
སློབ་གསོ་ནད་པ་ཉམ་ཐག་ཆེད།།
ཞིབ་ཀྱིས་བརྟགས་ནས་གཏོང་བྱ་ཞིང་།།
བག་མེད་ལོངས་སྤྱོད་གཏན་ནས་སྤོངས།།
ལེའུ་བཅུ་གསུམ་པ། འགན་འཁུར་འཕར་མ།
13. Further Responsibility
གཞན་ཕན་སྙིང་རྗེ་མི་ལྡན་ན།།
ཚན་རིག་དང་ནི་ཆབ་སྲིད་ཀྱིས།།
འཇིག་རྟེན་ཧྲུལ་པོར་གཏོང་ངེས་པས།།
འགན་འཁུར་བློ་འདི་སླར་ཡང་བསྐྱེད།།
སློབ་གསོར་གཞན་ཕན་ལྡན་གྱུར་ན།།
སློབ་མའི་བྱམས་བརྩེ་འཕེལ་བར་འགྱུར།།
མ་འོངས་ལོ་རབས་གསར་པའི་ནང་།།
ཞི་བདེའི་འཇིག་རྟེན་ཅིས་ཀྱང་འབྱུང་།།
རང་དང་རང་གི་ལུང་པའི་ཆེད།།
ཁོར་ཡུག་སྦགས་གཙོག་བཟོས་པ་ནི།།
འགན་འཁུར་མེད་པའི་མངོན་རྟགས་ཏེ།།
རང་སྲོག་གཅོད་པའི་དུག་བཞིན་ནོ།།
འཛམ་གླིང་དཔལ་འབྱོར་ཕལ་མོ་ཆེ།།
ཕྱུག་བདག་རྣམས་ཀྱིས་དབང་བསྒྱུར་ཞིང་།།
ཕྱུག་པའི་སྒོ་འགྲམ་སྤྲང་པོ་རྣམས།།
ལྟོགས་ཤི་ཐེབས་འདིར་བསམ་གཞིགས་བྱོས།།
ལེའུ་བཞི་པ། གོ་མཚོན་བཀག་སྡོམ།
14. Peace and Disarmament
དྲག་པོས་དྲག་པོ་སྐྱེད་བྱེད་ཅིང་།།
དྲག་པོ་ལས་ནི་སྡུག་བསྔལ་འབྱུང་།།
འཚེ་མེད་ཞི་བའི་འོད་སྣང་དེ།།
རྒྱལ་བའི་དྲིན་ལས་ཁྱབ་བཞིན་སྣང་།།
ལོ་ངོ་བརྒྱ་ཕྲག་འགའ་ཞིག་ནང་།།
ཁྱོད་ཤི་ང་གསོན་དགྲ་བོ་གང་།།
ད་ཆ་གྲོགས་སུ་འགྱུར་བ་ཡི།།
རྒྱལ་ཁབ་དག་ལ་མིག་དཔེ་ལོངས།།
དྲག་པོས་རེ་ཞིག་བཅོམ་གྱུར་ཀྱང་།།
སླར་ཡང་དྲག་པོ་འབྱུང་བར་འགྱུར།།
ཞི་བས་འཇོམས་པར་འགོར་གྱུར་ཀྱང་།།
བཅོམ་ན་སླར་ཡང་འབྱུང་མི་འགྱུར།།
ལེའུ་བཅོ་ལྔ་པ། དེང་གི་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་བྱེད་ལས།
15. The Role of Religion in Modern Society
ཆོས་ལུགས་དད་ཀྱང་མ་དད་རུང་།།
བཟང་སྤྱོད་ལྡན་པ་གནད་ཆེ་སྟེ།།
ཆོས་ལུགས་དོན་དུ་དམག་འཁྲུག་པ།།
སྨན་མཆོག་དུག་ཏུ་འགྱུར་བ་བཞིན།།
ཆོས་ལུགས་ཀུན་ལ་གདུལ་བྱའི་ཆེད།།
བཟང་སྤྱོད་སྟོན་ནུས་ཡོད་མཐོང་ནས།།
གུས་པས་གོང་དུ་བཀུར་བྱས་ན།།
ཆོས་ལུགས་མཐུན་འབྲེལ་ངང་གིས་འབྱུང་།།
ཆོས་ལུགས་གང་ལ་དད་མིན་ནི།།
ཁ་ལག་གང་ལ་དགའ་མིན་ཏེ།།
རང་ལ་ཞིམ་པའི་ཁ་ལག་དེ།།
གཞན་དང་ལྷན་དུ་ཅི་དགར་སྤྱོད།།
འབོད་སྐུལ།
An
Appeal
རང་བློ་རང་གི་ལྷ་ཁང་སྟེ།།
དེས་ན་རང་གཞན་ཐམས་ཅད་ཀྱིས།།
སྙིང་རྗེའི་སེམས་འདི་སྐྱེས་གྱུར་ཅིག།།