བེ་རི་དཔལ་ལྡན་རྣམ་རྒྱལ།
སང་ཉིན་ལོ་སར་ཡིན་པས། མི་ཚང་མས་ལོ་སར་གྱི་གྲ་སྒྲིག་བྱེད་བཞིན་འདུག
ཁོ་བོ་ནི་རང་ཤག་གྲུ་བཞིའི་ནང་དཔེ་དེབ་ཅིག་ལྟ་བཞིན་ཡོད་མོད། གློ་བུར་དུ་འགྲེལ་མི་ཐུབ་པའི་ཚོར་འདུ་ཐན་ཐན་ཞིག་དུད་སྤྲིན་ཞིག་དང་འདྲ་བར་ངའི་སེམས་ཁམས་ཀྱི་ངོགས་སུ་འཁྲིག་བཞིན་འདུག་པས།
རེ་ཞིག་དཔེ་ཀློག་གི་མཚམས་བཞག་ནས་དབུགས་རིང་ཞིག་མ་ལེན་ཀ་མེད་དུ་གྱུར།
བཀྲ་ཤིས་པའི་དུས་བཟང་འདི་འདྲ་ལ་ངའི་ཉེ་འཁོར་གྱི་རྒན་གཞོན་བར་གསུམ་ཐམས་ཅད་སྐྱིད་པའི་གླུ་དབྱངས་ལེན་ཞིང་།
སྤྲོ་བའི་རྩེད་མོ་ལ་རོལ་ནས་ཟང་ཟིང་གིས་འཁོལ་བཞིན་སྣང་ན་ཡང་། བདག་ནི་ཅི་ཞིག་ཚང་མེད་པ་ལྟ་བུའི་སྐྱོ་གདུང་རྩུབ་མོ་ཞིག་གིས་རང་ཤག་ཏུ་ཁེར་རྐྱང་ངང་མཐའ་མེད་པའི་བསམ་གཞིགས་རིང་པོ་ཞིག་གི་ནང་ཚུད་སོང་།
བདག་ལ་ལོ་སར་གྱི་སྤྲོ་སྣང་དེ་མི་འདུག རྒྱུ་མཚན་ནི།
བདག་ལོ་ན་ཆེ་བས་ཡིན་མི་སྲིད་ལ། དྲང་པོར་བཤད་ན། རྒྱལ་ཁབ་དང་མི་རིགས་ཀྱི་སྐྱོ་བའི་དབང་གིས་ཀྱང་གཏན་ནས་མིན།
དེ་ནི། ལོ་སར་སླེབ་རིམ་བཞིན་ཁྱེད་དྲན་པའི་གདུང་བས་ངའི་སེམས་ངོས་སུ་ཆེས་བཙན་གྱིས་བྲིས་པའི་སྤྲོ་སྣང་གི་རི་མོ་དེ་ཡལ་འགྲོ་ལ།
ཁྱེད་མེད་པའི་ན་ཟུག་གིས་ངའི་གདོང་ངོས་སུ་གྱོན་པའི་འཛུམ་མདངས་ཀྱི་འབག་དེ་ཡང་རང་བཞིན་གྱིས་རལ་འགྲོ
།
འདས་པའི་མི་ལོ་བཅུ་ཕྲག་གཉིས་ལྷག་གི་རིང་ས་མཐའི་འཚོ་བའི་ཁྲོད་དུ་ནང་མི་ལྷན་འཛོམས་ཀྱི་ལོ་སར་ཞིག་ནམ་ཡང་མ་བྱུང་བ་ནི།
བདག་མེད་ཡུལ་གྱར་བ་ཡོད་དོ་ཅོག་གི་ཐུན་མོང་བའི་ལས་དབང་ཞིག་ཡིན་པས། ཁོ་བོ་དམིགས་ཀྱིས་སྐྱོ་དོན་མི་འདུག་ཀྱང་།
ལོ་གསར་པའི་དགའ་སྟོན་སླེབ་རིམ་བཞིན། ཁྱེད་མེད་པའི་སྟོང་ཆ་ཇེ་ཆེ་ནས་ཇེ་ཆེ་དང་། ཁྱེད་དྲན་པའི་གདུང་བ་ཡང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བཞིན་འདུག་པས།
དེ་རིང་སླར་ཡང་། ན་ཟུག་གི་མེ་རོ་འདི་འབར་བྱུང་ལ།
སྐྱོ་གདུང་གི་དུད་སྤྲིན་དེ་སླར་ཡང་འཁྲིགས་སོང་།
“སང་ཉིན་ལོ་སར་ཡིན་པས། གོས་གསར་པ་འདི་ཚོ་གྱོན་ཨང་།”
ཞེས་ཟེར་བཞིན་ད་ལྟ་འཚེམ་མ་ཐག་པའི་གཟན་ཤམ་གསར་པ་རྣམས་ང་ལ་བསྐོན་ཏེ། ངའི་གཟན་ཤམ་གསར་པའི་འོད་མདངས་ལ་བརྟེན་ནས་ཁྱེད་ཀྱི་གཉེར་མས་ཁེངས་པའི་བཞིན་རས་ཀྱི་ངོས་སུ་འཛུམ་ཆུང་ཆུང་ཞིག་དོན་ཡོང་ལ།
ང་ལ་གཟན་ཤམ་ཡག་པོ་ཞིག་གཡོག་ཐུབ་པའི་ཡིད་ཚིམ་པའི་བདེ་བ་རྣལ་མ་ཞིག་ཁྱེད་ཀྱི་སྙིང་ཁ་ན་ཤུགས་དྲག་གིས་ལྡིང་བཞིན་འདུག
ཡིན་ན་ཡང་། ཁྱེད་ཀྱི་ལུས་ལ་ལྷན་པ་དུ་མ་བརྩེགས་པའི་ཤམ་ཐབས་དེ་དང་། བཀྲུས་ནས་ཟད་ལ་ཉེ་བའི་གཟན་སྲབ་མོ་དེ་ལས་གཞན་གང་ཡང་མི་འདུག
ཁྱེད་ཀྱིས་ད་བར་གཟན་ཤམ་གསར་པ་ཞིག་བཙེམ་པ་ནི་དགེ་སློང་གི་སྡོམ་པ་ཞུ་བའི་དུས་དེ་གཅིག་པུ་རེད།
ཁྱེད་ཀྱིས་ཡོད་ཚད་བློས་བཏང་ནས་ཁོ་བོ་གསོ་སྐྱོང་དང་། སྐྱེད་སྲིང་གི་ཆེད་དུ་རང་ཉིད་ཀྱི་མི་ཚེ།
མདུན་ལམ། འཚོ་བ། ཐ་ན་མི་ཚེ་ཡང་བཏང་གནང་བ་དེ་དག་ནི། བདག་གིས་དུས་ནམ་ཡང་བརྗེད་མི་སྲིད་ལ།
ངའི་ཉེ་འཁོར་གྱི་མི་སུས་ཀྱང་དྲན་ཡུལ་ནས་བོར་མི་སྲིད།
འོན་ཀྱང་། ལོ་ཆུང་སྣང་བ་མཐོ། ཞེས་པའི་དཔེ་ལྟར།
ཁྱེད་ཀྱིས་ཁྲག་རྣག་གིས་བསགས་པའི་སྒོར་མོ་དེ་ལ་བློ་ཡིད་མ་འཚིམས་ནས་འདི་དགོས་འདི་ཉོས་ཀྱི་རྙོག་དྲ་རྒྱུན་མི་ཆད་པར་བཤད་དེ།
ཁྱེད་ཉིད་འ་ཆད་འུ་ཐུག་གི་གནས་སུའང་མང་དུ་སྐྱེལ་མྱོང་། ཡིན་ཡང་། ཁྱེད་ཀྱིས་མེད་རབས་ཆད་རབས་ཀྱི་འཁང་ར་ཉིན་གཅིག་ཀྱང་བཤད་མ་མྱོང་ཞིང་།
ངའི་གདོང་ལ་ཞིབ་ཏུ་ཅེར་ནས་ཨ་ཕའི་ནོར་བུ། ཞེས་ལྷག་པར་ཡང་བྱམས་པོ་བྱས་པ་ནི། ད་ལྟ་རང་ཉིད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ཀྱིས་ཀྱང་དེའི་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་ཡང་གསབ་ཐབས་མེད་པ་ཁོ་བོས་ཞིབ་ཏུ་ཤེས་ལ།
རབ་ཏུ་ཚོར་འོངས།
དབང་བཙན་པའི་ལས་དབང་གི་རྒྱལ་མོ་ནི། ཅི་འདྲའི་བརྙས་བཅོས་ཚ་བ་ལ།
འཛམ་གླིང་གི་ས་གཞིའི་ཐོག་ཏུ་ཆེས་ཐོག་མར་འབུས་པའི་ལྗང་མྱུག་ཅིག་བྱམས་དང་བརྩེ་བའི་དྲོད་གཤེར་གྱིས་རིང་དུ་བསྐྱངས་ཏེ།
གཡུར་དུ་ཟ་བའི་འབྲས་བུ་སྨིན་སྐབས། ལྗང་མྱུག་གི་བདག་པོ་ནི་ཕྱིར་འོངས་མེད་པའི་འགྲུལ་བཞུད་རིང་མོ་ཞིག་ཏུ་ཆས་ཟིན་འདུག
ངོ་མ།
ཁྱེད་ཕེབས་པ་དེ་ཧ་ཅང་སྔ་དྲགས་སོང་།
བདག་ལ་འབྲས་བུ་སྨིན་པ་དེ་ཧ་ཅང་ཕྱིས་དྲགས་སོང་།
གང་ལྟར་ཡང་། རིག་གནས་ཀྱི་མགོ་འཕང་དགུང་དུ་འདེགས་པའི་ཁྱེད་ཀྱི་བུས་ཁྱེད་ལ་རྗེས་དྲན་ཞུ་བཞིན་ཡོད།
ཤེས་ཡོན་གྱི་གྲགས་པ་ཀུན་ཏུ་འབར་བའི་ཁྱེད་ཀྱི་བུས་ཁྱེད་ལ་འཚམས་འདྲི་ཞུ་བཞིན་ཡོད། གྲུབ་འབྲས་ཀྱི་རྐང་རྗེས་ཕྱོགས་ཀུན་གསལ་བའི་ཁྱེད་ཀྱི་བུས་ཁྱེད་ལ་ལོ་སར་གྱི་འབོད་ཚིག་སྒྲོག་བཞིན་ཡོད། བསླབ་སྡོམ་ལ་ནག་ནོག་གི་དྲི་མས་མ་གོས་པའི་ཁྱེད་ཀྱི་བུས་ཁྱེད་ལ་ལོ་སར་གྱི་ཁ་གཡང་འབོད་བཞིན་ཡོད།
མདུན་ལམ་དང་རེ་བ་ཡིས་ཁེངས་པའི་ཁྱེད་ཀྱི་བུས་ཁྱེད་ལ་དུས་གཏན་དུ་བསྔོ་སྨོན་དང་རྗེས་དྲན་ཞུ་བཞིན་ཡོད།
ལོ་སར་བཟང་། ལོ་སར་བཟང་། ལོ་སར་བཟང་།
༢༠༡༨
ཟླ་བ་ ༢ ཚེས་ ༡༥ ལོ་སར་གནམ་གང་ཉིན།
འབྲས་སྤུངས།
རང་ཤག ཚོུད། ༦: ༤༥