བེ་རི་རྒྱལ་སྲས།
བོད་ཀྱི་རྩོམ་ཡིག་གི་ལུས་ལ་ཚིག་ལྷུག་ཚིགས་བཅད་སྤེལ་མ་གསུམ་ལས་ཐོག་མར་ཚིག་ལྷུག་འབྲི་ཚུལ་མདོར་ཙམ་གླེང་ན།
དེ་ཡང་ཚིག་ལྷུག་ཅེས་པ་ནི་མིང་ཚིག་གི་ཕྲེང་བ་རྐང་པའམ་ཚེག་བར་ངེས་ཅན་གྱིས་གཅད་མི་དགོས་པའི་ཚིག་སྦྱོར་ལ་ཟེར་བས།
འདི་ཡི་ནང་སྒྲུང་གཏམ། ཚིག་ལྷུག་སྙན་ངག གསར་འགྱུར།
དཔྱད་རྩོམ། རྩོམ་ཐུང་སོགས་ཚུད་ཡོད་མོད་ཀྱང་།
འདི་ནི་ཚིག་ལྷུག་སྤྱི་བཏང་བ་ཞིག་འབྲི་ཚུལ་ཡིན་པ་ལས། ཚིག་ལྷུག་སྙན་ངག་སོགས་སྒྱུ་རྩལ་གྱི་རྩོམ་ཡིག་རྣམས་ཀྱི་འབྲི་ཚུལ་དམིགས་ཀྱིས་བཀར་བ་ཞིག་མིན།
རྩོམ་ཡིག་འདི་ལས་རྩོམ་ཡིག་སྦྱོང་བའི་ལས་དང་པོ་བ་ཞིག་ཡིན་ན་ཚིག་ལྷུག་ཅིག་འབྲི་བའི་ཐོག་མཐའ་བར་གསུམ་གྱི་བྱེད་སྒོ་ཐམས་ཅད་འོལ་སྤྱི་ཙམ་གྱི་གོ་རྟོགས་ཤིག་འབྱུང་ངེས་ཡིན།
དང་པོ། ཐོག་མའི་འཆར་འགོད།
༡ བརྗོད་གཞི་གཏན་འབེབས།
རྩོམ་ཡིག་ཅིག་མ་བྲིས་པའི་སྔོན་དུ་བརྗོད་གཞི་གང་ཞིག་གི་ཐོག་འབྲི་རྒྱུ་ཡིན་མིན་བསམ་བློའི་ནང་འཆར་འགོད་ལེགས་པར་བྱས་ཤིང་། དེ་ཡང་རྩོམ་ཡིག་འདི་སུ་ཡི་ཆེད་དུ་ཡིན་མིན། བརྗོད་བྱ་གནད་དོན་གཙོ་བོ་གང་ཡིན་མིན་སོགས་ལ་གཏན་འབེབས་ལེགས་པར་གྲུབ་རྗེས་རྩོམ་ཡིག་དེའི་ཁ་བྱང་འབྲི་དགོས།
༢ ས་བཅད་སྒྲིག་པ།
རང་ཉིད་ཀྱིས་འབྲི་བར་འགྱུར་བའི་རྩོམ་ཡིག་དེ་དོན་ཚན་ནམ་རིམ་པ་ཇི་ཙམ་གྱི་ཐོག་ནས་འབྲི་མིན་གྱི་ཐོག་མའི་ས་བཅད་མདོར་བསྡུས་ཤིག་ཤོག་བུ་གཞན་ཞིག་གི་ཐོག་འབྲི་དགོས། དེས་ནི།
རྩོམ་ཡིག་ཧྲིལ་པོའི་བརྗོད་དོན་ཐམས་ཅད་རང་གི་ཀླད་པར་འཁོར་སླ་ཞིང་། ས་བཅད་རེ་རེའི་ནང་གསེས་ཀྱི་དབྱེ་བ་དང་གནད་དོན་གལ་ཆེའི་རིགས་ཁ་ཤས་དྲན་ཐོའི་ཚུལ་དུ་འབྲི་ན་ཕན་ཐོགས་ཤིན་ཏུ་ཆེ།
༣
རྩོམ་ཡིག་གི་སྒྲོམ་གཞི་སློང་བ།
རང་ཉིད་ཀྱིས་འབྲི་བར་འགྱུར་བའི་རྩོམ་ཡིག་དེ་ཚུལ་ཇི་ལྟ་བུའི་སྒོ་ནས་འབྲི་རྒྱུ་ཡིན་པའི་སྒྲོམ་གཞི་སློང་དགོས་ཏེ། དེ་ཡང་གོ་རིམ་ཇི་བཞིན་བརྗོད་པ།
གོ་རིམ་ལྡོག་སྟེ་བརྗོད་པ། རང་ལུགས་འཇོག་པ་གཙོ་བོར་བྱས་པ། གཞན་ལུགས་དགག་པ་གཙོ་བོར་བྱས་པ་སོགས་གང་ཞིག་གི་ཐོག་ནས་འབྲི་རྒྱུ་ཡིན་མིན་གྱི་འཆར་འགོད་ལེགས་པར་བྱས་ན། རང་ཉིད་ཀྱི་རྩོམ་ཡིག་དེ་ཚུལ་ཇི་ལྟ་བུའི་སྒོ་ནས་མགོ་འཛུགས་དང་ཐབས་གང་ཞིག་ཐོག་ནས་མཇུག་བསྡུ་སྟངས་ཀྱི་གོ་རིམ་ལེགས་པོ་ཡོང་ཐུབ།
གཉིས་པ། རྩོམ་ཡིག་དངོས་སུ་འབྲི་ཐབས།
༡
རྩོམ་ཡིག་གི་ཁ་བྱང་འབྲི་ཐབས།
རྩོམ་ཡིག་ཅིག་ལ་མཚོན་ན་ཁ་བྱང་ནི་མི་ཞིག་གི་ཕྱི་ཡི་གོས་དང་གཅིག་མཚུངས་ཡིན་པས་ཐོག་མར་ཁ་བྱང་ལ་དོ་སྣང་སླེབས་ངེས་པས། ཁ་བྱང་དེ་ཉིད་ཀློག་བདེ་བ།
ཚིག་ཚོགས་ཉུང་བ། རྩོམ་ཡིག་ཧྲིལ་པོའི་བརྗོད་དོན་འདུས་པ། ཁ་བྱང་མཐོང་མ་ཐག་རྩོམ་ཡིག་དེ་ཀློག་འདོད་སྐྱེད་པ་ཞིག་དགོས་པས། རྩོམ་ཡིག་གི་ཁ་བྱང་འདོགས་སྟངས་བསམ་བློ་ཞིབ་ཏུ་གཏོང་དགོས། རང་རེའི་བོད་པའི་མཁས་པ་སྔ་མ་དག་གིས་བསྟན་བཅོས་ཀྱི་མཚན་བྱང་འདོགས་ཚུལ་ཐད། ཁ་ཤས་ཀྱིས་རྗོད་བྱེད་ཚིག་གི་གྲངས་ལ་བརྟེན་ནས་བཏགས་པ།
སུམ་ཅུ་པ་ལྟ་བུ་དང་།
བརྗོད་དོན་གྱི་ཆ་ནས་བཏགས་པ། རྟགས་འཇུག་ལྟ་བུ་དང་།
དཔེའི་ཐོག་ནས་བཏགས་པ། ལེགས་བཤད་ལྗོན་དབང་ལྟ་བུ། རྩོམ་པ་པོའི་ཐོག་ནས་བཏགས་པ་དྭགས་པོ་ཐར་རྒྱན་ལྟ་བུ། ཞུ་པ་པོའི་ཆ་ནས་བཏགས་པ་གཟུགས་ཅན་སྙིང་པོ་ལ་གདམས་པའི་མདོ་ལྟ་བུ། གང་དུ་བརྩམས་པའི་ས་གནས་ཀྱི་ཆ་ནས་བཏགས་པ། ལང་ཀར་གཤེགས་པའི་མདོ་ལྟ་བུ་སོགས་ཁ་བྱང་འདོགས་སྟངས་མི་འདྲ་བ་མང་དག་ཅིག་བྱུང་མོད་ཀྱང་། ཁ་བྱང་དེ་དག་གིས་རྩོམ་ཡིག་ཧྲིལ་པོའི་ནང་དོན་མཚོན་དཀའ་སྟེ།
དཔེར་ན། ལེགས་བཤད་ལྗོན་དབང་ལྟ་བུ་ལ་མཚོན་ན་ཁ་བྱང་དེས་བརྡ་སྤྲོད་ཀྱི་གཞུང་ཞིག་ཡིན་པ་ནམ་ཡང་མཚོན་མི་ཐུབ་ཅིང་། གཅིག་བྱས་ན་ལུགས་ཀྱི་བསྟན་བཅོས་ཤིག་ལ་གོ་ཉེན་ཡང་ཆེ་སྙམ། རྩོམ་ཡིག་གི་ཁ་བྱང་འདོགས་ནི་དེང་རབས་ཀྱི་འདོགས་སྟངས་ཉིད་ལེགས་པར་སྣང་སྟེ། དཔེར་ན།
༸གོང་ས་མཆོག་གི་ཕྱག་དེབ་གྲགས་ཅན་ Universe
in Single Atom རྡུལ་སྙེད་ཀྱི་འཇིག་རྟེན་ལྟ་བུའི་ཁ་བྱང་མཐོང་མ་ཐག་རྩོམ་ཡིག་ཧྲིལ་པོའི་བརྗོད་དོན་མཚོན་ཡོད་པ་དང་། ད་དུང་། Beyond Religion ཆོས་ལུགས་ལས་འདས་པ། ཞེས་པའི་ཁ་བྱང་འདིར་རྩོམ་ཡིག་ཧྲིལ་པོའི་དོན་གནད་ཐམས་ཅད་འདུས་ཡོད།
༢
རྩོམ་ཡིག་གི་མགོ་འཛུགས།
རྩོམ་ཡིག་ཅིག་གི་མགོ་ཇི་ལྟར་འཛུགས་དགོས་ཤེ་ན། བོད་སྔ་མ་དག་གིས་ཐོག་མའི་མཆོད་བརྗོད།
རྩོམ་པར་དམ་བཅའ་བ། སྣོད་ལྡན་ཉན་པར་སྐུལ་བ་སོགས་ཀྱི་འབྲི་སྲོལ་ཡོད་ཅིང་། ལ་ལས་གླེང་སློང་བའི་ཐོག་ནས་མགོ་འཛུགས་སྲོལ་ཡོད་མོད།
འོན་ཀྱང་། དེང་སྐབས་མཆོད་བརྗོད་སོགས་འབྲི་མིན་ཇི་ལྟར་ཡང་། རྩོམ་ཡིག་དེའི་ཐོག་མའི་ཁ་བྱང་གི་གཤམ་དུ་ཁ་བྱང་ཆུང་བའམ་ཁ་བྱང་དེ་གསེད་བཀྲོལ་བྱེད་པའི་བརྗོད་པ་ཞིག་འབྲི་སྲོལ་ཡོད་ཅིང་། དེ་ལས་ཀྱང་གལ་ཆེ་བ་ནི།
རྩོམ་ཡིག་དེའི་ཆེས་ཐོག་མའི་བརྗོད་པ་དུམ་བུ་[1]དེའི་ནང་རྩོམ་ཡིག་དེའི་འབྲི་དགོས་པའི་དགོས་པ་རྒྱུ་མཚན་འབྲི་བའམ། རྩོམ་ཡིག་དེའི་ངོ་སྤྲོད་ལྟ་བུ་ཞིག་འབྲི་ན་གཤམ་གྱི་རྩོམ་ཡིག་རྣམས་ཀློག་བདེ་བ་དང་གོ་བདེ་བ་ཞིག་ཏུ་འགྱུར་ངེས་ཡིན་པས་ཆེས་ཐོག་མའི་བརྗོད་པ་དེ་ཤིན་ཏུ་གལ་ཆེ། དེ་ལྟར་མིན་པར་ཐོག་མའི་མགོ་འཛུགས་ལེགས་པོར་མི་ཤེས་པར་རྩོམ་ཡིག་གང་ཞིག་ལ་འཇུག་ན་རྡོ་རྗེ་སྐེད་བཟུང་ལྟ་བུར་གྱུར་ནས་མགོ་མཇུག་མེད་ན་ཀློག་དཀའ་བར་འགྱུར་ངེས།
༣
བརྗོད་དུམ་སྔ་ཕྱི་འབྲེལ་བ།
བརྗོད་དུམ་ Paragraph རེ་རེ་བྲིས་ནས་བརྗོད་དུམ་རྗེས་མ་དེར་ནམ་ཞིག་ལ་བབ་དགོས་མིན་གྱི་མཚམས་སམ་སྒྲིག་སྲོལ་ཞིག་མེད་ཀྱང་། བརྗོད་དུམ་གྱི་དོན་གནད་གང་འཚམ་ཞིག་ཚར་རྗེས་ཐིག་ཕྲེང་རྗེས་མར་བབ་སྐབས་བརྗོད་དུམ་སྔ་མ་དང་ཕྱི་མ་འབྲེལ་མཚམས་ལེགས་པོར་སྦྱོར་རྒྱུ་ཤིན་ཏུ་གལ་ཆེ་བས། དེའི་ཆེད་དུ།
གནད་དོན་རྣམས་ཨང་དང་གཉིས་ཀྱི་ཐོག་ནས་འབྲི་ན་ཕན་ཐོགས་ཆེ་ཞིང་། དཔེར་ན། དང་པོ། གཉིས་སུ།
གསུམ་དུ། ཞེས་པ་ལྟ་བུ་དང་། ཡང་ན།
གནའ་བར་དེང་གསུམ་གྱི་ཐོག་ནས་ཞེས་བྲིས་རྗེས། གནའ་བོའི་དབང་དུ་བྱས་ན།
བར་གྱི་དབང་དུ་བྱས་ན། དེང་གི་དབང་དུས་བྱས་ན། ལྟ་བུ་འབྲི་ཚེ་ཀློག་བདེ་བ་དང་གོ་བདེ་བ་འབྱུང་ཞིང་། དེ་བཞིན།
དེར་བརྟེན། དེས་ན། མདོར་ན།
སོགས་ཀྱི་ཚིག་ཕྲད་འོས་འཚམ་ཞིག་བཀོལ་ན་ཡང་བརྗོད་དུམ་གོང་འོག་སྔ་ཕྱིའི་འབྲེལ་བ་མཚམས་སྦྱོར་ཐུབ་པའི་ཁྱད་པར་ཆེན་པོ་ཡོད།
༤
བརྗོད་དོན་ཞིབ་འབྲི་བྱེད་ཐབས།
རྩོམ་ཡིག་གང་ཞིག་འབྲི་དུས་མཚམས་རེར་མང་དྲགས་ནས་མཇུག་བསྡུ་མི་ཤེས་ཤིང་། མཚམས་རེར་ཉུང་དྲགས་ནས་ཞིབ་འབྲི་བྱེད་མི་ཐུབ་པའི་དཀའ་ངལ་ཆེ་བས་ཞིབ་འབྲི་ཇི་ལྟར་བྱེད་དགོས་ཤེ་ན། དེའི་ཐབས་ལམ་མི་འདྲ་བ་མང་དུ་ཡོད་ཀྱང་། ལས་དང་པོ་བ་ཞིག་ལ་མཚོན་ན་ཆེས་ཐོག་མར་རང་ཉིད་ཀྱི་འབྲི་བར་འགྱུར་བའི་རྩོམ་ཡིག་དེའི་ནང་དོན་རྣམས་ཨང་རིམ་བཞིན་འབྲི་དགོས། དཔེར་ན།
༡། ངའི་སློབ་གྲྭའི་མིང་ལ་བྷུན་ཏར་ཟེར།
༢། ཀུ་ལུའི་རྫོང་གི་གནམ་ཐང་འགྲམ་ལ་ཡོད།
༣། རི་གཉིས་ཀྱི་བར་དུ་ཆགས་ཡོད།
༤། སློབ་ཕྲུག་བརྒྱ་ལྷག་ཅིག་ཡོད།
༥། དགེ་ལས་ཁྱོན་བསྡོམས་ཉི་ཤུ་ཙམ་ཡོད།
༦། དབྱར་ཁར་ཅུང་ཚ་ལ་དགུན་ཁར་ཅུང་གྲང་།
༧། ཉེ་འཁོར་ཤིང་ཏོག་འབེལ་པོ་ཡོད།
༨། སློབ་ཚན་ཁག་ནི་བོད་ཨིན། སྤྱི་ཚོགས་ཚན་རིག་དང་ཚན་རིག་སོགས་ཡོད།
༩། བྱེེད་སྒོ་ཁག་ནི་དག་ཆ་འགྲན་སྡུར་དང་བགྲོ་གླེང་སོགས་ཡོད།
༡༠། སློབ་གྲྭ་འདིར་སླེབས་པ་བསོད་ནམས་ཆེན་པོ་ཚོར་གྱི་འདུག
༢། ཀུ་ལུའི་རྫོང་གི་གནམ་ཐང་འགྲམ་ལ་ཡོད།
༣། རི་གཉིས་ཀྱི་བར་དུ་ཆགས་ཡོད།
༤། སློབ་ཕྲུག་བརྒྱ་ལྷག་ཅིག་ཡོད།
༥། དགེ་ལས་ཁྱོན་བསྡོམས་ཉི་ཤུ་ཙམ་ཡོད།
༦། དབྱར་ཁར་ཅུང་ཚ་ལ་དགུན་ཁར་ཅུང་གྲང་།
༧། ཉེ་འཁོར་ཤིང་ཏོག་འབེལ་པོ་ཡོད།
༨། སློབ་ཚན་ཁག་ནི་བོད་ཨིན། སྤྱི་ཚོགས་ཚན་རིག་དང་ཚན་རིག་སོགས་ཡོད།
༩། བྱེེད་སྒོ་ཁག་ནི་དག་ཆ་འགྲན་སྡུར་དང་བགྲོ་གླེང་སོགས་ཡོད།
༡༠། སློབ་གྲྭ་འདིར་སླེབས་པ་བསོད་ནམས་ཆེན་པོ་ཚོར་གྱི་འདུག
ལྟ་བུ་བྲིས་རྗེས་དོན་ཚན་དེ་རྣམས་ཨང་རིམ་བཞིན་ཚིག་སྒྲུབ་ནང་འབྲི་དགོས། རྩོམ་ཡིག་འབྲི་དུས་གོང་གི་ཨང་གྲངས་རྣམས་བསུབ་རྗེས་ཚིག་སྒྲུབ་དེ་དག་གི་བར་ཕྲད་རྣམ་དབྱེ་ཁ་ཤས་སྦྱར་ན་རྩོམ་ཡིག་ཐུང་ངུ་ཞིག་གྲུབ་སྟེ། དཔེར་ན།
“བུ་ཆུང་ངའི་སློབ་གྲྭའི་མིང་ལ་བྷུན་ཏར་ཞེས་བརྗོད་ཅིང་།
ཧི་མ་ཅལ་མངའ་སྡེའི་ཁོངས་ཀུ་ལུ་རྫོང་གི་གནམ་ཐང་གི་ཉེ་འགྲ་དང་།
ཡར་ལ་བལྟས་ན་རི་གཉིས་ཀྱི་བར་དང་གཡས་སུ་བལྟས་ན་གཙང་པོ་ཞིག་གི་འཁྲིས་སུ་ཆགས་ཡོད།
སློབ་གྲྭའི་ནང་སློབ་ཕྲུག་ཕོ་མོ་ཁྱོན་བསྡོམས་བརྒྱ་ལྷག་ཅིག་ཡོད་ལ། དགེ་ལས་ཉི་ཤུ་ཙམ་ཞིག་ཡོད། འདི་གར་དབྱར་ཁར་ཚ་བ་ཅུང་ཆེ་ཞིང་། དགུན་ཁའི་སྐབས་གནམ་གཤིས་ཅུང་གྲང་བས་དགུན་ཁར་གནམ་གཤིས་ཤིན་ཏུང་གྲང་བའི་དུས་ཟླ་བ་གཉིས་ཀྱི་གུང་སེང་གཏོང་གི་ཡོད།
སློབ་གྲྭའི་ཉེ་འཁོར་ན་ཀུ་ཤུ་དང་སིན་འབྲུ་སོགས་ཤིང་ཏོག་ཤིན་ཏུ་འབེལ་པོ་ཡོད་པས་ཤིང་ཏོག་ཕལ་ཆེ་བའི་གོང་ཚད་ཀྱང་ལུང་པ་གཞན་དང་བསྡུར་ན་ཆུང་ཆུང་ཡིན།
སློབ་གྲྭའི་སློབ་ཚན་ལ་མཚོན་ན་བོད་ཡིག་དང་ཨིན་ཡིག
དེ་བཞིན་སྤྱི་ཚོགས་ཚན་རིག་དང་རིག་གསར་ཚན་རིག་སོགས་མང་པོ་ཡོད་ཅིང་།
འཛིན་གྲྭའི་སློབ་ཚན་ཙམ་མིན་པར་ཤེས་ཡོན་དང་འབྲེལ་བའི་བྱེད་སྒོ་ཁག་ཀྱང་མང་དུ་ཡོད་དེ།
དཔེར་ན། ངག་རྩལ་འགྲན་བསྡུར་དང་། དག་ཡིག་འགྲན་བསྡུར། བགྲོ་གླེང་སོགས་ཚོགས་ཁང་དུ་ཚོགས་ཤིང་། ད་དུང་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་པོའི་འགྲན་བསྡུར་སོགས་ཀྱང་ཡོད་པས་ཆེས་ཕུན་སུམ་ཚོགས་པའི་སློབ་གྲྭ་འདི་འདྲ་ཞིག་སླེབས་པ་དང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་རག་པ་དེ་བསོད་ནམས་ཆེན་པོར་ཚོར་ཞིང་།
དེ་ཡང་གཙོ་ཆེར་༸རྒྱལ་བའི་ཐུགས་རྗེ་དང་རང་གཞུང་གི་བཀའ་དྲིན་ཡིན་ནམ་ཡང་བསམ་གྱི་འདུག “ ལྟ་བུས་མཚོན་ནས་འབྲི་དགོས་ཤིང་། རྒྱས་བསྡུས་འབྲི་ཐབས་སོགས་ཟུར་བྲིས་ཡོད་པས་དེར་གཟིགས་དགོས།
༥
མཇུག་བསྡུ་ཐབས།
སྐད་ཆ་ཞིག་གམ་སྒྲུང་གཏམ་ཞིག ཡང་ན་རྩོམ་ཡིག་གང་འདྲ་ཞིག་ཡིན་ཡང་མཐའ་མའི་མཇུག་བསྡུ་སྟངས་དེ་ཁག་ཤོས་སུ་སྣང་ཞིང་། རྩོམ་ཡིག་གང་ཞིག་འབྲི་བཞིན་པའི་སྐབས་གློ་བུར་དུ་མཚམས་བཞག་ན་མི་ཞིག་གི་སྐད་ཆ་འཆད་བཞིན་པའི་གློག་ཤི་ནས་སྐད་སྦུགས་བེད་མེད་དུ་འགྱུར་བ་བཞིན་མི་བདེ་ལ། རྩོམ་ཡིག་དེའི་ནང་དོན་སྙིང་པོ་ལེན་རྒྱུ་ཡང་དཀའ་བས་མཇུག་བསྡུ་སྟངས་ལེགས་པོ་དགོས་པ་ནི་རྩོམ་ཡིག་ཅིག་དང་ལྷག་པར་སྒྲུང་གཏམ་ཞིག་ལ་མེད་ན་མི་རུང་བའི་ཁྱད་ཆོས་ཤིག་ཡིན། བོད་སྔ་མ་དག་གིས་བསྔོ་བ་དང་སྨོན་ཚིག་གིས་མཇུག་བསྡུ་སྲོལ་ཡོད་མོད། འོན་ཀྱང་།
གལ་གནད་ཆེ་ཤོས་ནི། རྩོམ་ཡིག་དེའི་ཐོག་མའི་བརྗོད་དུམ་དེའི་ནང་རྩོམ་ཡིག་དེར་འཇུག་དགོས་པའི་གནད་དོན་ཁ་ཤས་བྲིས་ནས་རྩོམ་ཡིག་དེར་བཀླགས་རྗེས་མཇུག་ཏུ་རྩོམ་ཡིག་དེས་སྙིང་པོའམ་ཉིང་ཁུ་འདི་ཡིན་ཞེས་གསལ་སྟོན་བྱེད་ཐུབ་པ་ཞིག་དགོས། དེ་ཡང་དྲི་བའི་ལམ་ནས་མཇུག་བསྡུ་ཆོག་ལ།
ཐག་གཅོད་ཀྱི་ལམ་ནས་མཇུག་བསྡུ་ཆོག
གང་ལྟར་ཡང་། ཆེས་མཐའ་མའི་བརྗོད་དུམ་དེས་ཀློག་པ་པོ་ལ་རྩོམ་ཡིག་དེའི་མར་གྱི་སྙིང་པོ་ལྟ་བུ་ཞིག་སྦྱིན་དགོས་པ་ནི་མཇུག་བསྡུའི་རྩོམ་ཡིག་གི་ཁྱད་ཆོས་གཙོ་བོ་དེ་ཡིན།
གསུམ་པ།
རྩོམ་ཡིག་ལ་བསྐྱར་ཞིབ།
༡ རྩོམ་ཡིག་གི་རྗོད་བྱེད་ལ་ཞུ་དག
རྩོམ་ཡིག་ཅིག་བྲིས་ཚར་རྗེས་རྩོམ་ཡིག་ཧྲིལ་པོའི་ནང་དག་ཆ། བརྡ་སྤྲོད་ཀྱི་འགྲོ་སྟངས་སོགས་ཀྱི་ནོར་འཛོལ་བྱུང་ཡོད་མེད་ཞིབ་འཇུག་ངེས་པར་བྱེད་དགོས་ཤིང་། དེ་བཞིན་བརྗོད་དོན་གྱི་ཆ་ནས་འོས་ཤིང་འཚམ་མིན་གྱི་ཐད་རྟོག་ཞིབ་ངེས་པར་བྱེད་དགོས་ཏེ། རྩོམ་ཡིག་འབྲི་དུས་མཚམས་རེར་རང་ཉིད་ཀྱིས་མི་ཤེས་པའི་དག་ཆ་དང་བརྡ་སྤྲོད་ཀྱི་འགྲོ་སྟངས་མང་པོ་ཞིག་དང་འགལ་སྲིད་ལ། སྐབས་འགར་ཤེས་བཞིན་དུ་དོ་སྣང་མ་བྱུང་ནས་ནོར་སོང་བ་ལྟ་བུ་མང་དུ་འབྱུང་སྲིད་པས་ཞིབ་ཚགས་པའི་ལུགས་ཀྱིས་བསྐྱར་ཞིབ་བྱེད་དགོས་ལ། བྱུང་ན་རང་གི་ཉེ་འཁོར་གྱི་མི་ཞིག་ལ་ཀློག་ཏུ་བཅུག་ནས་སོ་སོས་ཉན་ནས་བསྡད་ན་མི་དེས་ཀློག་སྐབས་ཚིག་སྦྱོར་མི་བདེ་བ་དང་འཕྲད་སྐབས་རང་བཞིན་གྱིས་འགག་ཡོང་བས་དེ་ལ་རྟགས་རྒྱབ་ནས་བཟོ་བཅོས་སམ་ཡང་ན་བསྐྱར་སྒྲིག་དགོས་མིན་ལྟ་དགོས།
༢
རྩོམ་ཡིག་གི་བརྗོད་དོན་ལ་ཞུ་དག
རྩོམ་ཡིག་ཅིག་བྲིས་ཚར་རྗེས་རྩོམ་ཡིག་ཧྲིལ་པོའི་ནང་། རྗོད་བྱེད་ཚིག་ཙམ་མིན་པར་བརྗོད་དོན་གྱི་ཆ་ནས་སྔ་ཕྱི་ནང་འགལ། ལྟག་འོག་འགལ་འདུ།
མིང་ཚིག་མཐོ་དམན། ཁུངས་དང་རིགས་པ་འོས་འཚམ་བྱུང་མིན་སོགས་ལ་ཞིབ་འཇུག་མཐིལ་ཕྱིན་པར་མ་བྱས་ཚེ། རྩོམ་ཡིག་ཅིག་གི་ནང་སྔ་ཕྱི་འགལ་འདུ་བྱུང་ན་ཤིན་ཏུ་ཁྲེལ་བའི་རྒྱུ་ཡིན་པས་གནད་དོན་འདི་ལ་ཤིན་ཏུ་ནས་གཟབ་དགོས་པར་མཐོང་ངོ་།།
༣
མཐའ་མའི་ཐག་གཅོད།
རྩོམ་ཡིག་དེར་རྗོད་བྱེད་ཚིག་དང་བརྗོད་བྱ་དོན། དེ་བཞིན་ཚིག་སྦྱོར་ཡིན་ཆད་ལ་ཞུ་དག་ལེགས་པར་གྲུབ་རྗེས་ད་གཟོད་རྩོམ་ཡིག་དེ་ཡོངས་སུ་གྲུབ་པ་ཡིན་པས་རྩོམ་ཡིག་ཅིག་བྲིས་ཚར་ཞེས་ཐག་གཅོད་བྱེད་ཆོག བསྐྱར་ཞིབ་དེ་རིགས་མ་ཚར་ན་རྩོམ་ཡིག་ཡོངས་སུ་བྲིས་ཚར་མེད་པའི་གནད་དོན་འདི་ཡིད་ལ་འཛིན་གལ་ཆེའོ།།
མདོར་ན།
བྱ་བ་གང་ཞིག་ཡིན་ཡང་སྦྱོར་དངོས་མཇུག་གསུམ་ཚང་དགོས་པ་བཞིན་རྩོམ་ཡིག་ཅིག་འབྲི་བའི་སྐབས་སུའང་ཐོག་མའི་འཆར་འགོད་དང་། བར་གྱི་དངོས་གཞིའི་འབྲི་ཚུལ།
མཇུག་ཏུ་བསྐྱར་ཞིབ་ཇི་ལྟར་བྱེད་ཚུལ་དང་བཅས་པ་ཞིབ་ཏུ་ཤེས་གལ་ཆེ་ཞིང་། ཤེས་ནས་རང་ཉིད་ཀྱི་རྩོམ་ཡིག་འབྲི་དུས་གནད་དོན་དེ་དག་དང་མཐུན་པར་འབྲི་དགོས།
ཞེས་བེ་རི་རྒྱལ་སྲས་ཀྱིས།