བེ་རི་རྒྱལ་སྲས།
མཁའ་ཡི་མཛེས་བྱེད་ཉི་ཟླ་སྐར་གསུམ་གྱིས།།
མཚོན་ནུས་མ་ཡིན་ང་ཡི་དགེ་བའི་བཤེས།།
ཐུགས་རབ་དགྱེས་པའི་འཛུམ་དཀར་གྲོལ་བཞིན་དུ།།
བདག་བློའི་སྙིང་ཁར་བརྟན་པར་བཞུགས་སུ་གསོལ།།
དེ་ཡང་དཔལ་ལྡན་ཐལ་འགྱུར་བའི་ལུགས་ལ་དགག་བྱ་ངོས་འཛིན་གྱི་གཞུང་ལ་ཉེ་བར་འཁོར་གྱིས་ཞུས་པ་དང་།
རིགས་པ་དྲུག་ཅུ་པ་ལ་སོགས་པའི་མདོ་དང་བསྟན་བཅོས་དུ་མ་ཞིག་བཞག་ཏུ་ཡོད་ཀྱང་། རང་རྒྱུད་པའི་ལུགས་ཀྱི་དགག་བྱ་ངོས་འཛིན་གྱི་གཞུང་ཚད་ལྡན་ནི་དབུ་མ་སྣང་བ་ལས་གཞན་ཞིག་གསལ་བར་མི་སྣང་སྟེ།
རྗེའི་རྣམ་བཤད་དགོངས་པ་རབ་གསལ་ལས་རང་རྒྱུད་པའི་གཞུང་ཁུངས་ཐུབ་གཞན་ལས་དགག་བྱ་ངོས་འཛིན་གསལ་བར་མི་འབྱུང་ལ།
ཞེས་གསུངས།
འོ་ན་དབུ་མ་སྣང་བའི་གཞུང་དེ་དགག་བྱ་ངོས་འཛིན་བསྟན་ཚུལ་ཇི་ལྟར་ཡིན་ཞེ་ན།
དེ་ནི་དབུ་མ་སྣང་བ་ལས།
དངོས་པོ་ཡང་དག་པ་ངོ་བོ་ཉིད་མེད་པ་དག་ལའང་དེ་ལས་ལྡོག་པའི་རྣམ་པར་སྒྲོ་འདོགས་པའི་འཁྲུལ་བའི་བློ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ།
འདི་འམ་འདིས་དེ་ཁོ་ན་ཉིད་སྒྲིབ་པ་ལྟ་བུར་བྱེད། འགེབས་པ་ལྟ་བུར་བྱེད་པའི་ཕྱིར།
ཞེས་པས། གཟུགས་སོགས་ཀྱི་དངོས་པོ་རྣམས་ཡང་དག་པའམ་དོན་དམ་པར་གྲུབ་པའི་ངོ་བོ་ཉིད་མེད་པ་དག་ལའང་མ་གྲུབ་པ་དེ་ལས་ལྡོག་སྟེ་དོན་དམ་པར་གྲུབ་པར་རྣམ་པར་སྒྲོ་འདོགས་པའི་ཡུལ་ལ་འཁྲུལ་བའི་བློ་གང་ཡིན་པ་དེ་ནི།
ཡང་དག་པའི་གནས་ལུགས་ཀྱི་དོན་མཐོང་བ་ལ་སྒྲིབ་པར་བྱེད་པའི་སྒྲིབ་བྱེད་ཀུན་རྫོབ་ཅེས་བྱ་སྟེ།
དེ་ལྟར་ཡུལ་བདེན་པར་ཞེན་པའི་བློ་འདི་ཡུལ་གྱི་གནས་ལུགས་མཐོང་བའི་སྒྲིབ་བྱེད་དང་འགེབས་བྱེད་ཡིན་ལ།
འདིས་རང་གི་གནས་ལུགས་མཐོང་བ་ལ་མིག་ལིང་ཏོག་གིས་སྒྲིབ་པ་ལྟ་བུར་བྱེད།
བློ་གཞན་གྱིས་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་ལ་འགེབས་པ་ལྟ་བུར་བྱེད་པའི་ཕྱིར་ཞེས་བསྟན།
འདིའི་སྐབས་ཀྱི་འདི་འམ་འདིས་ཞེས་གཉིས་སུ་སྨྲོས་ལ་བཤད་ཚུལ་མི་འདྲ་བ་ཁ་ཤས་སུ་སྣང་ཡང་།
འདི་སྒྲ་སྔ་མ་དེ་སྒྲིབ་བྱེད་དང་ཕྱི་མ་དེ་འགེབས་བྱེད་ཅེས་བྱེད་པ་པོ་ལ་སྦྱོར་བ་དང་།
འདི་སྒྲ་ཕྱི་མ་དེ་སྒྲིབ་པར་བྱེད་པ་དང་འགེབས་པར་བྱེད་པའི་བྱེད་པ་པོའི་ལས་ལ་སྦྱོར་ན་ལེགས་པར་སེམས་ཏེ།
འདི་དང་འདྲ་བར་རྗེའི་ལེགས་པར་བཤད་པ་གསེར་གྱི་འཕྲེང་བ་ལས།
མཆོད་བརྗོད་ཀྱི་ཡུམ་བཤད་པའི་སྐབས།
དེ་རྣམས་ཀྱིས་གཞན་དོན་སྒྲུབ་པར་བྱེད་པ་ཞིག་གམ་ཡང་ན་སྒྲུབ་པར་བྱེད་པ་ཉིད་ཀྱིས་ཡུམ་དུ་བཞག་པ་ཞིག་གོ་ཞེས་པ་ཡང་།
སྔ་མས་མཁྱེན་གསུམ་དེ་གཞན་དོན་སྒྲུབ་བྱེད་དང་ཕྱི་མས་དེ་སྒྲུབ་པར་བྱེད་པར་བསྟན་པ་ལྟར་ཡིན་ནོ།
དེ་ལྟར་དབུ་མ་སྣང་བ་ལས་ཡུལ་བདེན་པར་ཞེན་པའི་བློ་དེ་སྒྲིབ་བྱེད་ཡིན་པར་གསུངས་པའི་ཤེས་བྱེད་དུ་མདོ་ལས།
དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ།།
དོན་པའི་དོན་དུ་རང་བཞིན་མེད།།
རང་བཞིན་མེད་ལ་འཁྲུལ་བ་གང་།།
དེ་ནི་ཡང་དག་ཀུན་རྫོབ་འདོད།།
ཅེས་པས་གཟུགས་སོགས་ཀྱི་དངོས་པོ་རྣམས་སྐྱེ་འཇིག་གི་རྣམ་གཞག་ནི་ཀུན་རྫོབ་ཏུའམ་ཐ་སྙད་དུ་ཡོད་པ་ཡིན་གྱི་དོན་དམ་པའི་རང་བཞིན་དུ་མེད་ལ།
དེ་ལྟར་དོན་དམ་པའི་རང་བཞིན་མེད་པ་ལ་ཡོད་པར་ཞེན་པའི་འཁྲུལ་བའི་བློ་གང་ཡིན་པ་དེ་ནི།
ཡང་དག་པའི་གནས་ལུགས་མཐར་ཐུག་རྟོགས་པ་ལ་སྒྲིབ་པར་བྱེད་པའི་སྒྲིབ་བྱེད་ཀུན་རྫོབ་ཡིན་པར་འདོད་དོ་ཞེས་བསྟན།
འདིའི་སྐབས་སྐྱེ་བ་ཀུན་རྫོབ་ཏུ་ཞེས་པ་ནི་ཐ་སྙད་དུ་ཡོད་པ་ལ་འཇོག་པ་ཡིན་ལ།
ཡང་དག་པའི་ཀུན་རྫོབ་འདོད་ཅེས་པའི་ཡང་དག་ཀུན་རྫོབ་ནི།
ཡང་ལོག་གི་ཀུན་རྫོབ་གཉིས་ཀྱི་ནང་ཚན་གྱི་ཡང་དག་ཀུན་རྫོབ་ཏུ་འདོད་པ་ནི་གཞུང་འདིའི་དོན་ཆ་ཙམ་ཡང་ཡེ་མ་རྟོགས་པ་ཡིན་ཞིང་།
དེས་ན་འདི་ནི་ཡང་དག་པ་སྟོང་པ་ཉིད་ལ་བཞག་ནས་དེ་མཐོང་བའི་སྒྲིབ་བྱེད་ལ་ཡང་དག་ཀུན་རྫོབ་ཚིག་འབྲུ་བསྡུས་པ་ཙམ་ཡིན་སྙམ།
གང་ལྟར་ཡང་དག་ཀུན་རྫོབ་ཅེས་བསྒྱུར་པ་ནི་བོད་ཚིག་གི་སྟེང་རྙོག་འཛིང་ཞིག་སྣང་བས་འགྱུར་མི་ལེགས་པར་སྣང་ཞིང་།
འདི་ལས་གཞན་ཞིག་རྒྱ་དཔེ་ལ་བལྟས་ནས་འགྱུར་བཅོས་ཤིག་གཏང་ན་ཅི་མ་རུང་སྙམ་ཞིང་།
དེ་ནི་སྒྲིབ་བྱེད་ཀུན་རྫོབ་འདོད་ཅེས་སུ་བསྒྱུར་ན་ཚིག་དོན་གཉིས་ཀར་ལེགས་པར་སྣང་ངོ།།
མདོ་དེ་ཁུངས་སུ་དྲངས་ནས་དེ་ལས་བྱུང་བའི་ཕྱིར་དེས་ཉེ་བར་བསྟན་པ་མཐོང་བའི་དངོས་པོ་རྫུན་པ་ཐམས་ཅད་ནི་ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བྱའོ།།
ཞེས་པས་ཐོག་མེད་ནས་རྒྱུད་ལ་གོམས་པའི་བདེན་པར་འཛིན་པའི་འཛིན་པ་དེ་ལ་བྱུང་བའི་ཕྱིར།
རྣམ་པར་རྟོག་པའི་བློ་ཀུན་བཏགས་པ་རྣམས་ཀྱིས་བདེན་འཛིན་གྱིས་ཇི་ལྟར་འཛིན་པ་བཞིན་དུ་ཡུལ་ལ་བདེན་པར་ཞེན་པ་དང་།
བདེན་པར་སྣང་བའི་སྣང་ཚུལ་དང་གནས་སྟངས་མི་མཐུན་པ་ཞིག་འཛིན་པའི་རྫུན་པའི་བློ་དེ་དག་ཐམས་ཅད་ནི་གནས་ལུགས་ཀྱི་དོན་རྟོགས་པ་དང་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པར་བྱེད་པའི་སྒྲིབ་བྱེད་ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བསྟན།
འདིའི་སྐབས་དེ་ལས་བྱུང་བའི་ཕྱིར་ཞེས་འབྱུང་བས།
རྟོག་པ་རྣམས་ནི་བདེན་འཛིན་གྱི་ཉེར་ལེན་བྱས་པ་ལ་བརྟེན་ནས་བྱུང་བས་དེ་ལ་བདེན་པར་སྣང་བ་ཡོད་ཀྱང་།
རྟོག་མེད་དབང་ཤེས་རྣམས་བདེན་འཛིན་གྱི་ཉེར་འབྲས་སུ་ནམ་ཡང་འབྱུང་བ་མི་སྲིད་པས་དབང་ཤེས་ལ་བདེན་སྣང་མེད་པའི་དོན་དུ་བཤད་པ་མང་ལ། ཁོ་བོས་ཀྱང་ལེགས་བཤད་དུ་མཐོང་ངོ་།།
དེའི་མཇུག་ཏུ་དེ་ཡང་ཐོག་མ་མེད་པ་ནས་འཁྲུལ་བའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་བྱུང་ལ།
དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པར་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་བསྟན་པ་མཐོང་བར་འགྱུར་ཏེ།
དེའི་ཕྱིར་དེ་དག་གིས་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ་ཞེས་བྱའོ།
ཞེས་པས་བློ་ཀུན་བཏགས་རྣམས་བདེན་འཛིན་ལས་བྱུང་བར་མ་ཟད།
བདེན་འཛིན་ལྷན་སྐྱེས་དེ་ཉིད་ཀྱང་སྐྱེ་བ་ཐོག་མ་མེད་པ་ནས་བདེན་འཛིན་འཁྲུལ་བའི་བློས་བཞག་པའི་བག་ཆགས་ཟབ་མོ་དེ་ཡོངས་སུ་སྨིན་པ་དབང་གིས་བྱུང་ལ།
བདེན་འཛིན་ལྷན་སྐྱེས་དེས་ཀྱང་སྲོག་ཆགས་ཏེ་གང་གྲུབ་མཐས་བློ་བསྒྱུར་བ་དང་མ་བསྒྱུར་བ་ཀུན་ལ་བུམ་སོགས་ཀྱི་ཆོས་རྣམས་ཡང་དག་པར་གྲུབ་པའི་དངོས་པོའི་ངོ་བོ་ཉིད་དུ་ཡོད་པར་སྟོན་ཞིང་།
བསྟན་པར་ལྟར་བདེན་པར་ཞེན་པའི་འཛིན་པ་འབྱུང་བ་ཡིན་ཏེ།
དེས་ན་ཆོས་རྣམས་བདེན་འཛིན་ལ་སྣང་བ་དེ་བཞིན་དུ་ཡོད་པར་འཇོག་མི་རུང་བ་དེའི་ཕྱིར།
བདེན་འཛིན་གྱིས་དབང་དུ་མ་གྱུར་བའི་གང་ཟག་གི་བསམ་པ་སྟེ་བློ་གནོད་མེད་ཀྱིས་བཞག་པའི་དངོས་པོ་ནི་ཀུན་རྫོབ་ཏུ་ཡོད་པའོ།
ཞེས་བསྟན། འདི་དག་གིས་དགག་བྱ་ངོས་འཛིན་བསྟན་ཚུལ་ཡོད་དེ།
རྗེའི་ལེགས་བཤད་སྙིང་པོ་ལས།
དེ་དག་གིས་བསམ་པའི་དབང་གིས་ཡོད་ལ་ཀུན་རྫོབ་ཏུ་ཡོད་པར་གསུངས་པས།
དེའི་ལྡོག་ཕྱོགས་ལ་དོན་དམ་པར་ཡོད་པར་བྱ་དགོས་པས་དེ་ལ་བརྟེན་ནས་བཤད་དེ་དབུ་མ་རང་རྒྱུད་པ་ཐམས་ཅད་ཀྱི་ལུགས་ཀྱང་དེ་དང་འདྲའོ།
ཞེས་པ་ལྟར་འདིར་བློ་ཡི་དབང་གིས་བཞག་པ་ལ་ཀུན་རྫོབ་ཏུ་ཡོད་པར་བཤད་པས་བློ་ཡི་དབང་གིས་མ་བཞག་པར་སྡོད་ལུགས་སུ་གྲུབ་པ་ལ་དོན་དམ་དུ་གྲུབ་པ་བཞག་དགོས་པའི་ཕྱིར།
འདིར་དེ་ཡང་ཞེས་པས་བདེན་འཛིན་ལྷན་སྐྱེས་བསྡུས་པ་མཁས་དབང་ཆོས་རྗེ་ངག་དབང་དཔལ་ལྡན་གྱིས་ཕར་ཕྱིན་མཆན་འགྲེལ་ལས་གསུངས་སོ། འགའ་ཤས་ཀྱིས་རང་རྒྱུད་པའི་དགག་བྱ་ངོས་འཛིན་གྱི་གཞུང་དབུ་མ་སྣང་བ་ལས་གཞན་དུ་སློབ་དཔོན་ཡེ་ཤེས་སྙིང་པོའི་བདེན་གཉིས་ལས་ཀྱང་འབྱུང་སྟེ།
བདེན་གཉིས་ལས།
ཇི་ལྟར་སྣང་བ་འདི་ཁོ་ན།།
ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན།།
ཞེས་པས་བློ་ལ་སྣང་བའི་དབང་གིས་བཞག་པ་འདི་ཁོ་ན་ཀུན་རྫོབ་དང་།
དེས་བཞག་པར་སྡོད་ལུགས་སུ་གྲུབ་པ་ལ་བདེན་པར་གྲུབ་པ་ཡིན་ཞེས་བསྟན་ཟེར་བ་ནི།
མི་ལེགས་ཏེ་རྗེ་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཀུན་གྱིས་དབུ་མ་སྣང་བ་ལས་གཞན་མི་འབྱུང་བར་གསུངས་པ་དེ་ལས་གཞན་པ་ཞིག་བློ་གྲོས་ནམ་མཁའ་དང་མཉམ་པ་ཁྱེད་ལྟ་བུ་ཞིག་ལས་གཞན་སུ་ཞིག་གིས་རྙེད།
གོང་དུ་དྲངས་པའི་བདེན་གཉིས་ཀྱིས་ནི།
ཐ་སྙད་པའི་ཚད་མའི་ངོར་ཡུལ་གྱི་གནས་ཚོད་དང་མཐུན་པར་སྣང་བ་དེ་ལ་ཀུན་རྫོབ་བདེན་པ་དང་།
དེ་ལས་གཞན་མཐར་ཐུག་དཔྱོད་པའི་ཚད་མར་སོང་བའི་ཡུལ་ནི་དོན་དམ་བདེན་པ་སྟེ་བདེན་གཉིས་ཀྱི་མཚན་ཉིད་བསྟན་པ་ཡིན་པ་ལས་དགག་བྱ་གྲུབ་པའི་གྲུབ་ཚད་བསྟན་པ་མ་ཡིན་པའི་ཕྱིར་རོ།
།
ཚད་ལྡན་གཞུང་ལུགས་དུ་མར་དཔང་བཅོལ་ནས།།
དྲི་མེད་རིགས་པའི་ལམ་ནས་སྨྲས་པ་འདི།།
ལེགས་བཤད་ཅིག་ཏུ་རྩི་བར་མི་ཕོད་ཀྱང་།།
ཉེས་བཤད་ཅིག་ཏུ་རྩི་ན་ག་ལ་རུང་།།
འདི་ནི་རང་ལོ་བཅོ་ལྔ་ཙམ་གྱི་སྐབས་གཞུང་གསར་པ་བལྟ་བའི་སྐབས་དགག་བྱ་ངོས་འཛིན་གྱི་སྐོར་ཟིན་བྲིས་སུ་བཏབ་པ་དང་།
ཕྱིས་དབུ་མའི་ལྟ་གྲུབ་ཀྱི་སྐོར་ཕྲན་བུ་རེ་བྲིས་ཤིང་།
ཁ་ཤས་སེ་རའི་ཅང་ཤེས་རྨིག་སྒྲའི་སྟེང་བཀོད་པ་ལས་དུམ་བུ་ཞིག་བཤུས་ཤིང་།
རྗེས་སུ་གཞུང་ཆེན་ཁག་གི་དོགས་དཔྱོད་ཀྱི་དེབ་ཕྲེང་དུ་འགོད་པ་ལས་འདིར་ཆ་ཚང་བཀོད་མ་ཐུབ།