བེ་རི་རྒྱལ་སྲས།
བློ་ལ་བབ་ཀྱང་མ་བབ་ཀྱང་རུང་། ད་ལྟའི་རང་རེ་བོད་པ་རྣམས་ཤེས་རིག་གི་མིག་ཟུང་ད་དུང་ཕྱེ་མེད་པར་འདོད་དེ།
རང་རེ་བོད་པའི་ཤེས་ཡོན་ཅན་དུ་འབོད་པའི་རུ་སྡེ་ཡི་ཁྲོད་དུའང་ཉིན་ཐོ་འབྲི་བའི་གོམས་གཤིས་ད་དུང་བསླེབས་མེད།
ར་སེ་དཀོན་མཆོག་རྒྱ་མཚོས་<<བོད་རེ་བ་ཅན།>> དུ་གསུངས་པ་ལྟར། ཕྱི་གླིང་པའི་མི་སུ་འདྲ་ཞིག་ཡིན་རུང་རྒྱུན་དུ་ཚགས་པར་ཀློག་རྒྱུ་དང་།
ཉིན་ཐོ་འབྲི་རྒྱུའི་གོམས་སྲོལ་བཟང་པོ་ཞིག་ཡོད་མོད། རང་རེ་བོད་པ་རྣམས་ཚགས་པར་ཀློག་པར་མི་དགའ་ཞིང་།
ཉིན་ཐོ་འབྲི་བར་དེ་བས་མི་དགའ། ད་དུང་ཁ་ཤས་ཀྱིས་ཉིན་ཐོ་འབྲི་བ་ནི་དོན་མེད་ཀྱི་ལས་ཀ་ཞིག་རེད་ཀྱང་སྙམ་བཞིན་ཡོད་པ་ནི་ཆེས་རྗེས་ལུས་ཀྱི་རང་རྟགས་གསལ་པོ་ཞིག་ཡིན་པས།
དེ་རིང་ཁོ་བོས་འདིར་རང་རིགས་གཞོན་སྐྱེས་རྣམ་པར་ཉིན་ཐོ་འབྲི་བའི་གོམས་གཤིས་བཟང་པོ་ཞིག་འཇགས་ན་བསམས་ནས་ཉིན་ཐོ་འབྲི་ཐབས་མདོར་བསྡུས་ཤིག་གླེང་བ་ལ་འབད་དོ།།
ཉིན་ཐོ་འབྲི་ཐབས་དང་པོ།ཉིན་ཐོ་འབྲི་སྲོལ་གོམས་གཤིས་འཇགས་ཐབས།
༡ ཉིན་ཐོ་རང་གི་འཁྲིས་སུ་ཉར་དགོས།
ཉིན་ཐོ་དེ་ཉིད་རང་ཉིད་ཀྱིས་མཐོང་སའི་མདུན་འཇོག་གམ་ཉལ་ཁྲིའི་འགྲམ་དུ་བཞག་ན་ཉིན་ཐོ་མཐོང་བ་དང་འབྲི་རྒྱུའི་བསམ་བློ་འཁོར་མྱུར་བ་ཡིན་ཞིང་།
རང་ཉིད་གང་དུ་བསྐྱོད་ཀྱང་ཉིན་ཐོ་མཉམ་དུ་ཁྱེར་ན། ག་དུས་འབྲི་བསམ་ཡང་འབྲི་ཆོག་ཆོག་ཡིན་པས་སྟབས་བདེ་བ་ཡོད་ལ།
དེང་སྐབས་བརྡ་འཕྲིན་གྱི་དུས་སྐབས་ཡིན་པས་རང་ཉིད་ཀྱི་ཁ་པར་དང་ཨའི་པེཊ་བཅས་ཀྱི་ནང་ཉིན་ཐོ་འབྲི་ས་བཟོས་ན་ཕན་ཐོགས་ཆེན་པོ་ཡོད།
༢ ཉིན་ཐོ་འབྲི་བའི་དུས་ཚོད་གཏན་འབེབས།
སྤྱིར་ཉིན་ཐོ་ནི་རང་ཉིད་ལ་ཚོར་བ་དང་བསམ་བློ་ག་དུས་འཁོར་ན་འབྲི་དགོས་པས་ཐ་ན་གསང་སྤྱོད་དུའང་འབྲི་ཆོག་མོད།
འོན་ཀྱང་ཉིན་ཐོ་འབྲི་བའི་དུས་ཚོད་གཏན་འབེབས་བྱས་པས་རྒྱུན་དུ་འབྲི་རྒྱུ་བསམ་བློ་འཁོར་སླ་བ་དང་།
དེ་ཡང་དུས་ཚོད་ཡག་ཤོས་ནི་དགོང་མོ་ཉལ་ཁ་དང་། ཞོགས་པར་ལངས་མ་ཐག་གཉིས་ཡིན། ཉལ་ཁར་ཉིན་གཅིག་གི་གནས་ཚུལ་རྣམས་འབྲི་ཆོག་ལ།
ཞོགས་པར་ཉིན་གཅིག་གི་ལས་འཆར་རྣམས་འགོད་ཆོག་པ་ཡིན། དེ་ལྟར་བྱས་ན། ཉིན་རེའི་བྱ་གཞག་རྣམས་ལེགས་འགྲུབ་ཡོང་བར་ཕན་ཐོགས་ཤིན་ཏུ་ཆེ།
༣ གཞན་གྱིས་ཅི་ཟེར་ལ་བསམ་བློ་གཏོང་མི་ཉན།
ཉིན་ཐོ་ནི་རང་ཉིད་ཀྱི་ཆེད་དུ་འབྲི་བ་ལས་གཞན་གྱི་ཆེད་མིན་པས།
དག་ཆ་དང་ཡིག་གཟུགས། བརྡ་སྤྲོད་དང་ཚིག་རྒྱན་སོགས་ཡོད་མེད་ལ་མ་ལྟོས་པས་འབྲི་རྐྱང་བྱེད་དགོས།
ཚིག་རྒྱན་སྙན་པོ་ཨེ་ཡོང་བལྟས་ན་མཚམས་རེར་སྙན་པོ་མི་ཡོང་སྐབས་ཉིན་ཐོ་འབྲི་རྒྱུའི་འདུན་པ་བརླག་ཉེན་ཆེ།
ཉིན་ཐོ་ནི་རང་ཉིད་ཁོ་ནའི་ཆེད་ཡིན་པས། ཉིན་ཐོའི་ནང་རང་ཉིད་ཀྱི་ཚོར་བ་དགེ་སྡུག་དང་དགའ་སྐྱོ་ཡོད་ཚད་འབྲི་ཆོག་པས་རང་ཉིད་ཀྱི་སེམས་བག་ཡངས་སུ་གཏོང་བ་དང་།
ཉིན་ཐོ་ནི་རང་ཉིད་ཁོ་ན་ལ་དབང་བའི་གྲོགས་མོ་ཞིག་ཡིན་པས་གཞན་གྱི་ངོ་སོ་ལ་བསྟུན་དགོས་དོན་གཏན་ནས་མེད།
༤ དྲི་བ་ཁ་ཤས་འབྲི་བ།
གལ་ཏེ་ཉིན་ཐོ་འབྲི་བསམ་ཡང་གང་ཡང་མ་དྲན་ན་གཤམ་གསལ་དྲི་བ་འདི་དག་ལ་རྒྱུགས་སྤྲོད་ཀྱི་སྐབས་ལན་འབྲི་བ་བཞིན་བྲིས་ན་བསམ་བློ་འཁོར་སླ་སྟེ།
དཔེར་ན། དེ་རིང་ངས་གང་དང་གང་བྱས་སམ། གང་སྦྱངས་སམ། དེ་རིང་མི་སུ་དང་སྐད་ཆ་བཤད་དམ། ད་ལྟ་ངས་གང་ཚོར་བཞིན་འདུག དེབ་གང་བཀླགས་སམ། སང་ཉིན་གྱི་འཆར་གཞི་གང་སྒྲིག་ན་ལེགས་སམ།
ལྟ་བུས་དྲི་བ་དག་ལ་ལན་བྲིས་ན་དེ་ཉིན་ཐོ་ཞིག་ཏུ་འགྱུར།
དེ་སྔོན་ཁོ་བོས་སློབ་ཕྲུག་རྣམས་ལ་ཉིན་ཐོ་འབྲི་རྒྱུའི་ནང་ལས་བསྐུལ་ནས་འཛིན་གྲྭའི་ནང་ཞིབ་འཇུག་བྱེད་སྐབས།
སློབ་ཕྲུག་ཅིག་གིས་ནང་ལས་བྲིས་མི་འདུག་པས་ཅིའི་ཕྱིར་བྲིས་མེད་ཅེས་འདྲི་བ་ན། ཁོང་གིས།
‘’རྒན་ལགས། ཁ་སང་ཉིན་ཐོ་འབྲི་དགོས་བསམས་ནས་དེབ་བླངས་ཏེ་འབྲི་གྲབས་བྱེད་སྐབས་བསམ་བློ་གང་ཡང་འཁོར་རྒྱུ་མི་འདུག སློབ་གྲོགས་ཚོས་ནི་སོ་སོས་ཉིན་ཐོ་བྲིས་ནས་ང་ལ་སྐད་ཆ་ཤོད་མཁན་ཡང་མི་འདུག
ནང་ལ་ཁ་པར་བཏང་ཡང་ལེན་མཁན་མི་འདུག ཡང་བསྐྱར་ཉིན་ཐོ་ཞིག་འབྲི་དགོས་དྲན་ནས་ཤོག་བུ་ཡར་བསྒྱུར་མར་བསྒྱུར་ཇི་ཙམ་བྱས་ནས་དྲན་རྒྱུ་གང་ཡང་མི་འདུག
དེ་འདྲ་བྱས་ནས་གཉིད་ཤོར་འདུག དེ་རིང་ཞོགས་པར་ལངས་མ་ཐག་ཉིན་ཐོ་བྲིས་མེད་ན་འཛིན་གྲྭའི་ནང་གདོང་སྟོན་མི་ཤེས་པ་ཆགས་ཡོང་བསམས་ནས་འབྲི་ཐབས་བྱས་ཀྱང་དྲན་རྒྱུ་གང་ཡང་མེད་ནས་ལྷག་སོང་།
ཉིན་ཐོ་ཞེས་པ་དེ་འབྲི་སྟངས་ཁྱོན་ནས་ཤེས་ཀྱི་མི་འདུག’’ ཟེར། སྐབས་དེ་དུས་ཁོ་བོས་ཁྱོད་ཀྱིས་ད་ལྟ་གང་བཤད་པ་དེ་དག་ཐམས་ཅད་ཡིག་ཐོག་ལ་ཕོབས་དང་།
དེ་ཉིན་ཐོ་རེད། ཉིན་ཐོ་ཟེར་དུས་མི་འདྲ་བ་ཞིག་འབྲི་དགོས་མེད། ཅེས་བཤད་པས་འཛིན་གྲྭ་དེ་གའི་ནང་ཁོང་གིས་གང་བཤད་པ་དེ་ཡིག་ཐོག་ལ་ཕབ་སོང་།
དེ་ནས་བཟུང་ཁོས་ ’’ཉིན་ཐོ་འབྲི་སླ་མོ་རེད་འདུག ཉིན་ལྟར་འབྲི་གི་ཡིན། “ ཟེར།
༥ ཉིན་ཐོ་ཤིན་ཏུ་བསྡུས་པ་འབྲི་ཐབས།
མཚམས་རེར་བྲེལ་བ་ཤིན་ཏུ་ཆེ་སྐབས་ཉིན་ཐོ་རྒྱས་པར་འབྲི་བའི་དུས་ཚོད་མེད་སྟབས་ཉིན་ཐོ་ཆེས་བསྡུས་པ་ཞིག་འབྲི་ཡང་ཆོག་སྟེ།
དཔེར་ན།
བཀྲ་ཤིས་ལ་གློག་འཕྲིན་ཞིག་བཏང་།
དེ་རིང་ནས། <<གཙུག་གཡུ།>> ཀློག་མགོ་བཙུགས།
ལྟ་བུ་ཞིག་ལས་མ་བྱུང་ཡང་བྲིས་ན་ཉིན་ཐོ་རྒྱུན་དུ་འབྲི་སྲོལ་ཆགས་པར་ཕན་ཐོགས་ཆེ།
མཚམས་རེར་རང་ཉིད་ལ་ཤིན་ཏུ་ཕན་པའི་ཚིགས་བཅད་དམ་བསླབ་བྱ་དེ་འདྲ་ཐོབ་ན་དེ་ཡང་ཉིན་ཐོའི་ནང་འགོད་ཐབས་བྱས་ན་ཕྱིས་སུ་དེས་ཕན་ཐོགས་ཆེན་པོ་ཡོང་སྲིད།
༦ ཉིན་གཅིག་ཆད་ཀྱང་ཡིད་ཐང་ཆད་མི་ཉན།
གལ་ཏེ་ཉིན་གཅིག་གམ་ཁ་ཤས་རིང་ཉིན་ཐོ་བྲིས་མ་ཐུབ་ཚེ་ད་ནི་ཉིན་མ་མང་པོར་བྲིས་ཐུབ་མ་སོང་།
ད་ཡོང་ས་མ་རེད་བསམས་ནས་ཡིད་ཐང་གཏན་ནས་ཆད་མི་ཉན། ཉིན་ཐོ་ཁྱེད་ཀྱི་ཡིན་པ་ལས་གཞན་ལ་སྟོན་དགོས་དོན་མེད་པས་དེ་འདྲ་བསམ་པའི་ཉིན་མ་དེ་ནས་བཟུང་ཡང་ཉིན་ཐོ་ཐུང་ངུ་དེ་འདྲ་འབྲི་མགོ་རྩོམ་དགོས།
ཉིན་ཐོ་འབྲི་ཐབས་གཉིས་པ། ཉིན་ཐོའི་བརྗོད་གཞི་འཚོལ་སྒྲུག
༡ ཉིན་རེའི་རང་ཉིད་ཞིབ་འཇུག
རང་ཉིད་ཀྱི་ཉིན་ཐོའི་ནང་ཉིན་གཅིག་གི་ཚོར་བའི་ཁྲོད་ནས་ཉོན་མོངས་དུག་གསུམ་གྱིས་མཚོན་པའི་ཚོར་འདུ་གང་བྱུང་བ་རྣམས་ཀྱི་རེའུ་མིག་དང་།
གཞན་ཕན་སོགས་ཀྱིས་མཚོན་པའི་དགེ་བའི་བློ་གང་བྱུང་བ་རྣམས་ཀྱང་རེའུ་མིག་ཏུ་བྲིས་ནས་ཉིན་རེའི་རང་ཉིད་ཀྱི་ཚོར་སྣང་ལ་ཞིབ་འཇུག་འབྲི་ཆོག
དེ་བཞིན་སློབ་མ་ཞིག་ལ་མཚོན་ན་ཉིན་གཅིག་གི་སློབ་ཚན་སོ་སོའི་ནང་ལས་ཚང་མ་བྲིས་ཚར་ཡོད་མེད་ཀྱི་ཞིབ་འཇུག་འབྲི་ཆོག
དགེ་རྒན་ཞིག་ཡིན་ན་རང་ཉིད་ཀྱི་ཉིན་གཅིག་གི་སློབ་འཁྲིད་གང་དང་གང་བྱས་པ་དང་། དེ་ལས་གང་ལེགས་པ་དང་གང་མ་བྱུང་བ་རྣམས་འབྲི་དགོས། དགེ་རྒན་ཞིག་ཡིན་ན་དགེ་རྒན་གྱི་ཉིན་ཐོ་teacher’s
diary ནང་སློབ་འཁྲིད་ཉམས་མྱོང་རྣམས་བྲིས་ན་ཕན་ཐོགས་ཤིན་ཏུ་ཆེ་བས། རང་རེའི་དགེ་རྒན་རྣམ་པས་དགེ་རྒན་གྱི་ཉིན་ཐོ་ངེས་པར་ཉར་དགོས་པའི་དྲན་སྐུལ་ནན་པོ་ཞིག་ཞུ་འདོད་བྱུང་།
༢ ཉིན་ཐོ་རྒྱས་པ་འབྲི་ཐབས།
ཉིན་ཐོ་འབྲི་སྐབས་ཉིན་རེའི་གནས་ཚུལ་རྣམས་གང་ལ། གང་གིས། ག་དུས།
གང་ནས། ཇི་ལྟར། ཅིའི་ཕྱིར་སོགས་ཀྱི་གནད་དོན་ཚང་བ་ཞིག་བྲིས་ན་ཕན་ཐོགས་ཤིན་ཏུ་ཆེ་སྟེ།
དཔེར་ན། ‘’དེ་རིང་དགེ་བཤེས་ཐུབ་བསྟན་སྦྱིན་པས་གསུང་བཤད་གནང་།” ལྟ་བུ་ཞིག་ལས་མེད་ན་ལོ་མང་སོང་རྗེས་དེས་གནས་ཚུལ་ཆ་ཚང་ཞིག་དྲན་སོས་ཐབས་མེད་པས།
“དེ་རིང་དགོང་མོ་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་རྡ་རམ་ས་ལའི་བོད་ཀྱི་མགྲོན་ཁང་གི་ནང་དུ་གཞོན་སྐྱེས་དྭངས་བླང་ཚོགས་པའི་གོ་སྒྲིག་འོག་༸གོང་ས་མཆོག་གི་སྐུའི་ཨིན་སྐད་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་རང་ཉིད་ཀྱིས་བརྩམས་པའི་<<ཞུམ་པ་མེད་པའི་སྙིང་སྟོབས།
A Fearless Heart>>ཞེས་པའི་དཔེ་དེབ་དང་འབྲེལ་བའི་གསུང་བཤད་ཅིག་གནང་སོང་བས། ཁོ་བོས་ཀྱང་དཔེ་དེབ་དེ་ཀློག་འདོད་ཆེན་པོ་བྱུང་སྟེ་ཚོགས་འདུ་གྲོལ་མ་ཐག་དཔེ་དེབ་དེ་བླུ་ཡོན་ཞུས་པ་ཡིན།
“ ལྟ་བུ་འབྲི་སྲོལ་ཆགས་ན་རྗེས་སུ་མི་ཞིག་གི་མི་ཚེའི་ལོ་རྒྱུས་འབྲི་རྒྱུ་ལས་སླ་བོར་འགྱུར་ངེས་ཡིན།
ཉིན་ཐོ་འདི་ལྟར་བྲིས་པ་ལས་རྗེས་སུ་རྩོམ་ཡིག་གལ་ཆེན་ཞིག་ཏུ་འགྱུར་བ་ཡོད་དེ།
དཔེར་ན། སྐུ་ངོ་ཏ་ར་བའི་ཉིན་ཐོ། ཐང་ཀོ་སན་གྱི་ཉིན་ཐོ་དང་། ཇིའུ་བུ་མོ་Anne Frank གྱི་གཞོན་ནུ་མ་ཞིག་གི་ཉིན་ཐོ།
Diary of a young girl ལྟ་བུའི་དཔེ་མཚོན་ཤིན་ཏུ་མང་པོ་མཆིས།
༣ བྱུང་བ་ཙམ་མ་ཟད་ཚོར་འདུ་དང་འཆར་སྒོ་འབྲི་དགོས།
ཉིན་ཐོའི་ནང་ཉིན་རེའི་བྱུང་བ་ཙམ་མ་ཟད་བྱུང་བ་དེ་དང་འབྲེལ་བའི་འཆར་སྒོ་ཡང་འབྲི་ཆོག་སྟེ།
དཔེར་ན། གོང་གི་དཔེ་མཚོན་དེར་གཞིར་བཞག་ནས། “བོད་པའི་ནང་རྩོམ་པ་པོ་གྲགས་ཅན་ཇི་སྙེད་ཅིག་ཡོད་ཅིང་།
དེ་དག་གིས་དཔེ་དེབ་མང་པོ་བྲིས་ཡོད་ཀྱང་། ཀློག་པ་པོ་ཧ་ལས་ན་སྟོང་ཕྲག་ཁ་ཤས་ལས་མེད་མོད།
ཨིན་ཇིའི་ནང་རྩོམ་དེབ་སྤྱི་བཏང་བ་ཞིག་བྲིས་ཀྱང་ཉོ་མཁན་འབུམ་ཕྲག་བརྒལ་བ་ཡོད་པས་བོད་སྐད་ཡིག་འདིའི་ཁྱབ་ཚད་ཆེས་ཆུང་ཆུང་རེད་འདུག་སྙམ་པ་ཞིག་བྱུང་ལ།
དགེ་བཤེས་ཁོང་གིས་གལ་ཏེ་བོད་ཡིག་ནང་དེབ་ཅིག་བྲིས་ན་དེ་ལ་གདེང་ག་ཚོད་ཅིག་འཇོག་སྲིད་དམ་སྙམ་པའི་དོགས་པ་ཞིག་ཀྱང་མ་ཤར་ཀ་མེད་བྱུང་།”
ལྟ་བུ་བྱུང་བ་དེ་དང་འབྲེལ་བའི་རང་ཉིད་ཀྱི་ཚོར་འདུ་དང་བསམ་བློའི་འཆར་སྒོ་ཅི་རིགས་ཤིག་འབྲི་ཆོག་པས།
ཉིན་ཐོ་ནི་འཛམ་གླིང་ནང་གི་རང་དབང་ཚད་མཐོ་ཤོས་ཀྱི་གླེང་སྟེགས་གཅིག་པུ་དེ་ཡིན།
ཉིན་ཐོ་འདི་འདྲའི་ནང་ཚོར་བ་དང་འབྲེལ་བའི་སྙན་ངག་འདྲ་མིན་འབྲི་ཆོག་ལ།
མཚམས་རེར་རང་ཉིད་ལ་ཆེས་ཡ་མཚན་པའི་རྨི་ལམ་ཅི་འདྲ་ཞིག་རྨིས་ཀྱང་འབྲི་ཆོག ནུབ་ཕྱོགས་པའི་ནང་Dream’s
diary རྨི་ལམ་གྱི་ཉིན་ཐོ་འབྲི་མཁན་ཤིན་ཏུ་མང་ཞིང་། འབྲི་སྟངས་འདིའི་བརྒྱུད་ནས་ཁྱོད་ཀྱི་རྟོག་འཆར་སྙན་ངག་གི་སྒྱུ་རྩལ་བྱང་བ་དང་།
སྒྲུང་རྩོམ་འབྲི་རྩལ་ཡང་ཆེ་རུ་འགྲོ་རྒྱུ་གདོན་མི་ཟ་བ་ཡིན་པས། དེང་སང་བརྩམས་སྒྲུང་རྩོམ་པ་པོ་རྣམས་ལ་སྒྲུང་རྩོམ་འབྲི་རྩལ་ཇི་ལྟར་བྱུང་མིན་འདྲི་སྐབས་ཁོང་ཚོའི་ལན་ནི།
“ཉིན་ཐོ་བྲིས་པ་ལ་བརྟེན་ནས་བྱུང་། “ ཞེས་གསུང་བཞིན་འདུག་པས། ཚོར་འདུ་དང་འཆར་སྒོའི་ཉིན་ཐོ་འབྲི་རྒྱུ་འདི་ཤིན་ཏུ་གལ་ཆེ།
༤ ཉིན་ཐོའི་ནང་པར་དང་རི་མོ་འབྲི་ཐབས།
ཉིན་ཐོའི་ནང་བྱུང་བ། ཚོར་འདུ། འཆར་སྒོ རྨི་ལམ་སོགས་ཅི་འདྲ་ཞིག་བྲིས་ཀྱང་།
དེ་དང་འབྲེལ་བའི་རི་མོ་འབྲི་བ་དང་པར་སྦྱར་ཡང་ལེགས་ཏེ། དེ་ནི་ཉིན་ཐོ་དེའི་རྒྱན་ཆ་ལྟ་བུ་ཞིག་ཏུ་འགྱུར་ངེས།
དཔེར་ན། དགེ་འདུན་ཆོས་འཕེལ་གྱི་དེབ། ཧེན་རིག་གི་བོད་ནང་ལོ་བདུན་གྱི་ཉིན་ཐོ་ལྟ་བུ་ཡིན།
ལྷག་དོན་དུ་བུ་མོ་ཞིག་ཡིན་ན། ཉིན་ཐོའི་ནང་ཚོན་ཕྲ་འདྲ་མིན་བཏང་ནས་སྙིང་རྗེ་མོ་བཟོས་ཏེ་ཉར་བ་དང་།
དེའི་ནང་རང་ཉིད་ཀྱི་ཆེས་དགའ་སའི་མི་སྣ་དག་གི་པར་སོགས་ཀྱང་སྦྱར་ནས་བཞག་པས་ཉིན་ཐོ་ནི་སློབ་ཚན་ཞིག་གི་འབྲི་དེབ་ཙམ་མིན་པར་རང་ཉིད་ཀྱི་གཅེས་སུ་འོས་པའི་དངོས་པོ་ཞིག་ཏུ་འགྱུར་བས་རྟག་ཏུ་ཉར་ཚགས་བྱེད་པར་ཕན་ཐོགས་ཤིན་ཏུ་ཆེ།
མཇུག་ཏུ། བཙན་པོའི་གདུང་རྒྱུད་དུ་གཏོགས་པའི་རང་རེ་བོད་རིགས་རྣམ་པ་འཛམ་གླིང་མི་མང་གི་ཁྲོད་དུ་དབུ་འཕང་བཏེགས་ཏེ་འགྲོ་དགོས་ན།
ཤེས་རིག་ཡོན་ཏན་ལ་སློབ་དགོས་ཤིང་། མ་མཐའ་ཡང་རྒྱུན་དུ་ཚགས་པར་ཀློག་རྒྱུ་དང་། ཉིན་ཐོ་འབྲི་རྒྱུའི་གོམས་གཤིས་ཙམ་ཞིག་རང་རེ་ཚང་མའི་རྒྱུད་ལ་ཡོད་དགོས་ངེས་སུ་མཐོང་ཞིང་།
ཚགས་པར་ཀློག་པ་དང་ཉིན་ཐོ་འབྲི་བ་ཙམ་གྱིས་ཤེས་ཡོན་པ་ཞིག་ཏུ་མི་འགྱུར་ཡང་། ཚགས་པར་ཀློག་པ་དང་ཉིན་ཐོ་འབྲི་སྟངས་ཙམ་ཡང་མི་ཤེས་ན།
རང་རེ་ uncivilized person དཔལ་ཡོན་མ་དར་བའི་མི་ཞིག་ཏུ་འགྱུར་བས། དེ་རིང་ནས་བཟུང་ཉིན་ཐོ་འབྲི་རྒྱུ་མགོ་འཛུགས་རོགས་ཞེས་ཚོར་བ་དྲག་པོས་གཞེན་སྐུལ་ཞུ་རྒྱུ་ཡིན།
༢༠༡༦། ཟླ་བ། ༡༡ ཚེས། ༢༦ ཉིན་ཝཱར་ཎ་མཐོ་སློབ་ཀྱི་སམ་བྷོ་ཊའི་ཁང་ཆེན་དུ།