ཚད་མ་རིག་པའི་འཕེལ་རིམ་སྐོར་གྱི་བསམ་གཞིགས་ཐོར་བུ།
དེ་རིང་ཡང་རྒྱུན་ལྡན་བཞིན་དཔེ་མཛོད་ཁང་དུ་ཡོང་ནས་རང་འཁྲིའི་གད་ཕྱགས་ཕྱི་འདར་གྱི་ལས་ཀ་ཡོངས་སུ་གྲུབ་རྗེས།
ཐལ་རྡུལ་ཆག་པའི་དྲ་མིག་གསེབ་ནས་ཚད་མ་རིག་པའི་སྐོར་གྱི་རྒྱ་གཞུང་པོད་ཁ་ཤས་ཤིག་དང་།
ཏཱ་ར་ན་ཐའི་ཆོས་འབྱུང་དང་།རྒྱ་གར་རྒྱལ་རབས།བུ་སྟོན་ཆོས་འབྱུང་སོགས་ལོ་རྒྱུས་གླེགས་བམ་ཁ་ཤས་ཤིག་བཏོན་ནས་ཆོད་མ་ཆོད་ཀྱིས་བཀླགས་ཁུལ་བྱས།
ཚད་མ་ཞེས་པའི་བོད་ཀྱི་མིང་ཚིག་འདི་ནི་ཚིག་དོན་གཉིས་ཀའི་ཐད་ཆེས་ཁྱད་དུ་འཕགས་པའི་ཐ་སྙད་ཅིག་རེད་ལ།
བོད་དུ་ཤཱཀྱའི་རིང་ལུགས་མ་དར་བའི་སྔོན་ནས་ཡོད་པའི་མིང་ཚིག་རྙིང་པ་ཞིག་ཀྱང་ཡིན་ཞིང་དེ་ཡང་ཚོད་ཅེས་པ་ལས་བྱུང་བ་ཞིག་ཡིན།
དེ་ཡང་ཚད་མ་ཞེས་པ་དེར་འཇུག་ཡུལ་མང་དུ་ཡོད་པས།གྲུབ་མཐའ་སྨྲ་བ་སོ་སོས་རང་རང་གི་ལྟ་གྲུབ་དང་ལྟ་གྲུབ་དེ་དང་འབྲེལ་བའི་རྒྱུ་མཚན་ལ་གཞིར་བཟུང་ནས་ཚད་མ་ཞེས་པའི་དོན་ཡང་མི་འདྲ་བར་སོ་སོར་འགྲེལ་བ་ཡིན།
བོད་སྐད་ཀྱི་ཚད་ཅེས་པ་ལ་དང་པོའི་དོན་ཡོད་པ་བཤད་དུ་མེད་ཀྱང་།དེའི་སྐད་དོད་ཀྱི་ལེགས་སྦྱར་ནང་།པྲParཞེས་པ་འདི་ལ་ནི་དང་པོ་དང་ཡང་དག་པ་སོགས་ལ་འཇུག་པ་ལེགས་སྦྱར་གྱི་ཚིག་མཛོད་ཁག་ཏུ་གསལ།
བོད་སྐད་ཀྱི་ཚད་ཅེས་པ་ལའང་།ཡང་དག་པའི་སྒྲ་དོན་ནི་ཡོད་ངེས་ཏེ།དེ་ཡང་ཚད་དང་ལྡན་པ་ཞེས་བརྗོད་དུས་འཇལ་བྱེད་གང་ཞིག་གིས་ཚད་བཅལ་ནས་ཚད་ལོང་བ་ཞིག་ལ་གོ་བས་ཡུལ་ཡང་དག་པར་རྟོགས་པའི་ཆ་ནས་བཞག་པའི་ཤེས་པ་ལ་ཚད་མར་འཇོག་པའི་ཐལ་འགྱུར་བའི་འདོད་ཕྱོགས་དེ་ནི་ཆེས་ཤིན་ཏུ་འཐད་པ་ཞིག་གོ
དེས་ན་གང་ཞིག་ཚད་དང་ལྡན་པའི་ཤེས་པ་དེ་ལ་ཤེས་པ་ཚད་མ་དང་།སྐྱེས་བུ་ལ་སྐྱེས་བུ་ཚད་མ།དེ་བཞིན་སྒྲ་ལ་སྒྲ་ཚད་མ་ཞེས་ཚད་མ་གསུམ་ཡང་བདེ་བླག་ཏུ་འཇོག་ནུས་པ་ཡིན་ཞིང་།
ཚིག་གི་ངོ་གདོང་ནས་ཀྱང་གོ་བ་གཏིང་ཟབ་ཅིག་སྟེར་བ་ཡིན།
དེང་སང་ནང་ཆོས་ཨིན་སྐད་དུ་བསྒྱུར་བའི་སྐབས་མིང་ཚིག་ཁ་ཤས་ཤིག་ཨིན་སྐད་དུ་ནམ་ཡང་བསྒྱུར་ཐབས་མེད་པ་དེ་འདྲ་ཡང་ཡོད་དེ།
དཔེར་ན། ཚད་མ་ཞེས་པ་དེ་ལ་ཨིན་ཡིག་ཚང་མའི་ནང་Logic དང་Valid congnition ཞེས་སོགས་བྲིས་པ་ལས་མིང་ཚིག་གཞན་པ་གང་ཡང་རག་མེད། Logic
དང་། Valid congnitionཞེས་པ་དེ་ནི་བསམ་བློའི་བྱེ་བྲག་ཅིག་ལ་གོ་བ་ལས་དེ་ལ་སྐྱེས་བུ་དང་སྒྲ་སོགས་ལ་གོ་བའི་སྐབས་མེད་ཅིང་།
དེ་དག་ལ་གོ་དགོས་ན་ད་དུང་མིང་ཚིག་སྣོན་པ་རྒྱག་དགོས་པ་ཡིན། དེ་བཞིན་བོད་སྐད་ཀྱི་ནང་དུ་ཤེས་པ་དང་དོན་གཅིག་པའི་མིང་ཚིག་ཤིན་ཏུ་མང་ཞིང་།
མིང་ཚིག་རེ་རེ་ལའང་རང་རང་གི་གོ་བ་ཐུན་མོང་མ་ཡིན་པ་རེ་སྟེར་བའི་ཁྱད་ཆོས་ལྡན་ཡང་།
ཨིན་སྐད་ཀྱི་ནང་དུ་ཤེས་པའི་སྐད་དོད་དུ།consciousnessཞེས་པ་དེ་མང་བ་བྲིས་ཡོད་ཅིང་། དེ་ནི་ཚོར་ཤེས་ལྟ་བུ་ཞིག་ལ་གོ་བ་ལས་ཤེས་པ་རང་ལ་མི་གོ་ཞིང་མི་ཞིག་དྲན་མེད་དུ་བརྒྱལ་བའི་སྐབས།
unconsciousness
ཞེས་བརྗོད་ཀྱང་དེའི་སྐབས་ཤེས་པ་ཡོད་པས་མི་འགྲིགས་ཤིང་།
ཁ་ཤས་ཀྱིས་འདི་གསུམ་པ་རྣམ་ཤེས་ཀྱི་དོད་དུ་བསྒྱུར་འདུག་ཅིང་།
དེ་ལའང་གང་ཞིག་ཚེ་འཕོས་པའི་སྐབས་ལའང་རྣམ་ཤེས་མེད་པར་མི་འགྲོ་བས་དེ་ལ་consiousness
ཞེས་བརྗོད་པ་ནི་རང་བཞིན་གྱི་འགལ་འདུ་ཞིག་ཡིན།
དེས་མཚོན་ནས་ད་བར་ཤེས་པའི་སྐད་དོད་དུ་ཨིན་ཡིག་ནང་ཐ་སྙད་གཏིང་ཚུགས་པ་ཞིག་གང་ཡང་མེད་པས་ཨིན་ཡིག་ཏུ་བསྒྱུར་བའི་སྐབས་དཀའ་ངལ་ཆེན་པོ་ཡོད་པ་འདྲ།
སྤྱིར་སྐད་ཡིག་གང་ཞིག་གི་ཕྱུག་ཚད་དང་རིན་ཐང་ཆེ་ཚད་སུས་ཀྱང་བཤད་མི་ཐུབ་ཅིང་།
སྡེ་ཚན་གང་ཞིག་ནང་སྐད་ཡིག་གང་ཞིག་གི་ཕྱུག་ཚད་གླེང་དགོས་པས།
ནང་དོན་རིག་པའི་ནང་བོད་ཡིག་ནི་ལེགས་སྦྱར་དང་འདྲ་བར་སྐད་ཡིག་ཀུན་གྱི་ནང་ནས་ཆེས་ཕུལ་དུ་བྱུང་བ་ཉིད་ཡིན་པར་ཤེས་གལ་ཆེ།
ནང་དོན་རིག་པ་དཔྱིས་ཕྱིན་པ་ཞིག་ཤེས་དགོས་ན།དེང་གི་དུས་སུ་བོད་ཡིག་མ་ཤེས་པར་ཤེས་ཐབས་བྲལ་ཞིང་།
དེ་ཡང་བོད་ཡིག་ནང་གི་བརྡ་དག་སོགས་ཡི་གེའི་འགྲོ་སྟངས་ལེགས་པར་མ་ཤེས་པར་དག་པའི་ལྷ་ཡི་བྱིན་རླབས་འདྲ་ཡོད་ན་མ་གཏོགས་ནང་དོན་རིག་པའི་ཚིག་དོན་གཉིས་ཀ་ཁོང་དུ་ཆུད་ཐབས་གཏན་ནས་མེད་པ་ནི་མངོན་སུམ་མོ་ཞེས་པ་ནི་འཕྲོས་དོན་ཙམ་མོ།
ཚད་མ་རིག་པ་ཞེས་ཕྱོགས་ཀུན་ཏུ་གལ་ཆེན་དུ་རྩིས་པའི་རིག་པའི་གཞུང་ལུགས་འདི་ནི་སངས་རྒྱས་འཇིག་རྟེན་དུ་མ་བྱོན་གོང་གི་ཆེས་སྔ་མོ་ནས་རྒྱ་གར་འཕགས་པའི་ཡུལ་དུ་དར་ཟིན་པའི་རིག་པའི་གཞུང་ལུགས་རྙིང་པ་ཞིག་ཡིན་ངེས་ཀྱང་།
སངས་རྒྱས་མ་བྱོན་གོང་གི་རྒྱ་གར་གྱི་ཚད་མ་རིག་པའི་ལོ་རྒྱུས་གསལ་པོ་ཞིག་ད་ཕན་མ་མཇལ་བས་དེའི་སྔོན་འདི་འདྲ་ཞིག་ལ་རྒྱ་གར་གྱི་ཚད་མ་རིག་པ་དར་བ་ཡིན་མིན་ཁ་ཚོན་ཆོད་པ་ཞིག་བརྗོད་ཐབས་བྲལ་ཞིང་།
ང་ཚོ་བོད་དུ་ཕྱི་རོལ་པའི་གཞུང་འགྱུར་དེ་ཙམ་མེད་པ་དང་།གུས་པ་ཤེས་ཚད་དམན་པའི་ཁར་མཐུན་རྐྱེན་དེ་ཙམ་མེད་པས་ད་ལྟའི་རྒྱ་གར་ནང་བཞུགས་པའི་ཕྱི་རོལ་པའི་མཁས་དབང་དག་ལ་བཀའ་འདྲི་ཞུ་སྐལ་ཡང་བྲལ་བས་ད་ཡོད་བོད་ཀྱི་ལོ་རྒྱུས་ཁག་ལ་ཞིབ་འཇུག་གིས་གླེང་བ་ལས་ཐབས་གཞན་མེད།
རྗེས་སུ་གོ་སྐབས་ཤིག་བྱུང་ན་རྒྱ་གར་རང་གི་མཁས་དབང་ཁག་ལ་བཀའ་འདྲི་ཞུས་ནས་དེའི་སྐོར་གྱི་ཡིག་ཆ་གལ་ཆེ་ཞིག་
རྙེད་ཐབས་ལ་ཅིས་ཀྱང་འབད་དགོས་པར་མཐོང་།གང་ལྟར་ཡང་སྔ་མོ་ནས་དར་ཟིན་པའི་ཚད་མ་རིག་པ་འདི་ལ་གཏན་ཚིགས་རིག་པ་དང་།
རྒྱུ་མཚན་རིག་པ་སོགས་ཀྱི་ཐ་སྙད་ཀྱང་འདྲ་མིན་བྱུང་འདུག ཚད་མ་རིག་པའི་སྲོལ་འབྱེད་མཁན་ནི་རིགས་པ་ཅན་པའི་སྟོན་པ་གོ་ཏ་མ་ཞེས་པ་དེ་ཡིན་པ་དང་།
དེས་རིགས་པའི་མདོ་བརྩམས་ཏེ་ཚད་མའི་གཞུང་ལུགས་དར་རྒྱས་སུ་མཛད་ཚུལ་བོད་རིག་པའི་ཞིབ་འཇུག་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་<<རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མའི་ལོ་རྒྱུས།
>>[1]སུ་གསལ་ཞིང་།རིགས་པ་ཅན་པའི་སྟོན་པ་དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་དུས་རབས་དང་པོའི་ནང་རྒྱལ་པོ་ཀ་ནི་ཀ་དང་དུས་མཉམ་དུ་བྱུང་བ་ནི་བཤེས་པའི་སྤྲིང་ཡིག་ལས་ཤེས་ཐུབ། རྗེས་སུ་བྱུང་བའང་གསུངས་འདུག་ཀྱང་།ཀླུ་སྒྲུབ་ཀྱི་གོང་རོལ་ཏུ་ནང་པའི་ཚད་མ་རིག་པ་མ་དར་བའི་དབང་དུ་ཆུད་ཀྱང་།
གཞན་སྡེའི་ཚད་མ་རིག་པའི་སྲོལ་ཕྱེ་མ་ཟིན་པའི་རྒྱུ་མཚན་གང་ཡང་མེད་ཅིང་།ལྷག་པར་དུ་ཀླུ་སྒྲུབ་ཀྱི་<<ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཡི་>>[2]དབུ་རང་དུ། གཞན་དག་འདིར་རྒོལ་བ་ཐམས་ཅད་ཀྱིས་ཚད་མ་དང་།
གཞལ་བྱ་དང་།
ཞེས་པ་ནས་ཞེན་པ་མེད་པའི་ཕྱིར་ཚད་མ་ལ་སོགས་པའི་དོན་ཁས་ལེན་པར་མི་བྱེད་དོ་ཞེས་ཟེར་རོ།།
ཞེས་པའི་བར་གྱིས་ཀླུ་སྒྲུབ་གོང་རོལ་གྱི་ཚད་མ་རིག་པ་སྨྲ་བ་དག་གི་འདོད་པ་བཀོད་ནས་འོག་ཏུ་བཀག་པར་མཛད་པས་ཀྱང་ཀླུ་སྒྲུབ་གོང་རོལ་ནས་གཞན་སྡེའི་ཚད་མ་རིག་པ་ཅུང་དར་རྒྱས་སུ་ཡོད་པ་ཤེས་ཐུབ་ལ།
སློབ་དཔོན་ཀླུ་སྒྲུབ་ཀྱིས་ཞིབ་མོ་རྣམ་པར་འཐག་པ་མཛད་པའི་རྒྱུ་མཚན་ཡང་དེ་དག་དགག་པ་དང་དེ་དག་གི་ང་རྒྱལ་ཟློག་པའི་ཕྱིར་ཡིན་ཏེ།
ཞིབ་མོ་རྣམ་པར་འཐག་པའི་རབ་ཏུ་བྱེད་པ་གོང་གི་ཤོག་གྲངས་དེ་རང་དུ།
རྟོག་གེ་ཤེས་པའི་ང་རྒྱལ་གྱིས།།
གང་ཞིག་རྩོད་པར་མངོན་འདོད་པ།།
དེ་ཡི་ང་རྒྱལ་སྤང་བའི་ཕྱིར།།
ཞིབ་མོ་རྣམ་འཐག་བཤད་པར་བྱ།།
ཞེས་དང་། དེའི་མཇུག་བྱང་དུ།
ཚད་མ་ལ་སོགས་པའི་ཚིག་གིས་དོན་བཅུ་དྲུག་སེལ་བར་བྱེད་པ་ཞིབ་མོ་རྣམ་པར་འཐག་པའི་རབ་ཏུ་བྱེད་པ།
སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། ། །ཞེས་འབྱུང་བས་ཀྱང་ཀླུ་སྒྲུབ་ཀྱི་གོང་རོལ་ནས་ཚད་མ་རིག་པ་དར་རྒྱས་སུ་ཡོད་པ་ནི་གདོན་མི་ཟའོ།
།
འོན་ཀྱང་ཁང་དཀར་བས་ཚད་མ་རང་བཙན་པའི་སྲོལ་ཐོག་མ་ནི།
ཞེས་ཚད་མའི་ལྟ་གྲུབ་འཕེལ་རིམ།[3]དུ་གསུངས་པ་ལྟར་རང་བཙན་པ་ཞེས་པ་དེ་ལ་གོ་བ་ལྷག་པོ་ཞིག་ཡོད་པ་བཤད་ན་མ་གཏོགས་ཕྱོགས་གླང་གོང་རོལ་ནས་མ་ཟད་ཀླུ་སྒྲུབ་སོགས་ཀྱི་ནང་པའི་མཁས་གྲུབ་ཀུན་གྱི་སྔོན་ནས་རྒྱ་གར་དུ་ཚད་མ་རིག་པ་དར་ཟིན་པ་ནི་དངོས་ཡོད་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ།
དེས་ན་ནང་པའི་ཚད་མ་རིག་པ་མ་དར་བའི་སྔོན་ནས་རྒྱ་གར་དུ་གཞན་སྡེའི་ཚད་མ་རིག་པ་དར་ཟིན་པ་ཞིག་ཡིན་ལ།
འོན་ཀྱང་།དེ་ཡང་ཆེས་སྔ་མོ་ཞིག་ནས་དྲང་སྲོང་ལྷ་ཡི་བླ་མ་ཞེས་བྱ་བས་སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་པའི་བསྟན་བཅོས་བརྩམས་ཤིང་།
དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བས་ལས་འབྲས་མེད་པའི་བསྟན་བཅོས་བརྩམས་ཞེས་<<དུང་དཀར་ཚིག་མཛོད།>>[4]དུ་གསལ་ཞིང་།དེ་ནི་ཕྱི་རོལ་རྒྱང་འཕེན་པ་ཞེས་གྲགས་པ་དེའི་སྟོན་པས་བརྩམས་པའི་བསྟན་བཅོས་ཁག་ཡིན་ཤས་ཆེ་ལ།
དེ་ནི་རྒྱང་འཕེན་ལ་བསམ་བཏན་པ་དང་།རྟོག་གེ་བ་གཉིས་ཀྱི་འདོད་ཕྱོགས་ཡིན་པར་སྙམ་ཡང་།
དེ་གཉིས་ཀྱི་ལྟ་གྲུབ་འཇོག་ཚུལ་<<གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།>>
[5] དུ་གསུངས་པ་དང་ཟློག་ཕྱོགས་སུ་སྣང་བས་དྲང་སྲོང་ལྷ་ཡི་བླ་མའི་རྗེས་འབྲང་དང་འཇིག་རྟེན་མིག་གི་རྗེས་འབྲང་ལ་ཅི་ཞིག་ཟེར་མིན་སོགས་ལ་ད་དུང་དཔྱད་དགོས་པར་སྣང་ངོ།
རྒྱང་འཕེན་གྱི་མིང་ཚིག་གཞན་དུ་རྒྱང་ཕན་ཞེས་གཞུང་ལུགས་ཁུངས་བཙན་དུ་མའི་ནང་འབྱུང་ཞིང་།
ད་དུང་དགེ་བཤེས་ཆོས་གྲགས་ཀྱིས་མཛད་པའི་<<བརྡ་དག་མིང་ཚིག་གསལ་བ་>> [6] ལས་རྒྱང་ཕེང་པ་ཞེས་ཀྱང་འབྱུང་བས་དེ་རྣམས་དག་པ་ཡིན་མིན་དང་།ཡིན་ན་ཅིའི་ཕྱིར་དེ་ལྟར་བཏགས་པ་ཡིན་མིན་སོགས་ལ་བརྟག་དགོས་པར་མཐོང་།
རྒྱང་འཕེན་གྱི་སྐད་དོད་དུ་Carvakaཞེས་འབྱུང་ཞིང་།དེ་ལ་རྒྱང་འཕེན་དང་རྒྱང་ཕན་གཉིས་ཀའི་སྒྲ་བཤད་དུ་མེད་པས་རྒྱང་འཕེན་ཞེས་པ་ནི་དོན་འགྱུར་ཡིན་འདུག་པས་དེ་ལ་ཕན་དང་ཕེང་ཞེས་འབྲི་ན་གོ་བ་གང་ཞིག་སྟེར་མིན་ལ་ཞིབ་འཇུག་གནང་དགོས་པར་མཐོང་ངོ།
དེ་ལྟར་གོང་དུ་སྨྲོས་པ་བཞིན་གཞན་སྡེའི་རྟོག་གེ་སྡེ་ལྔ་ཞེས་གྲགས་པ་རྣམས་རིམ་བཞིན་བྱུང་ནས་རང་རང་གི་གྲུབ་པའི་མཐའ་དང་མཐུན་པའི་ཚད་མ་རིག་པ་རེ་ཡང་ངེས་པར་དུ་ཡོད་ངེས་ལ།
རང་རང་གི་འདོད་པས་བཏགས་པའི་ཐར་པ་རེ་བཟོས་ཤིང་།ཐར་པ་དེ་ལྟ་བུའི་འཐོབ་བྱེད་དུ་ལམ་སྒོམ་ཚུལ་དང་།
ལམ་གྱི་བར་དུ་གཅོད་པའི་སྒྲིབ་པ་དང་། ཉོན་མོངས་པའི་རྣམ་གཞག་རེ་བཟོས་ཤིང་།
ཉོན་མོངས་དེ་དག་གི་གཉེན་པོར་གྱུར་པའི་སེམས་རེ་ཡང་བཟོས་ནས། དེའི་སྒྲུབ་བྱེད་དུ།
རྟོག་གེ་ཚིགས་བཅུ་དྲུག་དང་།ཤེས་བྱ་ཉི་ཤུ་རྩ་ལྔ་སོགས་བསྒྲིགས་ནས་རང་རང་གི་གྲུབ་མཐའ་འཆད་པར་བྱེད།
དངོས་བདེན་ཡིན་མིན་ནི་རང་རང་གི་བསམ་ཕྱོགས་ལ་རག་ལས་པས་མཐའ་གཅིག་ཏུ་མི་འཐད་པ་དང་མི་རིགས་པའི་རྒྱུ་མཚན་ཁ་ཚོན་བཅད་ནས་སྨྲ་བར་མི་ནུས་ཏེ།
དེ་དག་ལའང་ཤེས་བྱེད་ཀྱི་ཁུངས་སུ་རང་རང་གི་སྟོན་པའི་ལུང་ཡོད་ཅིང་།ཆེ་ཆུང་དང་ཕྲ་སྦོམ་ལ་མ་ལྟོས་པའི་རྒྱུ་མཚན་ཡང་བཤད་དུ་ཡོད་པས་སོ། འོན་ཀྱང་།རང་རང་གི་ལུགས་ལ་རང་རང་དབུ་མ་པ་ཉིད་ཡིན་དགོས་པས་རང་སྡེའི་འདོད་ཕྱོགས་ལ།
དེ་དག་གི་འདོད་པ་མི་འཐད་པ་ཡིན་ཡང་།དེ་དག་གིས་ཀྱང་སེམས་ཅན་གྲངས་ཀྱིས་མི་ལོང་བ་ཞིག་ལ་ཕན་བདེའི་གཞི་རྩ་ངེས་པར་དུ་བཙུགས་ཡོད་ངེས་པས་མཐའ་གཅིག་ཏུ་སྨད་པར་མི་འོས་སོ་ཞེས་ཀྱང་སྙམ་མོ།
སློབ་དཔོན་ཀླུ་སྒྲུབ་ཀྱི་གོང་རོལ་དུ་ནང་པའི་ཚད་མ་རིག་པ་དེ་ཙམ་དར་ཡོད་མེད་བརྗོད་དུ་མེད་ཀྱང་།
སློབ་དཔོན་ཀླུ་སྒྲུབ་ཀྱིས་<<ཞིབ་མོ་རྣམ་འཐག>སོགས་ལས་ཚད་མའི་རྣམ་གཞག་ཅུང་འབྱུང་བས་དེའི་སྐབས་ནས་ཀྱང་ནང་པའི་ཚད་མ་རིག་པ་ནི་ངེས་པར་དུ་དར་ཡོད་ངེས།
སྤྱིར་སྟོང་ཉིད་སོགས་ལྐོག་གྱུར་གྱི་རྣམ་གཞག་ཅིག་བཤད་དགོས་ན།དེའི་སྒྲུབ་བྱེད་ཀྱི་གཏན་ཚིགས་དང་ཐལ་འགྱུར་སོགས་ཀྱི་སྒོ་ནས་སྒྲུབ་དགོས་པས་རྟགས་དང་གཏན་ཚིགས་བཤད་དགོས་པ་ནི་སྨོས་མེད་ཡིན་པས་དེ་ཙམ་གྱིས་གཏན་ཚིགས་རིག་པའམ་ཚད་མ་རིག་པའི་རྣམ་གཞག་བཤད་པར་མི་འཇོག་པར།
གཞུང་ལུགས་དེའི་ནང་ཚད་མ་དང་རྟགས་ཀྱི་ངོ་བོ་དང་དབྱེ་བ་སོགས་ཀྱི་རྣམ་གཞག་བསྟན་པ་ཞིག་ལ་གོ་དགོས་པ་ལས།
ཐར་པ་དང་ཐམས་ཅད་མཁྱེན་པ་བསྟན་པའི་གཞུང་ཡོད་དོ་ཅོག་ཚད་མ་རིག་པ་བསྟན་པའི་གཞུང་ཞིག་ཏུ་ངོས་འཛིན་ཐབས་མེད།
ཀླུ་སྒྲུབ་ཀྱིས་<<ཞིབ་མོ་རྣམ་འཐག>ཏུ་ཕ་རོལ་པས་འདོད་པའི་ཚད་མ་དང་།གཞལ་བྱ། ཐེ་ཚོམ། དགོས་པ།
དཔེ། གྲུབ་པའི་མཐའ། ཡན་ལག རྟོག་གེ གཏན་ལ་དབབ་པ། རྩོད་པ། བརྗོད་པ།
སུན་ཅི་ཕྱིན་དུ་བརྒལ་བ། གཏན་ཚིགས་ལྟར་སྣང་། ཚིག་དོར་བ། ལྟག་ཆོད།
ཚར་གཅོད་པའི་གནས་བཅས་ལ་འཐད་དང་མི་འཐད་ཀྱི་རྣམ་གཞག་ཞིབ་པར་གསུངས་པས་འདིས་ཚད་པའི་རྣམ་གཞག་བསྟན་པར་འཇོག་ཀྱང་སྐྱོན་མི་འདུག་སྙམ།
བོད་རིག་པའི་ཞིབ་འཇུག་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས།<<རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་>> དུ་<<ཐབས་ཀྱི་སྙིང་པོ།>ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་མཇུག་བྱང་དུ་འཁོད་པ་ཞིག་གི་ནང་ཚད་མའི་རྣམ་གཞག་གསུང་ཡོད་པ་བཤད་འདུག་ཀྱང་།
ཐབས་ཀྱི་སྙིང་པོ་ཞེས་པ་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་མིན་དང་དེ་དཔར་གང་དུ་ཡོད་མེད་ཀྱང་མི་ཤེས།
དེ་བཞིན་<<རྣལ་འབྱོར་སྤྱོད་པའི་ས།>ལས་བསྒྲུབ་པ་རྣམ་པ་བརྒྱད་ཀྱི་སྒོ་ནས་ཚད་མའི་རྣམ་གཞག་བསྟན་པ་སྔོན་གྱི་མཁས་པ་ཁ་ཤས་ཀྱིས་གསུང་འདུག
སློབ་དཔོན་ཕྱོགས་ཀྱི་གླང་པོ་༼༤༤༥-༥༧༥།༽ནི་ཚད་མའི་སློབ་དཔོན་གཙོ་བོ་དེ་ཡིན་པ་མཁས་པ་ཀུན་ཞལ་མཐུན་ཞིང་།
ཁོང་གིས་ཐོག་མར་<<དམིགས་པ་བརྟག་པ།>དང་<<སེལ་བ་བརྟག་པ།>སོགས་བསྟན་བཅོས་བརྒྱ་རྩ་བརྒྱད་བརྩམས་པ་དང་།
དམིགས་པ་བརྟག་པ་ལ་སློབ་དཔོན་དུལ་བ་ལྷས་འགྲེལ་བ་[7]ཞིག་ཀྱང་བརྩམས་ཡོད་འདུག ཕྱིས་སུ་བསྟན་བཅོས་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བཏུས་པའི་ཚད་མ་ཀུན་བཏུས་ཞེས་པ་དེ་བརྩམས་ཡོད་ལ།
དེ་ལ་ཕྱི་རབས་ཀྱི་མཁས་པ་ཀུན་གྱིས་ཚད་མ་མདོ་ཞེས་ཚད་མའི་གཞུང་ལུགས་ཀུན་གྱི་ཁུངས་གཏུག་ས་གཙོ་བོར་ངོས་འཛིན་བྱེད།
དེ་ཡང་མདོ་ཞེས་པ་དེ་ལ་སྐབས་སྟོབས་ཀྱི་གོ་བ་ལེན་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་སྐབས་འདིར་ཁུངས་དང་གཙོ་བོ་ལ་གོ་དགོས་པར་སེམས།
དེས་ན་ཚད་མ་ཀུན་བཏུས་ནི་ཚད་མའི་གཞུང་ལུགས་ཀུན་གྱི་ཕྱི་མོར་གྱུར་པ་ཡིན་པ་དེ་ལྟར་ན་ཡང་།
དུས་རབས་བརྒྱད་པའི་ནང་བོད་ཀྱི་ལོ་ཙཱ་བ་ཆེན་པོར་གྲགས་པ་སྐ་ཅོག་ཞང་གསུམ་གྱིས་རྒྱ་གར་གྱི་བསྟན་བཅོས་དུ་མ་བོད་སྐད་དུ་བསྒྱུར་ཡོད་ཀྱང་།
སྐ་བ་དཔལ་བརྩེགས་དང་ཞང་ཡེ་ཤེས་སྡེ་གཉིས་ལས་ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིས་ནི་ཚད་མའི་བསྟན་བཅོས་གཅིག་ཀྱང་བསྒྱུར་མེད་པ་དང་།
སྐ་ཞང་གཉིས་ཀྱིས་ཀྱང་ཚད་མའི་བསྟན་བཅོས་འགའ་བསྒྱུར་ཡོད་ཀྱང་།སློབ་དཔོན་ཕྱོགས་གླང་གིས་མཛད་པའི་<<ཚད་མ་ཀུན་བཏུས། >>སོགས་ཕྱོགས་གླང་གི་གསུང་གཅིག་ཀྱང་བོད་སྐད་དུ་མ་བསྒྱུར་བ་དེ་ཡང་ཅུང་ཡ་མཚན་དགོས་པའི་གནས་ཚུལ་ཞིག་ཅི་ལ་མིན།
སློབ་དཔོན་ཕྱོགས་ཀྱི་གླང་པོ་ཚད་མའི་སློབ་དཔོན་གཙོ་བོ་ཡིན་པ་དང་།ཀུན་བཏུས་དེ་ཚད་མའི་མདོ་ཡིན་ན་ཚད་མའི་འགྱུར་ཀུན་གྱི་ནང་ནས་དེ་ཉིད་ཐོག་མར་གལ་ཆེན་དུ་རྩིས་ནས་མ་བསྒྱུར་བ་ཅི་ཡིན་སྙམ་པའི་དྭོགས་པ་ཞིག་མ་ཤར་ཀ་མེད་རེད།
ལོ་ཚད་ཀྱི་དབང་དུ་བྱས་ཀྱང་།ལོ་ཙཱ་བ་སྐ་ཅོག་ཞང་གསུམ་བྱོན་དུས་ནི་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་རལ་གྱི་དུས་སུ་ཡིན་ཞིང་།
དེ་སྐབས་ཕྱོགས་གླང་བྱོན་ནས་ལོ་བཞི་བརྒྱ་ལྷག་ཕྱིན་ཟིན་པ་རེད། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་བསྟན་བཅོས་ཁག་ནི་ཕྱིས་ཀྱི་ལོ་ཙཱ་བ་ཞམ་ལོ་ཙཱ་བ་དང་།
དགེ་སློང་ཚུལ་ཁྲིམས་རྒྱལ་མཚན།དགེ་བའི་བཤེས་གཉའ་སྟོན།དགེ་སློང་དྷརྨ་ཨ་ལོ་ཀ་སོགས་ཀྱིས་བསྒྱུར་བ་ལས་སྐ་ཅོག་ཞང་གསུམ་གྱིས་བསྒྱུར་མེད་པ།
བསྟན་འགྱུར་ཅེ་པ་ལ་གཟིགས་ཙམ་གྱིས་ཤེས་ཐུབ། [8]
དེང་གི་མཁས་པ་ཕལ་ཆེ་བས་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་ཕྱོགས་གླང་གི་ཚད་མ་མདོ་སོགས་བསྒྱུར་བ་ཡིན་པར་མགྲིན་གཅིག་ཏུ་གླེང་ཞིང་བཅུ་ཕྲག་རིག་པའི་མཁྱེན་པའི་བདག་པོ་མཁས་དབང་ཆེན་པོ་ཞིག་གིས།
བོད་གངས་ཅན་ལྗོངས་སུ་དུས་རབས་དགུ་པའི་ནང་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་དང་།
ཅོག་རོ་ཀླུ་ཡི་རྒྱལ་མཚན་ཞང་ཡེ་ཤེས་སྡེ་གསུམ་གདན་འཛོམས་ཏེ་སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་ལས་བཏུས་པ་དང་།
ཆོས་ཀྱི་གྲགས་པའི་ཚད་མ་སྡེ་བདུན་བོད་སྐད་དུ་བསྒྱུར་ཅིང་།བོད་ལྗོངས་སུ་ཚད་མའི་འཆད་ཉན་གྱི་སྲོལ་ཐོག་མར་གཏོད།
ཅེས་གསུངས་པ་ནི་མཁས་པ་ཆེན་པོ་མཉམ་པར་མ་བཞག་པའི་གཏམ་ཞིག་ཡིན་ངེས་སོ།
སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་བཏུས་དང་དེའི་རང་འགྲེལ་བཅས་ནི་བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་སེང་རྒྱལ་བའམ་ཞམ་ལོ་ཙཱ་བ་ཡིས་བསྒྱུར་བ་ཚད་མ་ཀུན་བཏུས་དང་དེའི་འགྲེལ་བའི་མཇུག་བྱང་དུ་གསལ། སློབ་དཔོན་ཕྱོགས་གླང་གི་དམིགས་བརྟག་དང་དེའི་འགྲེལ་བ།དུས་གསུམ་བརྟག་པ་བཅས་ནི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར།
ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ་བོད་ཀྱི་དགེ་བའི་བཤེས་གཉེན་གཉའ་སྟོན་གྱིས་བསྒྱུར་བ།
གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ་ཞེས་བྱ་བ་དགེ་སློང་དྷ་རྨ་ཨ་ལོ་ཀས་བསྒྱུར་འདུག
འདི་ནི་ཤོག་ལྷེ་གཅིག་ལས་མེད་ཅིང་དེའི་ནང་ཕྱོགས་ཆོས་ཅན་དགུའི་སྐོར་རྟགས་དང་བཅས་པ་གསལ་པོར་ཡོད།
ཕྱོགས་གླང་གིས་བསྟན་བཅོས་བརྒྱ་རྩ་བརྒྱད་བརྩམས་ཡོད་པར་བཤད་པ་ལས་ཚད་མའི་བསྟན་བཅོས་བརྒྱ་རྩ་བརྒྱད་བརྩམས་ཡོད་མེད་གསལ་ཁ་མེད་པས་ཚད་མའི་བསྟན་བཅོས་ཇི་ཙམ་ཞིག་བརྩམས་པ་ནི་བརྗོད་དུ་མེད།
འོན་ཀྱང་ཕྱོགས་གླང་གི་ཚད་མའི་བསྟན་བཅོས་ཁག་རྣམས་ནི་ཚིག་ཉུང་ཞིང་དོན་ཡོངས་སུ་བསྒྲིལ་བ་ཤ་སྟག་ཏུ་སྣང་ཞིང་།
གཞུང་ཁ་ཤས་ལ་ཤོག་ལྷེ་གཅིག་ལས་མེད་པ་དེ་འདྲ་ཡང་ཡོད་པས་དེ་དག་ལའང་བསྟན་བཅོས་རེ་རྩི་ན་བསྟན་བཅོས་བརྒྱ་རྩ་བརྒྱད་བརྩམས་ཡོད་པའི་ལོ་རྒྱུས་དེ་ཡང་བདེན་ཤས་ཆེ་ཡང་།
འདི་ཙམ་ཞིག་ལས་བོད་འགྱུར་དུ་མེད་པས་ད་ལྟ་མཇལ་དུ་མེད་དོ།
སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་སྲོལ་ལེགས་པར་ཕྱེ་ཟིན་པའི་རྗེས་སུ་དེའི་སློབ་མ་དབང་ཕྱུག་སྡེ་ལ་སོགས་པ་མང་དུ་བྱུང་ཡོད་ངེས་ཀྱང་དབང་ཕྱུག་སྡེའི་གཞུང་དག་ནི་ད་ལྟ་མཇལ་དུ་ཡོད་མེད་ཀྱང་མི་ཤེས་སོ།
དབང་ཕྱུག་སྡེའི་སློབ་མ་དཔལ་ལྡན་ཆོས་གྲགས་༼༦༧༥ནས༧༠༠བར་ཙམ་ཞིག་ལ་བྱུང་།༽ནི་ལོ་རྒྱུས་མང་པོའི་ནང་ཡོངས་སུ་གྲགས་པས་འདིར་ཞིབ་བཤད་མི་དགོས་པར་ཁོང་གིས་བརྩམས་པའི་བསྟན་བཅོས་ཁག་ནི།
དེ་ཡང་ཡོངས་གྲགས་སུ་ལུས་ལྟ་བུའི་བསྟན་བཅོས་གསུམ་ལས།ཚད་མ་རྣམ་འགྲེལ་ནི་ཚིགས་བཅད་ཀྱི་ལམ་ནས་བྲིས་པ་ཞིག་ཡིན་པ་དང་དེ་ལ་ལེའུ་བཞི་ཡོད།
བོད་ཀྱི་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་དུས་ཕྱིས་ལོ་ཙཱ་ཁ་ཤས་ཀྱིས་ཞུ་དག་ཀྱང་མཛད་ཡོད་འདུག ཚད་མ་རྣམ་ངེས་ནི་ཚིགས་བཅད་ལྷུག་སྤེལ་མའི་ལམ་ནས་བྲིས་པ་ཞིག་ཡིན་པ་དང་འདི་ལ་ལེའུ་གསུམ་ཡོད།
ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་༼༡༠༥༩ནས་༡༡༠༩༽ཀྱིས་བསྒྱུར།གསུམ་པ་རིགས་ཐིགས་ནི་ཚིག་ལྷུག་གི་ལམ་ནས་བྲིས་པ་ཞིག་ཡིན་པ་དང་།
འདི་ལེའུ་གསུམ་ཡོད་ཅིང་ཤོག་བུ་ཁ་ཤས་ལས་མེད་པའི་གཞུང་ཚན་ཉུང་ངུ་ཞིག་ཡིན།ལོ་ཆེན་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བ་ཞིག་ཡིན།
འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ལས་གཏན་ཚིགས་ཀྱི་ཐིགས་པ་ནི་ཚད་མ་རྣམ་འགྲེལ་གྱི་རང་དོན་ལེའུའི་ནང་རྟོགས་པར་དཀའ་བའི་གཏན་ཚིགས་ཀྱི་རྣམ་གཞག་གསལ་བར་
བྱ་བའི་ཕྱིར་མཛད་པ་ཞིག་ཡིན་ཏེ། <<གཏན་ཚིགས་ཀྱི་ཐིགས་པ།>> [9]ལས། དོན་ལྐོག་ཏུ་གྱུར་པའི་སྒྲུབ་པའི་རྟེན་ནི།
རྗེས་སུ་དཔག་པ་ཉིད་ཡིན་པས། དེ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར།
མདོར་བསྡུས་ནས་འདི་བརྩམ་མོ། ཞེས་འབྱུང་ངོ། འདི་བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀཱི་ཏ་ཡིན་ཞེས་བསྟན་འགྱུར་དུ་འཁོད་འདུག་ཅིང་།
ལོ་ཙཱ་འདི་དང་སྐ་བ་དཔལ་བརྩེགས་དང་མི་གཅིག་ཡིན་མིན་བརྟག་དགོས་པར་མཐོང་།འབྲེལ་བ་བརྟག་པ་ཞེས་བྱ་བ་ལ་རབ་ཏུ་བྱེད་པ་ཞིག་དང་དེའི་འགྲེལ་བ་བཅས་གཉིས་ལས་རབ་ཏུ་
བྱེད་པ་ནི་རང་དོན་ལེའུའི་ནང་བཤད་པའི་རྟགས་ཆོས་ཀྱི་འབྲེལ་བའི་རྣམ་གཞག་གསལ་བར་འཆད་པའི་གཞུང་ཞིག་ཡིན་པ་དང་།
འདི་ཚིགས་བཅད་ཀྱི་ལམ་ནས་བྲིས་ཤིང་འདིའི་གཞུང་ཚད་ཤོག་ལྷེ་གཅིག་ལས་མེད།
འདི་བོད་ཀྱི་ལོ་ཙཱ་བ་བན་དེ་ནམ་མཁས་བསྒྱུར་ཅིང་ཕྱིས་ལོ་ཙཱ་བ་ཏིང་འཛིན་བཟང་པོས་ཞུ་དག་གིས་འགྱུར་བཅོས་ཀྱང་མཛད་འདུག དེའི་འགྲེལ་བ་འབྲེལ་བ་བརྟག་པའི་འགྲེལ་བ་ཞེས་བྱ་བ་ནི་སུས་བསྒྱུར་བ་ཡིན་བསྟན་འགྱུར་དུ་མི་གསལ་ཡང་།
རབ་བྱེད་དེ་ལོ་ཙཱ་བན་དེ་ནམ་མཁས་བསྒྱུར་བ་ཡིན་པས་དེ་ཡང་དེས་བསྒྱུར་བ་མིན་ནམ་སྙམ་ཞིང་དཔར་མ་གཞན་གྱི་ནང་དེའི་འཁོད་ཡོད་མེད་ཀྱང་བལྟ་དགོས།
ཚད་མ་རྣམ་འགྲེལ་གྱི་མངོན་སུམ་ལེའུ་ནས་སེམས་ཀྱི་བདག་ཉིད་ཙམ་དུ་གསུངས་པའི་རྣམ་གཞག་ལས་འཕྲོས་ཏེ་རྒྱུད་གཞན་གྲུབ་པ་འདི་གསུང་པ་ཡིན་ཏེ།
དེ་ཡང་། <<རྒྱུད་གཞན་གྲུབ་པ།>> [10]ལས། གལ་ཏེ་བདག་ཉིད་ལ་བྱ་བ་དང་།
བརྗོད་པ་སེམས་ཀྱི་གཡོ་བ་སྔོན་དུ་འགྲོ་བ་ཅན་དག་མཐོང་ནས།
གཞན་ལ་དེ་དག་མཐོང་བས་གཡོ་བ་རྗེས་སུ་དཔོག་པར་བྱེད་ན། ཚུལ་འདི་ནི་སེམས་ཙམ་ལའང་མཚུངས་པས་སེམས་ཙམ་དུ་སྨྲ་བས་ཀྱང་གཞན་གྱི་སེམས་རྗེས་སུ་དཔག་པར་བྱ་ནུས་ཏེ།
ཞེས་སོགས་འབྱུང་བས་སོ།
འདི་ལ་གཞུང་ཚད་ཤོག་ལྷེ་ཁ་ཤས་ལས་མེད་ཅིང་།འདི་དགེ་སློང་དཔལ་བརྩེགས་ཀྱིས་བསྒྱུར་བ་ཡིན་ནོ།
བཞི་པ་རྩོད་པའི་རིགས་པ་ནི་ཚད་མ་རྣམ་འགྲེལ་གྱི་གཞན་དོན་ལེའུའི་ནང་སྒྲུབ་ངག་དང་སུན་འབྱིན་ལས་འཕྲོས་ཏེ་བརྩམས་པ་ཞིག་ཡིན་པ་དང་།
འདི་ནི་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ཞིག་ཡིན་འདུག
འདི་བདུན་ལ་ཚད་མ་སྡེ་བདུན་ཞེས་ཟེར་ལ་ཚད་མ་རིག་པའི་སློབ་གཞི་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད།
རྒྱ་གར་ནང་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་གྱི་དབང་དུ་བྱེད་ན།སློབ་དཔོན་ཀླུ་སྒྲུབ་གོང་རོལ་ནས་སློབ་དཔོན་དབྱིག་གཉེན་ལ་ཐུག་གི་བར་གྱི་ཚད་མ་རིག་པ་དེ་ལ།
ཚད་མ་རིག་པ་སྔ་དར་དང་།སློབ་དཔོན་ཕྱོགས་ཀྱི་གླང་པོ་ནས་ཆོས་གྲགས་བར་གྱི་ཚད་མ་རིག་པ་ལ་བར་དར་ཚད་མ་རིག་པ།
སློབ་དཔོན་ཆོས་གྲགས་ཀྱིས་ཚད་མ་སྡེ་བདུན་མཛད་པ་ནས་བཟུང་དར་བའི་ཚད་མ་ལ་ཕྱི་དར་ཚད་མ་རིག་པ་ཞེས་སྔོན་གྱི་མཁས་པས་བཤད་པ་ནི་ཚད་མ་རིག་པའི་ལོ་རྒྱུས་ཀྱི་བམ་རིམ་སྒྲིག་པར་ཤིན་ཏུ་ཕན་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་གོ།
ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན་མཛད་པའི་རྗེས་སུ་རྒྱ་གར་གྱི་ཡུལ་དུ་སྔར་ལས་ལྷག་པའི་ཚད་མའི་འཆད་ཉན་དར་བ་ནི་ལོ་རྒྱུས་ལས་ཤེས་ཐུབ་ཅིང་།
དེའི་སྔོན་གྱི་མཁས་པ་ཀུན་གྱི་སློབ་དཔོན་ཕྱོགས་གླང་གི་དགོངས་པ་མ་རྙེད་པ་དང་།ལོག་པར་རྟོག་པ་ཐམས་ཅད་རིགས་པ་ཡང་དག་གི་སྒོ་ནས་ལེགས་པར་བཀག་ཅིང་།
ཕྱོགས་གླང་གི་ཕུགས་ཀྱི་དགོངས་པ་གསལ་བར་མཛད་པ་ནི་ཚད་མ་རྣམ་འགྲེལ་ལས་ཤེས་ཐུབ།
སློབ་དཔོན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལ་སློབ་དཔོན་རང་གིས་ལེའུ་དང་པོའི་རང་འགྲེལ་ཡང་མཛད་ཡོད་ལ།
ལེའུ་ཕྱི་མ་གསུམ་ལ་རང་འགྲེལ་མཛད་མེད་པའང་ཤེས་གལ་ཆེ།
འོན་ཀྱང་།
ལེའུ་ཕྱི་མ་གསུམ་ལ་སློབ་དཔོན་ལྷ་དབང་བློ་༼དུས་རབས་བརྒྱད་པའི་ནང་བྱུང་བའི་ཚད་མའི་སློབ་དཔོན་གྲགས་ཅན་ཞིག༽ཡིས་འགྲེལ་མཛད་གནང་བ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་བསྟན་འགྱུར་ཆེ་པའི་ནང་བཞུགས་ཡོད།
སློབ་དཔོན་ཤཱཀྱ་བློ་ཡིས་ཀྱང་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་ཅེས་པ་ཞིག་ཀྱང་མཛད་ཡོད་པས་རྣམ་འགྲེལ་གྱི་འགྲེལ་བ་རྣམས་ལས་ལྷ་ཤཱཀ་གཉིས་ཞེས་ཏོག་ཙམ་གྲགས་ཆེ།
སློབ་དཔོན་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་ཀྱིས་ཀྱང་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ་རྣམ་འགྲེལ་གྱི་རྒྱན་ཞེས་པ་ཞིག་ཀྱང་མཛད་པ་དང་།
དེའི་རྗེས་སུ་འབྲང་བའི་སློབ་དཔོན་ཉི་མ་སྦས་པ་དང་ཤཱཀྱ་བློ་སོགས་ཀྱིས་རྒྱན་དེའི་འགྲེལ་བ་སོགས་མཛད་ནས་བཟུང་སྟེ།
ཚད་མའི་སློབ་དཔོན་རྒྱལ་དབང་བློ། རྒྱལ་བ་ཅན་པ། སློབ་དཔོན་དཔལ་མཁས། དུལ་བ་ལྷ།
ཆོས་མཆོག དགེ་སྲུངས་དང་རིན་ཆེན་འབྱུང་གནས་ཞི་བ་སོགས་ཀྱིས་ཚད་མའི་འགྲེལ་བ་དང་ཡང་འགྲེལ་མཛད་ནས་དར་རྒྱས་སུ་བཏང་འདུག་པར་མ་ཟད།
སློབ་དཔོན་ཙན་དྲ་གོ་ཡིས་ཀྱང་།རིགས་པ་གྲུབ་པའི་སྒྲོན་མ་མཛད་པ་དང་།སློབ་དཔོན་ཞི་བ་འཚོས་ཀྱང་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་དང་།
ཁོང་གི་སློབ་མ་ཀ་མ་ལ་ཤི་ལས་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་སོགས་ཀྱང་མཛད་འདུག་པས།
ཐམས་ཅད་འདིར་བཀོད་ན་ཡིག་ཚོགས་ཤིན་ཏུ་མངས་པས་འཇིགས་ནས་བསྐྱུར་ཞིང་ཤེས་པར་འདོད་ན།
བསྟན་འགྱུར་ཆེ་པ་ནས་ཡེ་པའི་བར་གཟིགས་ན་ཤེས་ཐུབ།
ཚད་མ་རིག་པ་དེ་ཉིད་བོད་དུ་ཇི་ལྟར་དར་བའི་ཚུལ་ནི།
ལོ་རྒྱུས་མང་པོའི་ནང་ཅུང་གསལ་བར་སྣང་བས་འདིར་སྤྲོས་དོན་མཆིས་ཀྱང་།མདོར་བསྡུས་ནས་གླེང་ན།
དུས་རབས་བརྒྱད་པ་དགུ་པའི་གཡས་གཡོན་ནས་བསམ་ཡས་སོགས་སུ་ཚད་མའི་འཆད་ཉན་གྱི་མགོ་འཛུགས་གནང་འདུག་ཀྱང་།
དེ་ཙམ་དར་རྒྱས་ཤིག་བྱུང་མེད་པ་འདྲ།
དུས་ཕྱིས་བོད་ཀྱི་ལོ་ཙཱ་ཀུན་གྱི་ཏོག་ལོ་ཆེན་བློ་ལྡན་ཤེས་རབ་ཀྱིས་ཚད་མ་རྣམ་ངེས་སོགས་ཀྱི་འགྲེལ་བ་མང་དུ་མཛད་ནས་ཚད་མ་རིག་པ་དར་རྒྱས་སུ་བཏང་བར་མཛད་པ་དང་།
རིགས་པའི་དབང་ཕྱུག་ཆ་པ་ཆོས་ཀྱི་སེང་གེ་སོགས་བྱོན་ནས་ཚད་མའི་བསྡུས་པ་སོགས་མཛད་པར་མ་ཟད།
ཆོས་ཀྱི་བགྲོ་གླེང་གནང་སྐབས་ཀྱི་སྤྱོད་ཚུལ་རྣམས་ཀྱི་སྲོལ་གསར་དུ་བཏོད་པ་སོགས་ཀྱི་སྐོར་ནི།
བདག་གི་དགེ་བའི་བཤེས་གཉེན་ཆེན་མོ་བོད་རིག་པའི་མཁས་དབང་ལྷ་རམས་དགེ་བཤེས་ཟླ་བ་ཚེ་རིང་མཆོག་གིས།
<<ལྟ་བའི་རྣམ་བཤད།>> [11] དུ་གསལ་བས་དེར་གཟིགས་ན་ཤེས་ཐུབ།
གང་ལྟར་ཆྭ་པ་ཆོས་སེང་ནི་བོད་ཀྱི་ཚད་མ་རིག་པའི་འཕེལ་རིམ་ནས་འགྱུར་ལྡོག་ཆེན་པོར་གཏོང་མཁན་གྱི་སློབ་དཔོན་ཞིག་ཡིན་པ་དང་།
ཁོང་གིས་གསར་གཏོད་གནང་བའི་ལུགས་སྲོལ་རྣམས་ནི་ད་ལྟའང་མ་ཉམས་པར་ཡོད།
ད་དུང་ཁོང་གིས་ཚད་མ་རིག་པའི་ནང་ཡིད་དཔྱོད་སོགས་ཀྱི་རྣམ་གཞག་གསར་དུ་གསུངས་ཞེས་ཐོས་ཤིང་།
དུས་ཕྱིས་ཀྱི་བོད་ཀྱི་མཁས་པའི་གཙུག་རྒྱན་ས་སྐྱ་པཎ་ཆེན་གྱིས་<<ཚད་མ་རིགས་གཏེར་དང་དེའི་རང་འགྲེལ་>>[12] བོད་ཕལ་ཆེར་བློ་ལྔར་སྡུད་དེ།།
ཡིད་དཔྱོད་སྣང་ལ་མ་ངེས་དང་།།
བཅད་ཤེས་ལོག་ཤེས་ཐེ་ཚོམ་ལྔ།།
ཞེས་ཟེར་རོ།།
ཞེས་གསུངས་ནས་འོག་ཏུ་འགོག་པར་མཛད་པས་ཤེས་སོ། དེང་སང་གི་མཁས་པར་རློམ་པ་ཁ་ཤས་ཀྱིས།ཡིད་དཔྱོད་ཡོད་པའི་ཁུངས་སུ།རིགས་གཏེར་ལས། ཡིད་དཔྱོད་སྣང་ལ་མ་ངེས་དང་།།
བཅད་ཤེས་ལོག་ཤེས་ཐེ་ཚོམ་ལྔ།།
ཞེས་བཀོད་པ་ནི།
ཁ་ཅིག་དང་རང་ལུགས་ཀྱི་རྩོད་ལན་འགྲོ་ཚུལ་ཙམ་ཡང་མི་ཤེས་པའི་རང་གི་དེ་ཁོ་ན་ཉིད་སྟོན་པ་ཙམ་དུ་ཟད་དོ།།
དེས་ན། ཡིད་དཔྱོད་ཅེས་པ་དེ་བོད་མཁས་པས་གསར་དུ་བཟོས་པ་ཞིག་ཡིན་པ་ལས།
རྒྱ་གཞུང་གི་ནང་དུ་ཡེ་ནས་མེད་ཅེས་མཁས་པ་ལ་ལས་གསུངས་པས་དེ་ལ་རྒྱ་གཞུང་གི་ཁུངས་ཡོད་མེད་ཀྱང་འཚོལ་དགོས།
དེ་ནས་ས་དགེ་བཀའ་རྙིང་གི་ཆོས་ལུགས་ཀུན་གྱི་ནང་དུ་རང་རང་གི་མཁས་པ་སོ་སོས་ཚད་མའི་འགྲེལ་བ་མང་དུ་མཛད་ཅིང།
ཚད་མའི་འཆད་ཉན་སྤེལ་བར་མཛད་པ་ལ་བརྟེན་ནས། བོད་གངས་ཅན་གྱི་ལྗོངས་སུ་ཚད་མའི་བསྟན་པ་མི་ཉམས་པ་འདི་བྱུང་བ་ཡིན།
དུས་རབས་བཅུ་བཞི་པའི་ནང་དུ་རྒྱལ་བ་བློ་བཟང་གྲགས་པ་ཡབ་སྲས་རྣམས་ཕེབས་ནས་ཚད་མའི་འགྲེལ་བ་མཐུན་མོང་མ་ཡིན་པ་དུ་མ་ཞིག་མཛད་དེ།
སྔར་གྱི་ཚད་མ་རིག་པའི་མ་རྟོགས་པ་དང།
ལོག་པར་རྟོག་པ་སོགས་ཡོངས་སུ་བསལ་ནས་ཚད་མའི་ལམ་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཚུལ་གསལ་བར་མཛད་པས།
རྗེ་ཡབ་སྲས་གསུམ་ཡང་བོད་ཀྱི་ཚད་མ་རིག་པའི་འཕེལ་རིམ་ནང་མཛད་རྗེས་ཆེ་ཤོས་ཤིག་ཡིན་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ།
ཁོང་རྣམ་པས་བརྩམས་པའི་ཚད་མའི་སྐོར་རྣམས་ནི།གདན་ས་གསུམ་དང་སྟག་ཚང་ར་བ་སྟོད་པ།
དེ་བཞིན་གདན་ས་བཀྲ་ཤིས་ལྷུན་པོ་སོགས་སུ་དར་རྒྱས་སུ་སྣང་ཞིང་།དགེ་ལྡན་པའི་ཚད་མ་རིག་པའི་སྐོར་ཞིག་བཤད་དགོས་ན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཇང་དགུན་ཆོས་ཀྱི་སྐོར་དེ་ཡང་ངེས་པར་དུ་བཤད་དགོས་ཀྱང་།
འཇང་དགུན་ཆོས་ཀྱི་སྐོར་ནི་དེ་སྔོན་ཁོ་བོ་བློ་གསལ་གླིང་སློབ་གྲྭར་ཡོད་སྐབས་ཨིན་ཡིག་ཐོག་བྲིས་ཤིང་།
ཕྱིས་སུ་བོད་ཡིག་ཐོག་ཏུའང་བྲིས་ཟིན་པས་འདིར་བཀོད་ན་ཡིག་ཚོགས་མངས་པས་མ་བཀོད་དོ།
ཚད་མ་རིག་པའི་འཕེལ་རིམ་འདི་ལས་འཕྲོས་ཏེ།ཚད་མ་རིག་པའི་མཁས་པ་སོ་སོའི་བཞེད་ཚུལ་མཐུན་མོང་མ་ཡིན་པ་གང་ཡོད་དང་། ལྷག་པར་དུ།ཕྱོགས་གླང་གིས་སྲོལ་གཏོད་པའི་ཚད་མ་དང་།ཆོས་གྲགས་ཀྱིས་སྲོལ་གཏོད་པའི་ཚད་མའི་རྣམ་གཞག་རྣམས་ལ་མཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅི་ཡོད་ཀྱི་སྐོར་ཞིབ་ཏུ་ཤེས་པར་འདོད་ཀྱང་།
དེ་རིང་འདི་ལས་མ་ཐུབ་པས་རྗེས་སུ་དེའི་སྐོར་ཞིབ་འཇུག་གང་ཐུབ་ཅིག་བྱེད་ནས་དཔྱད་དགོས་པར་སྙམ་མོ།།
མགོན་སྐྱབས་མེད་པའི་ཁེར་རྐྱང་འཕྲང་ལམ་ནས།།
འཁྱར་མ་འཁྱོར་གྱིས་གོམ་པའི་སྟངས་སྟབས་ཀྱིས།།
ངེས་དོན་མཁས་དགུ་འདུས་པའི་མདུན་ས་རུ།།
འཆད་རྩོད་རྩོམ་པའི་རྒྱལ་མཚན་འདི་འཕྱར་ཚེ།།
ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས།།
བྱམས་བརྩེ་འབུམ་གྱིས་འཁྱུད་པའི་ཡབ་ཡུམ་ཟུང་།།
ང་ཡི་བུ་ཞེས་ཁེངས་པས་རབ་མྱོས་ཏེ།།
དགྱེས་པའི་འཛུམ་མདངས་ང་ལ་འཕྲོས་པར་གྱུར།།
ཅེས་པ་འདི་ནི་འཇིག་རྟེན་འདིའི་ནང་འགྲན་ཟླ་མེད་པའི་ངའི་ཨ་ཕ་དམ་པའི་བཀའ་དྲིན་ལ་བརྟེན་གནའ་དེང་གི་རིག་པའི་གནས་མི་ཉུང་བ་ཞིག་ལ་འཆད་རྩོད་རྩོམ་པའི་སྤོབས་པ་མི་དམན་པ།
ཕ་བཟང་པོ་རྫ་པ་ཚང་འགྱུར་དགའ་ཡི་བུ་རུ་སྐྱེས་པའི་བེ་རི་དཔལ་ལྡན་རྣམ་རྒྱལ་དུ་འབོད་པས་༢༠༡༠།༡༢།༡༨།
ཉིན་བློ་གསལ་གླིང་དཔེ་མཛོད་ཁང་དུ་སྦྱར་བ་འདིས་ཀྱང་དྲིན་ཆེན་ཨ་ཕའི་དྲིན་ལན་གྱི་ཆ་ཤས་ཙམ་ཞིག་གསབ་པའི་རྒྱུར་གྱུར་ཅིག་གུ།།།།
འདི་ནི་༢༠༡༠རང་ལོ་ཉེར་གསུམ་གྱི་སྐབས་བྲིས་ཤིང་།ངའི་མ་ཡུམ་བློ་གསལ་གླིང་སློབ་གྲྭའི་གངས་སུལ་གྱི་རོལ་དབྱངས་དུས་དེབ་ཐོག་བཀོད། བོད་ནང་མཆོད་མེ་དྲ་ཚིགས་སོགས་ཀྱི་ཐོག་ཏུའང་བཀོད།
[1] མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་རྒྱ་གར་གྱི་ཚད་མ་རིག་པའི་འཕེལ་རིམ་དང་ཚད་མའི་ལོ་རྒྱུས།
ཉིང་ཧོང་བོད་རིག་པས་དཔར་དུ་བསྐྲུན་པ།
[2] སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་༼ ཞིབ་མོར་རྣམ་པར་འཐག་པ། ༽
བཀའ་བསྟན་དཔེ་བསྡུར་ཁང་གིས་བསྒྲིགས་པ།
[3]
སློབ་དཔོན་ཆེན་པོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་རྒྱ་གར་གྱི་ཚད་མ་རིག་པའི་འཕེལ་རིམ་དང་ཚད་མའི་ལོ་རྒྱུས། ཤོག་ངོས་༤པར་གསལ།
ཉི་ཧོང་བོད་རིག་པས་དཔར་དུ་བསྐྲུན་པ།
[4] མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་ཚིག་མཛོད་ཤེས་བྱ་རབ་གསལ།
[5] ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།
འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ནས་དཔར་དུ་བསྐྲུན་པ།
[6]དགེ་བཤེས་ཆོས་གྲགས་ཀྱིས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ།
[7] བསྟན་འགྱུར། ཞེ་པ། ཀྲུང་གོ་བོད་རིག་པའི་དཔར་སྐྲུན་ཁང་།
[8] སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་བོད་འགྱུར་མ་ཚང་མ་བསྟན་འགྱུར་ཅེ་པའི་ནང་ཡོད།
[9] སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་གཏན་ཚིགས་ཐིགས་པ། བཀའ་བསྟན་དཔེ་བསྡུར་ཁང་།
[10] སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་རྒྱུད་གཞན་སྒྲུབ་པ།
བཀའ་བསྟན་དཔེ་བསྡུར་ཁང་། ཀྲུང་གོ་བོད་རིག་པས་དཔར་དུ་བསྐྲུན་པ།
[11] བོད་རིག་པའི་མཁས་དབང་ལྷ་རམས་དགེ་བཤེས་ཟླ་བ་ཚེ་རིང་གིས་བརྩམས་པའི་ལྟ་བའི་རྣམ་བཤད་རྒྱ་མཚོའི་གཉེར་མ།
གསུང་གླེགས་བམ་དང་པོ།
[12] ས་སྐྱ་པན་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཚད་མ་རིག་གཏེར་དང་དེའི་རང་འགྲེལ།