བེ་རི་རྒྱལ་སྲས།
དེ་རིང་ཞོགས་པ་ནས་ཉིན་གུང་ཆུ་ཚོད་དང་པོའི་བར་དཔེ་ཀློག་ཐན་ཐུན་འགའ་གྲུབ་རྗེས།
སློབ་གྲྭའི་ཟ་ཁང་ནས་ཤ་ཚལ་ཞིག་ཉོས་ནས་རང་ཤག་ཏུ་སླེབས། ཤ་ཚལ་དེ་ཉིད་ཟ་གྲབས་བྱེད་སྐབས་གློ་བུར་དུ་ཕྱིར་དྲན་ཞིག་གིས་མི་ལོ་ཉི་ཤུའི་ཡར་སྔོན་དུ་དེད་སོང་།
ཁོ་བོ་ཕལ་ཆེར་ལོ་ངོ་དགུའམ་བཅུ་ཙམ་ཡིན་པའི་སྐབས་ཀྱི་ཉིན་ཞིག་ངའི་རྒན་ལགས་ཀྱི་ཤག་ཏུ་ཕྱི་ནས་སྐུ་མགྲོན་ཞིག་ཕེབས་བྱུང་།
དེ་རིང་གི་སྐུ་མགྲོན་ནི་སྤྱིར་བཏང་བ་ཞིག་མིན་པར་རྒན་ལགས་ཀྱིས་བློ་གླིང་ཟ་ཁང་རྙིང་པ་ནས་ཤ་སྲེག་ཚོད་མ་ཞིག་མངགས་ནས་མདུན་འཇོག་གི་སྟེང་བཤམས་སོང་།
༡༩༩༦ གཡས་གཡོན་དུ་གྲྭ་ས་ལ་ཚོད་མ་ཡག་པོ་ཞིག་མེད་པས། ཤ་སྲེག་ཚོད་མ་ཞིག་མཐོང་ན་འགྲམ་ཆུ་མི་ལྡང་བ་ག་ལ་སྲིད།
སྐུ་མགྲོན་ཕེབས་སོང་། སྐུ་མགྲོན་དེ་ནི་གཟུགས་རིང་ཞིང་།
སྨ་ར་ཅན་ཞིག་རེད་འདུག་ལ། རྒན་ལགས་ཀྱིས་དཔལ་ལྡན་རྒྱལ་ཞེས་བོས་པ་དང་། ཁོ་བོའི་མིང་དང་ཤིན་ཏུ་མཚུངས་པས་བློ་ལ་ངེས་བྱུང་།
སྐུ་མགྲོན་ཁོང་ནི་ལྕགས་ཀྱི་རྐུབ་སྟེགས་མདོག་ལྗང་ཁུ་ཞིག་ཡོད་པ་དེའི་སྟེང་བསྡད་པ་དང་།
རྒན་ལགས་ནི་རྒྱུན་ལྡན་ལྟར། ཤིང་གི་ཉལ་ཁྲི་ཞིག་ཡོད་པ་དེའི་ཐོག་ཏུ་བཞུགས་སོང་། ཁོ་བོ་ས་ལ་གདན་ཞིག་བཏིང་ཡོད་པ་དེའི་ཐོག་ཏུ་རྒྱུན་ལྡན་ལྟར་བསྡད་ཡོད།
རྒན་ལགས་དང་སྐུ་མགྲོན་རྣམ་གཉིས་སྤྱིར་བཏང་གི་གླེང་མོལ་དང་འབྲེལ་ཤ་སྲེག་ཚོད་མ་ཟ་མགོ་བཙུགས་སོང་།
ཁོ་བོའི་མིག་ནི་ཁོང་རྣམ་གཉིས་ཀྱིས་ཟ་ཐུར་གྱིས་ཚོད་མ་ཡར་བླངས་ནས་ཁའི་ནང་བཅུག་པའི་ཚུལ་ལ་མདའ་ཟུག་པ་ལྟར་ཤོར་ཅིང་།
ཟ་ཐུར་འགུལ་སྐྱོད་ཀྱི་འགྲོས་དང་བསྟུན་ནས་ངའི་མིག་ཀྱང་དེ་དང་མཐུན་པར་འགུལ་འགྲོ་སྟེ།
ཟ་ཐུར་ཁའི་ནང་དུ་བཅུག་དུས་ངའི་མིག་ཀྱང་ཁོང་གཉིས་ཀྱི་ཁའི་ནང་དུ་འཛུལ་འགྲོ་ལ། ཟ་ཐུར་སྡེར་མའི་ཐོག་ཏུ་བཞག་དུས་ངའི་མིག་ཀྱང་སྡེར་མའི་ཐོག་ཏུ་ལྷུང་འགྲོ།
ད་དུང་དེས་ག་ལ་ཚོད་དེ། ཁོང་རྣམ་གཉིས་ཀྱིས་ཐུར་མ་གང་རེ་ཟས་པ་དང་ངས་ཀྱང་མཆིལ་མ་གང་ཁའི་ནང་ནས་མིད་པ་དང་།
ཡང་ཁོང་གཉིས་ཀྱིས་ཐུར་མ་གང་ཟ་གྲབས་བྱེད་སྐབས་སླར་ཡང་ཁའི་ནང་མཆིལ་མས་གང་ཡོང་གི་འདུག
ད་ནི་སྡེར་མའི་ཐོག་གི་ཚོད་མ་རྫོགས་གྲབས་འདུག་ལ།
ངའི་མཆིལ་མ་ཡང་སྐམ་སོང་། སྐེ་བརྐྱངས་བརྐྱངས་ནས་སྐེ་ཚིགས་ཀྱང་ན་སོང་། ཁོང་གཉིས་ནི་མུ་མཐུད་ནས་མཆོད་བཞིན་འདུག དགའ་དགའ་སྤྲོ་སྤྲོའི་ངང་གསོལ་བཞིན་འདུག བགད་མོ་འདྲ་ཤོར་ནས་བཞེས་བཞིན་འདུག་ཀྱང་།
ཁོང་གཉིས་ཀྱིས་སྐད་ཆ་ཅི་ཞིག་ཤོད་བཞིན་ཡོད་མེད་ངས་དོ་སྣང་གཏན་ནས་མ་བྱུང་། མཐའ་མཇུག་དེར་ཁོ་བོ་ཡར་ལངས་ནས་རང་ཤག་ཏུ་རྒྱུགས་སོང་ཞིང་།
འཁྲུ་ཁང་དུ་སོང་ནས་སྐད་ཤུགས་ཆེན་པོས་ངུས་པ་ཡིན། ལོ་ངོ་དགུ་ཅན་གྱི་བྱིས་པ་ཞིག་ངུ་དོན་ནི་ཁྱེད་ཀྱིས་ཚོད་དཔག་བྱས་པ་ལྟར་ཡིན་ཀྱང་།
ཕོ་ལོ་སུམ་ཅུ་ལ་སོན་པའི་མི་ཞིག་གིས་གནས་ཚུལ་པྱིར་དྲན་བྱེད་སྟངས་ནི་ཁྱེད་ཚོས་སྔོན་དཔག་བྱེད་པ་དང་གཅིག་མཚུངས་ཤིག་གཏན་ནས་མིན།
འོན་ཀྱང་། དེ་རིང་ཁོ་བོས་ཟ་བཞིན་པ་འདི་ནི་ཤ་སྲེག་ཚོད་མ་ཞིག་ཡིན་ལ།
སུ་གང་གི་ས་ནས་བསླངས་པ་ཞིག་ཀྱང་མིན། རང་གི་དངུལ་གྱིས་ཉོས་པའི་ཤ་ཚལ་ཞིག་ཡིན། ཤ་ཚལ་འདི་སྤྱིར་བཏང་བ་ཞིག་ཡིན་ཡང་མི་གཞན་ཞིག་གིས་ཨེ་སྟེར་ལ་རེ་སྒུག་བྱེད་པ་ལས་ལྷག་པ་འདུག་པས་དགའ་སྤྲོའི་ངང་ཟ་མགོ་བཙུགས་པ་ཡིན།
ཤ་ཚལ་སྡེར་མ་ཕྱེད་ཀ་ཙམ་ཟས་རྗེས་སླར་ཡང་ཤ་ཚལ་དང་འབྲེལ་བའི་གནད་དོན་གཞན་ཞིག་དྲན་ཡོང་།
ཁོ་བོ་ཆུང་དུས་སུ་ཤ་ཧ་ཅང་སྐམ་པས་ཨ་ཕས་དུས་རྟག་ཏུ་སེམས་ཁྲལ་བྱེད་ཅིང་། གྲྭ་ཚང་གི་ཁ་ལག་ཀྱང་དེ་ཙམ་མི་ཡག་ཅིང་།
ལྷག་པར་རེས་གཟའ་པ་སངས་འཆར་ཅན་གྲྭ་ཚང་ནས་ཐུག་པ་གཏོང་བ་དང་། ཐུག་པ་དེ་ནི་ཞིམ་པོ་གཏན་ནས་མེད་པས་ངས་རྩ་བ་ནས་འཐུང་གི་མེད།
དེས་ན། རེས་གཟའ་པ་སངས་འཆར་ཅན་ལ་ཨ་ཕས་ཐུག་པ་དེ་མཆོད་ནས་ང་ཟ་ཁང་རྙིང་པའི་ནང་ཁྲིད་ཀྱི་ཡོད།
ཟ་ཁང་ནང་སླེབས་མ་ཐག་ཤ་ཕྲན་བུ་ཞིག་ཡོད་པའི་ཞོག་ཁོག་གི་ཚོད་མ་ཞིག་ཡོད་པ་དེ་མངགས་ནས་ང་ལ་སྟེར་གྱི་ཡོད།
ཨ་ཕ་ཁོང་གིས་གཏན་ནས་མི་བཞེས་པར་ངས་ཟ་སར་བལྟས་ནས་བཞུགས་ཀྱི་འདུག ཁོ་བོས་ཨ་ཕ། ཏོག་ཙམ་ཟོ།
ཞེས་ལབ་དུས་ཨ་ཕས་ ང་རྒྱགས་འདུག ཟ་ཐུབ་ཀྱི་མི་འདུག་ཟེར། མཚམས་རེར་ང་རྒྱགས་ནས་ཚོད་མ་ལྷག་སོང་ན་ཨ་ཕས་དེ་ཉིད་ཟས་ནས་གཙང་མར་བཟོ་གི་རེད།
ཨ་ཕ་རྒྱགས་མི་འདུག གཏན་ནས་རྒྱགས་མི་འདུག ངའི་ཆེད་དུ་ཨ་ཕ་མི་ཚེའི་ནང་གཏན་ནས་རྒྱགས་མྱོང་མི་འདུག
དེ་རིང་། མི་ལོ་ཉི་ཤུའི་སྔོན་གྱི་ཕྱིར་དྲན་འདིས་ཨ་ཕ་འདི་ང་ལ་ཅི་འདྲའི་དྲིན་ཅན་ཞིག་ཡིན་པ་དེ་བས་གསལ་བར་ཤེས་སུ་བཅུག་སོང་ལ།
ད་ལྟ་ཁོ་བོ་རང་མགོ་ཐོན་ནས་ཁྱེད་ལ་ཞབས་ཞུ་སྒྲུབ་རན་དུས། ཁོ་བོས་ཁྱེད་ལ་ཤ་ཚལ་གང་འབུལ་རན་དུས།
ཁྱེད་ཉིད་ནི་ཁོ་བོ་དང་རྒྱང་ཐག་རིང་བའི་ཕྱིར་མི་འོངས་པའི་ཞིང་ཁམས་སུ་ཕེབས་ཟིན་པས། ཅི་བྱ་གཏོལ་མེད་གྱི་ངང་ནས་ཁྱེད་ལ་བསྔོ་སྨོན་རེ་བྱེད་རྒྱུ་ལས་མི་འདུག་ཅིང་།
འཇིག་རྟེན་གྱི་ཁམས་འདིར་རང་ཉིད་ཀྱི་ཕ་མ་ཡི་ཚབ་མཚོན་ཐུབ་པ་ཞིག་གང་ཡང་མེད་པའི་ངེས་ཤེས་འཕར་མ་ཞིག་སྐྱེས་སུ་བཅུག་སོང་།།
༢༠༡༦ ཟླ་བ། ༩ ཚེས། ༤ ཉིན་རང་ཤག་ནས།