བེ་རི་རྒྱལ་སྲས།
ཉེ་སྔོན་ཁོ་བོས་<<སུམ་རྟགས་ཐོན་མིས་བརྩམས་མེད་པའི་རྒྱུ་མཚན་ཆེན་པོ་བཅུ་>>ཞེས་པའི་དཔྱད་རྩོམ་ཞིག་མཚོ་སྔོན་ཟིན་བྲིས་ཐོག་སྤེལ་བ་ནས་བཟུང་། འཆལ་རྩོམ་དེ་ཉིད་འཕྲིན་སྟེགས་མང་པོ་ཞིག་གིས་བསྐྱར་སྤེལ་གནང་འདུག་ཅིང་། དེ་ལ་ཡིག་ངག་གཉིས་ཐད་ནས་དགག་པ་དང་རྒྱབ་སྐྱོར་ཅི་རིགས་ཤིག་ལག་འབྱོར་བྱུང་ཡང་། དུས་ཀྱི་བྲེལ་བ་དང་། ལེ་ལོ་གཉིས་ཀྱི་བར་སྲུབས་ནས་དེ་དག་གི་ཁ་བྱང་ཀློག་ཁོམ་ཙམ་ཡང་མ་བྱུང་བར་ལུས་པར་ན། སྙིང་ཉེ་བའི་གྲོགས་པོ་འགའ་རེས། ཁྱེད་ཀྱིས་དེ་དག་ལ་གསལ་བཤད་ཅིག་མེད་ན་གུས་ཞབས་མེད་པར་འགྲོ་སྲིད། ཅེས་ཡང་ཡང་སྐུལ་མ་གནང་བས། དེ་རིང་ལས་ཀ་གྲོལ་མ་ཐག་དགག་པ་རེ་གཉིས་ཤིག་འདུག་པ་དེ་དག་རེ་རེ་ཀློག་པ་དང་འབྲེལ། དེ་དག་གི་ལེགས་ཆ་གང་ཡོད་བསྡུ་རྒྱུ་དང་། གསལ་བཤད་དགོས་ས་ལ་གསལ་བཤད་རེ་བྱེད་ཁུལ་གྱི་རྩོམ་ཐུང་ཞིག་གློ་བུར་དུ་འབྲི་དགོས་བྱུང་། བོད་བཞུགས་བཀུར་འོས་རྩོམ་པ་པོ་མཁར་བླ་ཞུ་བ་ཞིག་གིས་<<ལན་བདུད་རྩིའི་ཟེགས་མ་བཅུ་>>ཞེས་པ་ཞིག་བྲིས་འདུག་པ་དེར་དགག་པ་དོན་ཚན་དང་པོ་ལྔ་ལ་གོ་རྒྱུ་ངེས་ཅན་རེ་སྣང་བས། རང་གི་བསམ་ཚོད་ཀྱི་ཞུ་ལན་ཁ་ཤས་འབུལ་ན།
༡ བེ་རིའི་རྒྱུ་མཚན་དང་པོ་དགག་པ། ཞེས་པའི་ནང་གསེས་དོན་ཚན་དང་པོ་ནས་གསུམ་པའི་བར་སུམ་རྟགས་ཐོན་མིས་བརྩམས་པའི་སྒྲུབ་བྱེད་དུ། ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་རྒྱལ་རབས་གསལ་བའི་མེ་ལོང་དུ། བསྟན་བཅོས་བརྒྱད་དང་མདོ་རྫིའི་སྒྲ་མདོ་སོགས་ཀྱང་བརྩམས་པར་བཀོད་པ་ནི། འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།། གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།། ཞེས་པ་ལྟར་ཕྱོགས་སྔའི་ནམ་མ་ལང་བར་དགག་པའི་ཉི་མ་ཤར་བ་ཉིད་ཡིན་ཏེ། བུ་སྟོན་རིན་ཆེན་གྲུབ་ནི། ༡༢༩༠ -༡༣༦༤ ནི་དུས་རབས་བཅུ་གསུམ་བཅུ་བཞི་པའི་བླ་མ་ཞིག་ཡིན་ལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡང་དུས་རབས་བཅུ་བཞི་པའི་བླ་མ་ཞིག་ཡིན་པས་དེ་དག་གིས་ཐོན་མིས་བསྟན་བཅོས་བརྒྱད་བརྩམས་ཡོད་པར་གསུངས་པར་མ་ཟད། དེ་དག་ལས་ལོ་ཉིས་བརྒྱ་ཙམ་གྱི་སྔོན་ནས་བྱུང་བའི་གཏེར་སྟོན་ཆོས་ཀྱི་རྒྱལ་པོ་ཉང་ཉི་མ་འོད་ཟེར་(༡༡༢༤-༡༡༩༢། ༡༡༣༦-༡༢༠༤། ) གྱིས་ཉང་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཤོག་ངོས་༡༦༩། བོད་ཀྱི་དཔེ་མཛོད་ཁང་། ) ནང་དུའང་། ཐོན་མིས་སྒྲ་ཡི་བསྟན་བཅོས་སོགས་མཛད་པར་གསུངས་ཡོད་པ་ནི་ཁོ་བོས་ཀྱང་ཁུངས་སུ་དྲངས་ནས་བཤད་ཟིན་ཅིང་། དེ་དག་འདིར་བསྐྱར་ཟློས་བགྱི་བའི་དགོས་པ་མ་མཐོང་། སྐབས་འདིར་བཤད་དགོས་པ་ནི། སྔོན་གྱི་ལོ་རྒྱུས་ཡིག་ཚང་གང་གི་ནང་”ཐོན་མིས་སུམ་རྟགས་བརྩམས་”ཞེས་པ་ཞིག་གསལ་འདུག་ན་དེ་ཉིད་སྟོན་དགོས་པ་ལས་ཐོན་མིས་སྒྲ་མདོ་དང་། བསྟན་བཅོས་བརྒྱད་བརྩམས་པའི་ཁུངས་ཇི་ཙམ་དྲངས་ཀྱང་མི་ཕན། དུས་རབས་བཅུ་གཅིག་སྔོན་གྱི་ལོ་རྒྱུས་ཡིག་ཚང་གང་གི་ནང་ཐོན་མིས་” སུམ་རྟགས་” བརྩམས་ཞེས་པ་ཞིག་ཡོད་ན་ཁོ་བོའི་རྒྱུ་མཚན་དང་པོ་དེ་ལ་སྨྱུ་གུ་དམར་པོས་ནོར་རྟགས་ཆེན་པོ་ཞིག་བཏབ་ནས་ཕྱིར་བསྡུ་བྱེད་རྒྱུ་ཡིན། དེའི་བར་དུ་ཐོན་མིས་བསྟན་བཅོས་བརྒྱད་དགུ་བཅུ་ཇི་ཙམ་བརྩམས་པར་གསུངས་པའི་ཁུངས་དྲངས་ཀྱང་འབེན་ལ་མི་ཕོག་སྟེ། ཐོན་མིས་བསྟན་བཅོས་དེ་དག་བརྩམས་ཡོད་ན་དེ་དག་གི་མཚན་བྱང་ཙམ་ཡང་མེད་པར་སུམ་རྟགས་གཉིས་ཀྱི་གཞུང་མགོ་རྒྱ་གར་སྐད་དུ་ནས་མཇུག་བྱང་བར་ཡིག་འབྲུ་གཅིག་ཀྱང་མ་ཆད་པར་ལུས་པ་དེ་ཡ་མཚན་ཞིག་མ་རེད་དམ། ཐུགས་སེམས་རྣལ་དུ་བབ་ནས་དགོངས་པ་བཞེས་ན་དབུ་ལྕོག་ལྕོག་གནང་རྒྱུ་ངེས་སོ།།
བེ་རི་རྒྱུ་མཚན་གསུམ་པ་དགག་པ། ཞེས་པའི་ནང་བཙན་པོའི་རྡོ་རིང་གི་ནང་དུའང་ཚིག་ཕྲད་ཉུང་ཤས་ཤིག་མ་གཏོགས་ཕལ་ཆེར་ད་ལྟ་དང་གཅིག་མཚུངས་ཡིན་ཞེས་པ་ནི་ཤིན་ཏུ་མ་བརྟགས་པ་ཆེན་པོ་སྟེ། བཙན་པོའི་སྐབས་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང་། དེ་བཞིན་ཏུན་ཧོང་གི་ཡིག་ཆ་ཤོག་དྲིལ་ཁག་ལ་གཟིགས་དང་། དེ་དག་ལས་ཁ་ཤས་ནི་དུས་རབས་བརྒྱད་པ་དགུ་པའི་ཡིག་ཆ་ཡིན་ཡང་། བོད་ཡིག་ཤེས་ཚད་ལེགས་གྲས་ཤིག་ལ་ཀློག་ཏུ་ཆུག་ཀྱང་གོ་བ་ཇི་བཞིན་ལོན་མི་ཐུབ་པ་ནི་དངོས་ཡོད་ཡིན་པས། རྡོ་རིང་གི་ཡིག་ཆ་དང་ཏུན་ཧོང་གི་ཡིག་ཆ་ཁག་དེང་སང་སྤྱི་ཚོགས་དང་དྲ་ཚིགས་ཁག་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཟིན་པའི་སྐབས་འདིར་གོ་བ་ཇི་བཞིན་ལོན་ཐུབ་དང་མི་ཐུབ་པའི་རྩོད་པ་བྱེད་མི་དགོས་པར་ཡིག་ཆ་ཤོག་བུ་ཁ་ཤས་མདུན་དུ་བཞག་ནས་གཟིགས་ན་མཁྱེན་པར་འགྱུར་རོ།།
བེ་རིའི་རྒྱུ་མཚན་བཞི་པ་དགག་པ། ཞེས་པའི་ནང་། ས་པཎ་བར་སུམ་རྟགས་ཀྱི་འགྲེལ་བ་ཡེ་ནས་མ་བྱུང་བའི་འགོག་བྱེད་དུ། བོད་མཁས་པས་འགྲེལ་བ་མཛད་པའི་སྲོལ་ནི་བསྟན་པ་ཕྱི་དར་ནས་བྱུང་བར་གསུངས་པ་ནི་མ་བརྟགས་པ་སྟེ། བསྟན་པ་ཕྱི་དར་ལོ་ཆེན་ནམ་མཁའ་བཟང་པོ་ (958 1055)ནས་བརྩིས་ཀྱང་རུང་། པཎ་ཆེན་སྨྲི་ཏི་(༩༧༢-༡༠༥༠)ནས་བཟུང་ཡང་རུང་། གང་ལྟར་དུས་རབས་བཅུ་པ་དང་། བཅུ་གཅིག་གི་མགོ་སྟོད་ནས་མགོ་ཚུགས་ཤིང་། དེའི་སྔོན་ནས་བོད་མཁས་པས་རྩ་བ་ཁག་ལ་འགྲེལ་བ་འབྲི་སྲོལ་བྱུང་ཡོད་དེ། དཔེར་ན། བཙན་པོ་མུ་ཏིག་བཙན་གྱིས་མཛད་པའི་<< དངོས་པ་ངེས་པར་འགྲེལ་བའི་མདོའི་བཤད་པ། >> སློབ་དཔོན་ཤེས་རབ་སྙིང་པོས་མཛད་པའི་<< དགོངས་པ་ངེས་པར་འགྲེལ་གྱི་བྱམས་པའི་ལེའུའི་བརྗེད་བྱང་། >> སློན་དཔོན་པྲ་ཤ་སྡེ་སེ་ནས་བྱས་པའི་ << ཤེར་སྙིང་གི་ཊི་ཀ >> སློབ་དཔོན་བཀྲ་ཤིས་ཀྱིས་མཛད་པའི་<< དབུ་མ་རྒྱན་གྱི་བརྗེད་བྱང་། སློབ་དཔོན་བེེ་རོ་ཙ་ནས་མཛད་པའི་ << རིགས་པ་དྲུག་ཅུ་པ་ལས་བཏུས་ཏེ་མདོར་བཤད་པ། >>སོགས་བཙན་པོའི་དུས་སུ་བརྩམས་ཤིང་ད་ལྟའི་བསྟན་འགྱུར་དུ་བཞུགས་པའང་མང་དུ་ཡོད་ཅིང་། བོད་སིལ་བུའི་དུས་སྐབས་མི་ལོ་བཞི་བརྒྱ་ལྷག་སྟེ་ས་པཎ་མ་ཕེབས་ཀྱི་རིང་དུའང་། བོད་ཀྱི་མཁས་པ་རོང་ཟོམ་པཎ་ཆེན། ལོ་ཆེན་རིན་ཆེན་བཟང་པོ། འབྲོམ་སྟོན་པ། རྔོག་ལེགས་པའི་ཤེས་རབ། དེའི་ཚ་བོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ས་སྐྱ་གོང་མ་རྣམ་ལྔ་ལས་དཀར་པོ་རྣམ་གསུམ། སོགས་ཀྱིས་རྩ་གཞུང་ཁག་ལ་འགྲེལ་བ་མང་དུ་མཛད་ཀྱང་སུམ་རྟགས་གཉིས་ལ་འགྲེལ་བ་མཛད་རྒྱུ་ཕར་ཞོག་ཤེས་བྱེད་ཀྱི་ཁུངས་ཙམ་ཡང་དྲངས་མེད་པས་སྐབས་དེ་དུས་སུམ་རྟགས་གཉིས་ཡོད་ན་དེ་ལ་འགྲེལ་བ་མ་མཛད་ཀྱང་ཤེས་བྱེད་དུ་ནི་འདྲེན་ཆོག་པ་ལ་མ་དྲངས་པས་སོ།།
ལྔ་པ་མན་ཆད་ལ་གླེང་རིན་ཡོད་པ་ཞིག་མི་འདུག་ཀྱང་། བཀའ་བསྟན་དཀར་ཆག་དང་འབྲེལ་བའི་སྐོར་གྱི་ལོག་བཤད་དེ་རགས་ཙམ་སེལ་ན། བོད་ཀྱི་དཀར་ཆག་གི་ཐོག་མ་ནི་དཀར་ཆག་འཕང་ཐང་མ་ཡིན་ཞིང་། དཀར་ཆག་མཆིམས་ཕུ་མ། དཀར་ཆག་ལྡན་དཀར་མ་བཅས་དཀར་ཆག་རྙིང་ཤོས་གསུམ་གྱི་ནང་དུ་”སུམ་རྟགས་”ཞེས་པ་ཞིག་ཟུར་ཙམ་ཡང་མེད་པ་དང་། དེ་ནས་བཅོམ་ལྡན་རིག་རལ་གྱིས་བསྒྲིགས་པའི་བསྟན་པ་རྒྱས་པའི་རྒྱན་གྱི་ཉི་འོད། དབུས་པ་བློ་གསལ་གྱིས་བསྒྲིགས་པའི་སྣར་ཐང་བཀའ་བསྟན་བཅས་ཀྱི་དཀར་ཆག ཚལ་དྲུང་ཆེན་སྨོན་ལམ་རྡོ་རྗེས་༡༣༡༧ ནས་༡༣༢༣ བར་ཚལ་གུང་ཐང་དུ་བཞེངས་པའི་བསྟན་འགྱུར་བཅས་ཀྱི་ནང་དུའང་ནང་ཐོག་མར་བཀའ་དང་དེ་ནས་རྒྱ་གར་མཁས་པའི་གསུང་། དེ་ནས་བོད་མཁས་པས་མཛད་པའི་བསྟན་བཅོས་ཁག་གི་མཚན་བྱང་བཀོད་ཡོད་པ་མ་ཟད། བཅོམ་ལྡན་རིག་རལ་གྱིས་ནི་རྔོག་ལོ་ཆེན་མོའི་གསུང་དག་ཀྱང་བསྟན་འགྱུར་གྱི་ཁྲོད་དུ་བཅུག་ཡོད་ཀྱང་། དེ་དག་གི་ཁྲོད་ནས་ཐོན་མིས་མཛད་པའི་སུམ་རྟགས་གཉིས་ཞེས་པ་ཞིག་གཏན་ནས་མེད་པ་ནི་དཀར་ཆག་དེ་དག་ལ་ལྟ་ཆོག་ཆོག་ཡིན། སྔོན་ནས་ད་བར་གྱི་བཀའ་བསྟན་དཀར་ཆག་གྲངས་བཙན་པོའི་སྐབས་གསུམ་དང་། ཕྱིས་སུ་བཅུ་བདུན་ཙམ་བྱུང་བའི་ཁྲོད་ནས་བཙན་པོའི་སྐབས་ཀྱི་དཀར་ཆག་དང་ཤོས་གསུམ་ནང་སུམ་རྟགས་གཉིས་ཞེས་པ་ཞིག་མེད་པ་དང་། བདག་གི་ད་བར་གྱི་ལྟ་ཀློག་ལ་གཞིགས་ན། ཕྱི་ལོ་༡༣༣༤ ལོར་བཞེངས་པའི་ཞཱ་ལུ་བསྟན་འགྱུར་གྱི་ནང་དུ་སུམ་རྟགས་གཉིས་ཐོག་མར་བཅུག་པ་ཡིན་ལ། སུམ་རྟགས་གཉིས་བསྟན་འགྱུར་གྱི་ཁོངས་སུ་ཐོག་མར་འཇུག་མཁན་ནི་བུ་སྟོན་རིན་ཆེན་གྲུབ་(༡༢༩༠-༡༣༦༤)ཡིན། དེ་བཞིན་བུ་སྟོན་ཆོས་འབྱུང་དུའང་སུམ་རྟགས་གཉིས་དྲངས་ཡོད་པའི་ལོ་རྒྱུས་ཀྱི་གནད་ཀ་འདི་ཙམ་ཞིག་རྟོགས་པས་ཀྱང་མདུད་པ་མང་པོ་ཞིག་གྲོལ་བར་འགྱུར་རོ།།
བེ་རི་རྒྱུ་མཚན་བདུན་པ་དགག་པ། ཞེས་པ་འདིའི་ནང་དུའང་འུ་ཐུག་པའི་སྐད་ཆ་ཁ་ཤས་འདུག་ཅིང་། སྔོན་གྱི་མཁས་པའི་ལོ་རྒྱུས། ཡིག་ཚང་། རྣམ་ཐཪ་གང་གི་ནང་དུའང་སུམ་རྟགས་སྦྱངས་ཞེས་པ་ཞིག་གཏན་ནས་མི་སྣང་བར་བཤད་པར། དགག་འོས་པ་ནི། སྔོན་གྱི་མཁས་པ་འདི་དང་འདིའི་རྣམ་ཐར་ནང་སུམ་རྟགས་སྦྱངས་ཞེས་འཁོད་ཡོད་པ་ཞིག་སྟོན་རྒྱུ་ཡོད་ན་ལག་པ་སྙིང་ཁར་སྦྱར་ནས་དང་ལེན་ཞུ་རྒྱུ་ཡིན། མ་མཐོང་ཕྱིར་ན་མེད་པ་མིན་པའི་གནས་ལུགས་དེ་ཁོ་བོས་ཀྱང་ལོས་ཤེས་ཏེ། ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་ན་མེད་པར་སྒྲུབ་པའི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཀྱིས་ས་པཎ་གྱི་སྔོན་དུ་སུམ་རྟགས་མེད་པར་ལེགས་པར་གྲུབ་བོ།།
དགག་པ་བརྒྱད་པ་ནས་བཅུ་པའི་བར་ཐམས་ཅད་ནི་བགྲོ་གླེང་གི་ཡུལ་དུ་མིི་འོས་པས་མཆིལ་མའི་ཐལ་བ་བཞིན་བོར་ཅིང་། ས་པཎ་གྱི་སྔོན་དུ་སུམ་རྟགས་གཉིས་མེད་པར་བཤད་ཀྱི་དེའི་སྔོན་ནས་བརྡ་སྤྲོད་པའི་གཞུང་ནི་ཡོད་དེ། ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་བརྩམས་པའི་གནས་བརྒྱད་རྩ་འགྲེལ། སྒྲའི་རྣམ་པ་དབྱེ་བ་བསྟན་པ་སོགས་ཡོད་ལ། ས་པཎ་གྱི་བསྟོད་དབྱངས་ཕྲེང་བ་ལས་གསུངས་པ་ནི་ཐོན་མིས་སྔར་ཡོད་ཀྱི་བོད་ཡིག་གཟུགས་ལ་འགྱུར་བཅོས་མཛད་པའི་མཛད་རྗེས་ཤིན་ཏུ་ཆེ་བས་བསྟོད་པ་ཕུལ་བ་ཡིན་གྱི་ཐོན་མིས་བོད་ཡིག་མཛད་པས་མིན་ཏེ། ས་པཎ་གྱི་གསུང་གང་ན་ཐོན་མིས་སུམ་རྟགས་མཛད་ཅེས་པ་དང་། སུམ་རྟགས་གཉིས་ཤེས་བྱེད་ཀྱི་ཁུངས་སུ་དྲངས་པའི་ས་པཎ་གྱི་གཞུང་ཞིག་གང་ན་འདུག་སྟོན་ཅིག
མདོར་ན། བོད་ཀྱི་ལོ་རྒྱུས་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ། ཞེས་པའི་ནང་། “གོང་གསལ་བསྟན་བཅོས་དེ་གཉིས་ཕན་ཚུན་གཟབ་ནན་ཆེན་པོས་ཞིབ་བསྡུར་ཞིག་བྱས་ན། འགོ་རྩོམ་པར་དམ་བཅའ་བ་ནས། བར་སུམ་ཅུ་པའི་རྣམ་དབྱེ་བརྒྱད་དང་དེ་དག་གི་སྦྱོར་ཚུལ་སོགས་གཙོ་བོའི་རྩ་དོན་རྣམས་དང་། དེ་བཞིན་རྟགས་ཀྱི་འཇུག་པའི་རྩ་དོན་མིང་གཞིའམ། རྗེས་འཇུག སྔོན་འཇུག་བཅས་སོ་སོའི་ཕོ་མོ། མ་ནིང་། ཤིན་ཏུ་མོ་བཅས་པའི་རྟགས་ཀྱི་དབྱེ་བ་དང་། དེ་དག་རང་རང་གི་འཇུག་པ་བཞི་སོགས་ཀྱི་བར་དང་། མཇུག་“མོ་ཡི་ཡི་གེ་མེད་པ་ན།”ཞེས་ཤོ་ལོ་ཀ་གཉིས་ཀྱི་བརྗོད་དོན་བཅས་ནི་སུམ་རྟགས་ཀྱི་སྙིང་དོན་རྣམས་ཇི་མ་ཇི་བཞིན་དུ་མཚོན་པ་ནི་ངོ་མཚར་དང་རྒྱུ་མཚན་ཤིན་ཏུ་ཆེ་བ་ཞིག་ཏུ་མཐོང་། གལ་ཏེ་སུམ་རྟགས་ཀྱི་གཞུང་འདི་སློབ་དཔོན་ཐོན་མིས་མཛད་པ་ཞིག་ཡིན་ན། རྗེ་ས་པཎ་གྱིས་བསྐྱར་ཟློས་འདི་ལྟ་བུ་གནང་དགོས་དོན་ག་ལ་ཡོད།” ཞེས་དང་། ལྷག་པར་དུ་རྩོམ་པར་དམ་བཅའ་བའི་ཚིག་རྐང་མཐའ་མ་“ཡི་གེའི་སྦྱོར་བ་བཤད་པར་བྱ།”ཞེས་པའི་མདུན་གྱི་ཚིག་འབྲུ་བཞིས་ས་པཎ་གྱིས་མཛད་པའི་བསྟན་བཅོས་ཀྱི་མཚན་དངོས་སུ་བསྟན། “ ཞེས་གསུངས་པ་འདི་ལས་ལྷག་པའི་རྒྱུ་མཚན་ཅི་ཞིག་དགོས།
དེས་ན་སྐུ་ཞབས་མཁར་བླ་ལགས་ཀྱིས་དོགས་སློང་གནང་བ་བརྒྱུད་སུམ་རྟགས་གཉིས་ཐོན་མིས་མཛད་མེད་པའི་བདེན་པ་དེ་ཉིད་ཇེ་གསལ་དང་ཇེ་བརྟན་དུ་གྱུར་ཅིང་། ཇི་སྐད་དུ། ས་པཎ་གྱིས་ལེགས་བཤད་རིན་པོ་ཆེའི་གཏེར་ལས། རྔ་ལ་དབྱུག་གུས་མ་སྣུན་པ།། དེ་སྲིད་གཞན་དང་ཁྱད་ཅི་ཡོད།། ཅེས་པ་ལྟར། ལྷད་མེད་པའི་རིན་ཆེན་གསེར་ལྟ་བུ་ཞིག་ཇི་ཙམ་གྱིས་སྲེག་བཅད་བརྡར་གསུམ་གྱི་བརྟག་པ་བགྱིད་པ་དེ་ཙམ་གྱིས་རང་མདོག་ཇེ་གསལ་དུ་མངོན་ཡོང་བ་བཞིན། ཁོ་བོའི་འདོད་ཕྱོགས་དེ་ཉིད་ཀྱང་ཇེ་གསལ་དང་། རིགས་པའི་སྒྲུབ་བྱེད་ཀྱང་ཇེ་མང་དུ་བཏང་སོང་བར་སྙིང་དབུས་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།
དཀར་ཆག་ཁུངས་མར་སུམ་རྟགས་མེད་པ་དང་།།
ས་པཎ་སྔོན་དུ་སུམ་རྟགས་སུ་ཡིས་མཐོང་།།
ཡི་གེའི་སྦྱོར་བ་སུམ་རྟགས་དངོས་ཡིན་པའི།།
བདེན་པའི་ཉི་མ་སུ་ཡིས་འགེབས་པར་ནུས།།
རྨོངས་དད་མཐུག་པོས་མགོ་བོ་མ་བསྟིམས་ཤིང་།།
གཡམ་རྒྱུགས་ཡན་པོའི་རླུང་གིས་མ་སྤུར་བར།།
རྟོན་པ་བཞི་དང་རིགས་པ་བཞི་པོ་ཡིས།།
མཐའ་བཞི་བཀག་པའི་གཏན་ཚིགས་འདི་ཐལ་ལོ།།
ཕྱི་ལོ། ༢༠༡༦ ཟླ་བ། ༨ ཚེས་༣༡ ཉིན་དྲང་སྲོང་ལྷུང་བའི་ཉེ་འདབས་ནས་བྲིས་སོ།