Tuesday, March 1, 2016

དེ་རིང་སླང་ཡང་།



མིག་ཟུང་ཁྲ་ཡོལ་སྲབ་མོ་དལ་དལ་གྱིས་རྒྱབ་ནས།།

འདས་དོན་གློག་བརྙན་རིང་མོ་ལྷོད་ལྷོད་ཀྱིས་བལྟས་དུས།།

འཆར་སྣང་ངར་མོ་ཞིག་གིས་སྙིང་ཁ་ལ་གཟན་པས།།

ན་ཚ་རྙིང་པ་འདི་ཉིད་བསྐྱར་ལོག་ཅིག་ཐེབས་སོང་།།




ཀུན་གྱིས་མིག་ཟུང་བགྲད་ནས་ཁོ་བོ་ལ་སྲུང་དུས།།

ཁྱེད་ཀྱི་ཞལ་གདམས་དྲོན་མོ་རླུང་བུ་ལ་བསྐུར་ནས།།

དྲིན་ལན་ལོག་པར་འཇལ་བའི་བུ་རུལ་གྱི་སྤྱོད་པས།།

དགྲ་དགའ་གཉེན་རྣམས་སྡུག་པའི་གཏམ་རྒྱུད་འདི་སྐྱོ་བ།།


རང་ཚུགས་རང་གིས་ཟིན་པའི་རུས་རྐང་དེ་ཆགས་པས།།

ཆར་སྣེ་རླུང་གིས་འཁྲིད་པའི་གཞན་རྗེས་ལ་འདུར་ནས།།

སོ་སོའི་ཐོད་ལ་བརྐོས་པའི་མིང་བྱང་དེ་ཟུབ་སྟེ།།

གཏན་གྱི་ཁ་བྱང་མེད་པའི་འཁྱམ་པོ་རུ་གྱུར་སོང་།།



མ་རུང་བསམ་རྒྱུ་དྲན་རྒྱུ་འབེལ་ཐག་རང་ཆོད་ནས།།

རྐང་ཟུང་འཁྱཌ་ཐོག་འདྲེད་ནས་སྣ་སུབས་ཤིག་ཐེབས་དུས།།

རྒྱུད་བདག་ཡེ་ནས་མེད་པའི་ཐ་ཤལ་གྱི་བུ་ལ།།

ཁྱེད་ཀྱིས་དག་པའི་ཞིང་ནས་ཐུགས་རྗེ་ཡིས་གཟིཌ་རོགས།།



མི་ཚེའི་ལེའུ་བསྒྱུར་བའི་ཀྱོག་མཚམས་ཀྱི་ཟུར་དུ།།

རྐང་རྗེས་གང་ལ་སྤར་བའི་གོམ་པ་ཡི་རྡོག་སྣེ།

ཤར་ནུབ་གང་ལ་གཏད་པའི་སུམ་མདོ་ཡི་ཁ་རུ།།

ཁྱོད་ཀྱི་བརྩེ་བའི་ལམ་སྟོན་ཅི་འདྲ་ཞིག་མཁོ་ཨང་།།


༢༠༡༥/༡༡/༡༢ སྔ་དྲོ། ཚོུད། ༡༡ མཆོད་རྟེན་དྲུང་།