ཁྱེད་ཀྱིས་ནམ་ཡང་བློ་ཕམ་གནང་མི་ཉན།
ར་རྫ་འཇམ་དབྱངས་སྐྱིད། བོད།
རིན་པོ་ཆེ་ཚང་ཐུགས་ཕམ་བྱུང་བའི་ཚིག་དེ་མཐོང་བར་ང་ལ་རང་དབང་མེད་པར་མིག་ཆུ་ཤོར།
ཞོར་ལ་སྙན་ངག་མ་ཡིན་པའི་ཚིག་དུམ་གཅིག་འབྲི་ཤོར་བྱུང་སོང་།
དེ་ནི་སྐབས་ཐོག་གི་སེམས་ཚོར་ཙམ་ཡིན།
ཐུགས་ཕམ་གནང་དོན་ག་ལ་ཡོད་ཨང་།
རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོ་ནི་བོད་པ་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བདེ་སྡུག་གི་སླད་དུ་ཟད་པ་ངས་གསལ་བོར་ཤེས་ཀྱི་ཡོད།
ཁོང་ཉིད་ཀྱི་སྐུ་ཚེའི་རྒྱལ་མཚན་བརྟན་པའི་སྨོན་ལམ་ངས་རྣམ་པ་ཀུན་ཏུ་འདེབས་ཀྱི་ཡོད།
རིན་པོ་ཆེ་མཆོག་བོད་ཡུལ་དུ་འཁྲུངས་པ་ནི་ང་ཚོ་བོད་མི་ས་ཡ་བདུན་པོའི་ཚོགས་བསགས་དང་བསོད་ནམས་ཡིན།
ཁོང་གི་སྐུ་ལུས་མི་ཡུལ་ལུང་པ་ན་བཞུགས་ཀྱང་ཐུགས་སེམས་གཞིས་སྡོད་བོད་མིའི་ཐོག་འཁོར་གནང་ཡོད་པ་ངས་གསལ་པོར་ཤེས།
སྐུ་ངལ་མྱངས་སོང་། རིན་པོ་ཆེ་ལགས། བཀའ་དྲིན་ཆེ།
ར་རྫ་འཇམ་དབྱངས་སྐྱིད་ནས་གུས་ཕུལ།
2015.11.7ཉིན།
༧རྒྱལ་བ་རིན་པོ་ཆེ་ལགས། ཐུགས་མ་ཕམ་རོགས།
སྨད་ཚ་ཆོས་བཟང་སྤྲུལ་སྐུ།
སྙིགས་དུས་རྣམ་དཔྱོད་འཆལ་བའི་གོ་ས་དེ་ཆེ་ནས།།
དྲིན་ལན་ལྡོག་ནས་འཇལ་མཁན་རེ་འགའ་ནི་ཡོད་ཀྱང་།།
བོད་དམངས་ཡོངས་ཀྱི་སྙིང་དབུས་ལྷན་ཅིག་གི་སེམས་ན།
ཁྱེད་ཀྱི་གཞལ་མེད་མཛད་ཆེན་བཀའ་དྲིན་ལ་ཤར་ཡོད།།
ངེས་དོན་མཁས་པའི་ཡིད་སེམས་གཞན་གཙོ་ཡིས་བརླན་པའི།།
བདེན་དོན་སྤྱི་སེམས་ཆེན་པོའི་རྣམ་དཔྱོད་ཀྱི་མཁའ་ན།།
ཁྱེད་ནི་རླབས་ཆེན་སྐྱེས་བུར་ཉི་ཟླ་ལྟར་འཆར་ཡང་།།
རང་གྲགས་མུས་ལོང་འགའ་ནི་ད་དུང་ལྡོང་འདུག།།
འགྲོ་བ་བདེ་བའི་གཉིས་སྨན་དབུ་མ་ཡི་ལམ་ནས།།
དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་བླ་མེད་དུ་མཛོམས་ནས།།
ཚེ་རབས་ཀུན་ཏུ་གང་གི་ཐུགས་དགོངས་ཡི་ཆེད་དུ།།
ལུས་སྲོག་ལོངས་སྤྱོད་གཏོང་བའི་སློབ་མ་རུ་འགྱུར་ཤོག།།2015.11.7ཉིན།
རིན་པོ་ཆེ། ཐུགས་མ་ཕམ།
མཁས་དབང་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། རྒྱ་གར།
ས་ཆེན་རལ་གྲིས་བཤགས་པའི་སོ་ཁ་ན།།
ཕམ་ཁའི་སྐྱོ་གར་ཁྲབ་པའི་མི་རིགས་འདིའི།།
ཚེ་སྲོག་ཞགས་པས་འཛིན་མཁན་ཁྱེད་རང་ཡིན།།
ཁྱེད་ཀྱིས་ནམ་ཡང་བློ་ཕམ་གནང་མི་ཉན།།
ཏི་སེ་གངས་དཀར་བཞུས་པའི་གཏིང་རུམ་དུ།།
མེས་པོའི་རྣམ་ཤེས་གུད་པའི་བང་སོ་ལ།།
ཟུངས་ཁྲག་གསར་པ་སྣོན་མཁན་ཁྱེད་རང་ཡིན།།
ཁྱེད་ཀྱིས་ནམ་ཡང་བློ་ཕམ་གནང་མི་ཉན།།
བསོད་ཟད་ས་ཡ་དྲུག་གི་མགོ་ཐོག་ལ།།
གནམ་སྔོན་ཁད་ཀྱིས་སྡིབས་པའི་ཆག་སྒོ་ཀུན།།
གྱེན་དུ་འདེགས་པའི་ཀ་ཆེན་ཁྱེད་རང་ཡིན།།
གངས་ཅན་མགོན་པོ། ཐུགས་སེམས་སྐྱོ་བ་མ་གནང་།
རྔ་བཟའ་བདེ་པོ་འཚོ།
བག་ཕབ་ཁ་བའི་ལྷིང་འཇགས་བདེ་སྐྱིད་དམར་པོས་གཏིང་ནས་དཀྲུགས་ན་ཡང་།།
བྱམས་བརྩེའི་བདག་ཉིད་ཕྱག་ན་པད་མོ་ཁྱེད་ཉིད་འདི་རུ་ཕེབས་པ་ནས།།
བོད་པ་ཟེར་བའི་མི་རིགས་ཤིག་གི་མིང་བྱང་འཛམ་བུའི་གླིང་དུ་ཁྱབ།།
ཁྱེད་ཉིད་ལྟ་བུའི་དེད་དཔོན་ཞིག་ལ་སྲིད་པ་འདི་རུ་སུ་ཡིས་འགྲན།།
ས་ཕྱོགས་ཕྱི་ནང་གང་དུ་གནས་ཀྱང་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོས།།
ཉིད་ཀྱིས་བསྩལ་བའི་བཀའ་སློབ་དག་དང་བཀའ་དྲིན་སེམས་ཀྱི་གཏིང་དུ་ཉར།།
སྐབས་འགར་བྱས་ཉེས་བྱུང་བ་དག་ལ་ང་ཚོར་བློ་འགྱོད་དྲག་པོ་མཆི།།
ཐུགས་ཀྱི་རྒྱ་མཚོ་སྔར་བཞིན་བསྐྱེད་དང་གངས་ཅན་པ་ཡི་སྒྲོན་མེ་ལགས།།
གོ་ལའི་ཁྱོན་འདིར་མི་རིགས་སྣ་ཚོགས་མི་ནི་དུང་ཕྱུར་བདུན་ཅུར་ཉེ།།
ཕྱི་ཡི་ཚན་རྩལ་ཡར་ཚེས་ཇི་བཞིན་དེ་ཙམ་གོང་དུ་འཕེལ་ན་འང་།།
ནང་གི་བདེ་སྐྱིད་རྨང་ནས་སྟོང་ཞིང་འཇིགས་སྣང་ཁྲོད་ཀྱི་སྲིན་འབུ་བཞིན།།
ཕན་ཚུན་དབང་སྒྱུར་ལས་ལ་བྲེལ་ཞིང་མི་རྣམས་དུད་འགྲོར་འགྱུར་ལ་ཉེ།།
སྒྲིབ་རྨོངས་ནག་པོས་རྨང་ནས་བཏུམས་པའི་མུན་ནག་ཁམས་ཀྱི་ར་བ་འདིར།།
རང་གཅེས་སེམས་ཀྱི་འདུ་ཤེས་བཞག་སྟེ་གཞན་ཕན་བརྩེ་བའི་འོ་དྲི་ཁྱེད།།
དེའི་ཕྱིར་དུས་རབས་འདི་ཡི་སྨན་དུ་ཁྱེད་ཉིད་འདི་རུ་བྱོན་པ་ལེགས།།
མདོར་ན་འགྲོ་བ་ཀུན་གྱི་ཡབ་ཆེན་ཐུགས་སེམས་མ་སྐྱོ་དགོངས་གསོལ་ལོ།།
2015/11/8ཉིན་ལ་ཁོང་གིས་བསྩལ་བའི་བཀའ་སློབ་ཅིག་མཐོང་ཕྲལ་དུ་བྲིས།
རིན་པོ་ཆེ།
ཐུགས་མ་ཕམ།
སེར་ཤུལ་རིན་ཆེན་དོན་གྲུབ།
གསེར་གྱི་རི་ལ་རིན་ཐང་མི་ཤེས་བླུན་རྨོངས་རྒྱལ་བོ་མང་དྲགས་པས།།
ལེགས་བཤད་ནོར་ལ་ལེགས་བཅོས་གཏོང་བའི་ཧམ་ཆེན་དྲེད་པོ་ཐུ་དྲགས་པས།།
གཏིང་ཟབ་དགོངས་ཡངས་དཔྱོད་པས་འཇལ་བའི་རིག་པའི་རྣམ་དཔྱོད་རྟུལ་དྲགས་པས།།
མཁྱེན་པའི་གཏིང་མཐའ་དཔོག་པར་དཀའ་བ་སླ་ཆོས་ནོར་ཆོས་སྨྲ་བ་མོད།།
རིགས་པས་མི་དཔྱོད་དགོངས་ཟབ་མི་སེམས་བླ་མར་སྡང་བ་མང་དྲགས་པས།།
ལག་པས་མི་བྱེད་ཁ་མགོ་བདེ་བོས་རང་དབང་ཐལ་སྤྱོད་ཆེ་དྲགས་པས།།
ཁྱེད་ཀྱིས་གནང་བའི་མང་གཙོའི་རང་དབང་ལོག་སྤྱོད་རུ་དཔུང་མཐུགས་དྲགས་པས།།
ཁྱེད་ཀྱི་ལམ་སྟོན་ཡང་དག་དགེ་མཚན་བློ་མིག་ཕྲ་དེས་མ་ཆུད་དོ།།
རྨོངས་ནས་དད་པས་ཁྱེད་ཀྱི་ལམ་སྟོན་ཡང་དག་འཛིན་པ་གཏན་ནས་མིན།།
དུས་བསྟུན་དཔྱོད་ཤེས་མཁྱེན་དཔྱོད་དེ་ལ་བདག་གིས་ནམ་ཡང་བློ་སྙིང་གཏོད།།
ལོག་པའི་མཐའ་ནི་ཅི་ཡང་རྒྱས་ཀྱང་བདག་ནི་ཤེས་རབ་བློ་ལ་སྙེག
།
ཐུགས་རྗེས་གཟིགས་ཤིག་འགྲོ་བ་འདི་ནི་ཁྱེད་ཀྱི་དམུ་རྒོད་གདུལ་ཞིང་ངོ་།། ༢༠༡༥/༡༡/༨/ ལ།
༧རྒྱལ་བ་རིན་པོ་ཆེ།
ཐུགས་མ་ཕམ།
ཞི་བའི་བློ་གྲོས།
བཅུ་དྲུག་ན་ཚོད་ཟིན་དུས་ཁྱེད་ཀྱི་བརྩེ་བས་བོད་འབངས་བསྐྱངས།།
ད་ལྟ་བརྒྱད་ཅུར་ཟིན་ཀྱང་བོད་མིའི་བདེ་སྡུག་ཕྲག་ཏུ་བསྣམས།།
མྱ་ངན་སྡུག་གི་ཁྲོད་ཀྱི་བོད་མིས་རེ་བ་ཁྱེད་ལ་བཅོལ།།
བཅོས་མིན་ངེད་ཅག་འབངས་ལ་རྟག་ཏུ་གཟིགས་ནས་ཐུགས་མ་ཕམ།།
མགོན་མེད་གཞི་བྱེས་གཉིས་ཀྱི་ལམ་སྟོན་བཟང་པོ་ཁྱེད་ཀྱིས་མཛད།།
འཛམ་གླིང་ཕྱོགས་བཞིར་བོད་མིའི་བདེ་སྡུག་མ་ལུས་ཁྱེད་ཀྱིས་གླེང་།།
གཞིས་བྱེས་ལྷན་འཛོམས་གཉེར་བའི་འབངས་ཀྱིས་རེ་འདུན་ཁྱེད་ལ་རེ།
འཕགས་མཆོག་ཁྱེད་ཀྱི་དཔག་མེད་ལྷག་བསམ་གཏེར་གྱི་ཐུགས་མ་ཕམ།།
མི་ཤེས་རྨོངས་པའི་དྲྭ་བས་བཅིངས་པའི་རང་ཅག་བོད་མི་འགའ།།
གནས་ལུགས་མ་ངེས་བླུན་པོའི་ཚིག་གི་རྗེས་སུ་རྒྱུགས་བཞིན་དུ།།
ཁྱེད་ཀྱི་བཀའ་དྲིན་མ་ཚོར་ཟུར་ཟའི་ཚིག་འགའ་འཕངས་ན་ཡང་།།
མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་ཡུལ་དུ་བཟུང་སྟེ་ཐུགས་མ་ཕམ།།
རྒྱལ་བ་རིན་པོ་ཆེ། ཐུགས་མ་ཕམ།
གུར་གྲྭ་ཡེ་ཤེས་སམ་ཐོག་གི་དུག་མདའ།
རང་དབང་མེ་ཏོག་ལོངས་སུ་སྤྱོད་ཕྱིར་ཁྱེད་ཀྱིས་ཡུན་རིང་བདེ་སྐྱིད་བཙལ།།
གློ་བུར་སྐྱོ་བའི་མིག་ཆུའི་གཙང་ཆབ་སྙིང་ལ་སྦས་ཤིང་འཛུམ་དཀར་བཞད།།
སྲོག་ལས་གཅེས་པའི་ཕན་བདེའི་འབྱུང་གནས་རྗེ་བཙུན་༧བསྟན་འཛིན་རྒྱ་མཚོ་ལགས།།
ས་ཡ་དྲུག་གིས་ཡིད་ཆེས་སྐྱེས་ཡོད་གངས་རིའི་མགོན་པོ་ཐུཊ་མ་ཕམ།།
བོད་ཀྱི་རྒྱལ་ས་ཉི་མའི་གྲོང་དུ་ཆབ་འབངས་འཇོན་པོས་རེ་སྒུག་ཡོད།
ཁྱེད་ཀྱི་ཕོ་བྲང་པོ་ཏཱ་ལ་རུ་གསེར་ཁྲི་སེར་པོའི་རང་འོད་འབར།།
འདས་མ་ད་གསུམ་རང་དབང་མེ་ཏོག་དབུ་ནག་བོད་པའི་སེམས་ལ་ཡོད།།
ས་ཡ་དྲུག་གིས་ཡིད་ཆེས་སྐྱེས་ཡོད་གངས་རིའི་མགོན་པོ་ཐུགས་མ་ཕམ།།
རྒྱལ་བསྟན་སྤྱི་དང་དགེ་ལྡན་བསྟན་བདག་ཡོངས་འཛིན་རྣམ་གཉིས་གཅེས་བསྐྱོངས་འོག།།
ཐུན་མོང་ཐུན་མིན་གཞུང་ཀུན་དབང་འབྱོར་ལུང་རིགས་སྨྲ་བའི་དབང་ཕྱུག་ལགས།།
མངོན་པར་བསྟོད་དོ་གངས་རིའི་ལྷ་ཅིག་ཁྱེད་ཀྱི་ཐུཊ་བསྐྱེད་མཁའ་ལས་ཡངས།།
འཛམ་གླིང་སྤྱི་དང་བོད་ཁམས་ཡོངས་ལ་ལམ་སྟོན་མཛད་ཅིག་ཐུཊ་མ་ཕམ།། 2015 11 8
༧རྒྱལ་བ་རིན་པོ་ཆེ།
ཐུགས་མ་ཕམ།
ཁ་སྒང་གཡང་འབུམ་ཚེ་རིང་།
སྐུ་ཡི་གཟི་བྱིན་ཉི་ཟླའི་འོད་ཆེན་སུ་ཞིག་གིས་ནི་གཟིམ་པར་ནུས།།
གསུང་གི་མན་ངག་སྦྲང་ཆར་སིལ་མས་བདེ་བ་མ་སྦྱིན་སུ་ཞིག་ཡོད།།
ཐུགས་ཀྱི་མཁྱེན་བརྩེ་ནམ་མཁའི་མཐས་གཏུགས་གཏུགས་མེད་འགྲོ་བའི་འདྲེན་པའི་གཙོ།།
སྐལ་ལྡན་གདུལ་བྱའི་དད་འདུན་མི་འགྱུར་མགོན་པོ་༧
གང་ཉིད་ཐུགས་མ་ཕམ།།
གངས་ལྗོངས་རྒྱལ་སྲིད་སྙིལ་ལ་ཉེ་དུས་ཁྱེད་ཀྱིས་ཐུགས་དམ་གཙང་མས་སྐྱོར།།
གངས་ཅན་བོད་མི་སྡུག་གིས་མནར་སྐབས་ཁྱེད་ཀྱིས་ལྷག་བསམ་དཀར་པོས་སྐྱོང་།།
འཛམ་གླིང་ཧྲིལ་བོའི་ཟིང་འཁྲུག་དྲག་པོའང་ཁྱེད་ཀྱི་བྱམས་བརྩེས་ཞི་མཛད་ན།།
ཁྱེད་ཀྱི་མཛད་རླབས་ཀུན་ལ་ཁྱབ་པས་མགོན་པོ་༧
གང་ཉིད་ཐུགས་མ་ཕམ།།
ཁ་ཅིག་མ་རིག་ལིང་ཏོག་རྐྱེན་པས་དོན་དངོས་ཇི་བཞིན་མ་མཐོང་ཞིང་།།
ལ་ལ་སྲིད་ཀྱི་སྟེགས་བུར་རྔམ་ནས་དཀྲོག་གཏམ་སྙན་འབུལ་ཞུས་ཡོད་ཀྱང་།།
ཁྱེད་ཀྱི་རྩ་བའི་ལམ་སྟོན་དེ་ལས་གཟུར་ནུས་བོད་མི་གཞར་ཡང་མེད།།
གངས་རིའི་ལྷ་སྐལ་འགྲོ་བའི་མགོན་པོ་༧རྒྱལ་མཆོག་ཁྱེད་ཉིད་ཐུགས་མ་ཕམ།། ༢༠༡༥/༡༡/༠༨
༧
གོང་ས་མཆོག །ཐུགས་མ་ཕམ།
སེར་ཏྲེ་རིགས་པའི་སྨྱུ་གུ།
ཤིང་ལོ་གོས་སུ་གོན་པའི་རྡོ་ཆས་ཀྱི་དུས་ནས།
།
ཤིང་འབྲས་ཟས་སུ་བསྟེན་པའི་གདོད་མ་ཡི་སྐབས་ནས།
།
གདུང་དྲུག་རིས་སུ་བརྩིས་པའི་གནའ་རབས་ནས་བཟུང་སྟེ།
།
ཁྱེད་ཀྱི་བྱམས་བརྩེའི་དྲོད་རླབས་ཚོར་ཚོར་བར་བསྡད་ཡོད།
།
མེས་དབོན་རྣམ་གསུམ་ལ་སོགས་རྒྱལ་རབས་ཀྱི་དུས་ནས།
།
རྒྱལ་བ་འབྲོམ་སྟོན་ལ་སོགས་བླ་རབས་ཀྱི་སྐབས་ནས།
།
དགེ་འདུན་གྲུབ་པ་ལ་སོགས་རིམ་བྱོན་ནས་བཟུང་སྟེ།
།
ཁྱེད་ཀྱི་བརྩེ་ཆེན་བྱིན་རླབས་སྙིང་ཁུང་ན་ཉར་ཡོད།
།
གནམ་ས་བླ་འོག་བསྒྱུར་བའི་དམག་ཆེན་གྱི་དུས་ནས།
།
དམྱལ་ཁམས་སྟེང་ན་བུད་པའི་དུས་འགྱུར་གྱི་སྐབས་ནས།
།
ངོ་ཤེས་གནམ་ལས་མེད་པའི་ཡུལ་གྱར་ནས་བཟུང་སྟེ།
།
ཁྱེད་ཀྱིས་བརྩེ་བས་གཟིགས་པ་རུས་གསེང་ན་ཐིམ་ཡོད།
།
ཉི་ཤུའི་ཤིང་ནགས་མི་རྣམས་བཙས་ཙམ་གྱི་དུས་ནས།
།
མང་གཙོའི་གསོལ་རས་སྩལ་ཏེ་གོག་འགྲོས་ཀྱི་སྐབས་ནས།
།
ཀ་བ་གསུམ་ལྡན་ལམ་ལུགས་གཞོན་ནུ་ནས་བཟུང་སྟེ།
།
ཁྱེད་ཀྱིས་གཟིགས་པས་བསྐྱངས་པ་ཤ་ཁྲག་ལ་འདྲེས་ཡོད།
།
བཀའ་ཁྲི་དམངས་ཀྱིས་བདམས་པའི་ཕྱེད་བགྲེས་ཀྱི་དུས་ནས།
།
ཡོངས་རྫོགས་བགྲེས་ཡོལ་མཛད་པའི་སྲིད་སྐྱོང་གི་སྐབས་ནས།
།
འཛམ་གླིང་ཆོས་ཀྱིས་སྐྱོང་བའི་ད་ཐུག་གི་བར་དུ།
།
ཁྱེད་ཀྱི་ཐུགས་རྗེ་བཀའ་དྲིན་གཞལ་ཐབས་རེ་བྲལ་བ།
།
ད་དུང་འཁོར་བའི་འདམ་ལས་ཐར་ཐར་གྱི་བར་དུ།
།
ཇི་སྲིད་གངས་ཅན་རིགས་རྒྱུད་སངས་རྒྱས་ཀྱི་བར་དུ།
།
རིགས་དྲུག་སེམས་ཅན་ཚོགས་རྣམས་སྟོང་སྟོང་གི་བར་དུ།
།
ཐུགས་རྗེའི་ཞགས་པ་མ་ལྷོད་དམ་དམ་དུ་གཟུང་མཛོད།
།
མི་སྲུན་གདུལ་དཀའ་འགའ་རེའི་སྤྱོད་ལམ་ལ་གཟིགས་ནས།
།
དྲིན་ཅན་རྡོ་རྡུང་བྱེད་པའི་མི་ངན་ལ་གཟིགས་ནས།
།
ཐུགས་ཕམ་གནང་རིན་མེད་དོ་དྲིན་ཅན་གྱི་རྒྱལ་དབང་།
།
ཐེར་འབུམ་བདུན་གྱིས་བལྟས་ཡོད་འཛམ་གླིང་གི་བླ་མ།
།
མི་ཉུང་ཤས་ཤིག་གིས་རང་འདོད་དང་མི་མཐུན་པར་བྱུང་སྐབས་མཐོ་དམན་ཀུན་ལ་ངན་ཁག་དཀྲི་བའི་བྱེད་པ་ལ་བརྟེན་ནས།
ཉེ་ཆར་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་ཐུགས་ཕམ་བྱུང་ལུགས་གསུངས་པ་ལ།
སྙན་ངག་པ་མང་པོས་ལྷན་བྲིས་ཀྱི་བསྐུལ་བརྡ་མཐོང་བ་བཞིན། 2015-11-8 དགོང་མོར་སེར་ཏྲེ་རིགས་པའི་སྨྱུ་གུས་བྲིས།
རྒྱལ་བ་རིན་པོ་ཆེ། ཐུགས་མ་ཕམ།
ཐང་ཞོགས་གསར།
དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་པའི་གཏེར།
།
གསུམ་ལྡན་ངུར་སྨྲིག་ཟློས་གར་འཆང་པའི་སྐུ།
།
རྟེན་འབྱུང་སྨྲ་པའི་སྒྲ་ཆེན་ས་གསུམ་བསྒྲགས།
།
ཡེ་ཤེས་དབང་གི་བདག་པོ་རྟག་བརྟན་མཛོད།
།
ཁྱེད་ནི་སྤངས་རྟོགས་ཆ་ཤས་ཡོངས་རྫོགས་ཕྱིར།
།
མདོ་ལས་ཇི་སྐད་གསུངས་པའི་ས་ལམ་གྱི།
།
རྟགས་རྣམས་ཇི་བཞིན་གཟིགས་པས་བློ་ལྡན་ཚོགས།
།
གསར་པར་སྟོན་ཕྱིར་སྐལ་བརྒྱ་ཚེ་སྲིང་ཞིག
།
སྟོན་པ་གཉིས་པ་འཕགས་མཆོག་ཀླུ་སྒྲུབ་དང་།
།
གྲུབ་མཐའི་གསར་གཏོད་མཁན་ཆེན་ཞི་འཚོལ་སོགས།།
སྔོན་བྱོན་པཎ་གྲུབ་དམ་པའི་མཛད་པ་དང་།
།
མཚུངས་པར་བསྟན་ལ་བྱ་བ་བྱེད་དུ་གསོལ།།
སྙིགས་དུས་མ་དག་འགྲོ་པའི་ངང་ཚ་རྣམས།
།
བསམ་བཞིན་ཐུགས་བསྐྱེད་དམ་བཅའ་མ་དོར་པར།
།
གྲངས་མེད་འདུལ་བྱའི་གདུང་ཤུགས་དྲག་པོ་ཡིས།
།
རེ་ཞིག་བརྩེ་བས་མ་དོར་རྗེས་བཟུང་མཛོད།
།
དེང་འདིར་གངས་ལྗོངས་ཆོས་སྲིད་ཆེས་ཕྲའི་སྐབས།
།
མི་འཇིགས་གཡང་ནས་སྐྱབས་ལ་ཁུར་འཁྱེར་པའི།
།
སྙིངས་སྟོབས་འོད་སྟོང་འབར་བ་ཁྱེད་མིན་སུ།
།
དེ་ཕྱིར་ཐུགས་རྗེ་སྤྱན་གྱིས་གཟིགས་སུ་གསོལ།
།
༸གོང་ས་མཆོག།
ཐུགས་མ་ཕམ།
གྱེས་ཁའི་མིག་ཆུ།
ངོ་མཚར་རྨད་བྱུང་འདི་ཕྱིའི་སྐྱབས་མགོན་མཆོག།།
ཕན་བདེ་མ་ལུས་འབྱུང་བའི་ཡིད་བཞིན་ནོར།།
ཁྱེད་ཀྱི་ཐུགས་ལ་འཁྲུལ་བའི་སྐབས་མེད་པས།།
ཐུགས་ཕམ་མཛད་པ་མ་གནང༧གོང་ས་མཆོག།།
བདག་སོགས་བོད་འབངས་རྣམས་ལ་ཁྱེད་ལྟ་བུའི།།
འདི་ཕྱིའི་སྐྱབས་འཇུག་རེ་ས་གཞན་མེད་པས།།
ཁྱོད་ཀྱི་ཐུགས་ལ་ཆགས་སྡང་མི་མངའ་ཡང་།།
ཐུན་མོང་གདུལ་བྱའི་སྣང་ངོར་ཐུགས་མ་ཕམ།།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་དང་།།
གངས་རིའི་ལྗོངས་ཀྱི་ལྷག་པའི་ལྷ་སྐལ་དང་།།
འཛམ་གླིང་མི་ཡི་ཉི་མ་སེར་པོ་སྟེ།།
ཁྱོད་ཀྱི་བཀའ་དྲིན་ཤེས་ཡོད་ཐུགས་མ་ཕམ།།
ཀྱཻ་ཀྱཻ་ཁྱོད་ཀྱིས་བདག་སོགས་འགྲོ་བའི་སླད།།
གཉིས་སྨན་དབུ་མའི་ལུགས་བཟང་སྟེར་མཛད་པ།།
དེ་བཞིན་སུས་ཀྱང་ཤེས་ནུས་མི་མངའ་བས།།
དེས་ན་བདག་སོགས་ལུགས་བཟང་དེ་ལ་འཇུག།།
༸གོང་ས་མཆོག།
ཐུགས་མ་ཕམ།
འཐུང་ཆུ།
འཇིག་རྟེན་སྤྱི་མཐུས་ཞི་བདེའི་ལམ་འདྲེན་མཆོག
།
གངས་ཅན་ལྗོངས་ཀྱི་མགོན་དང་སྐྱབས་མཆོག་གི།
བཀའ་དྲིན་བསམ་བཞིན་མིག་མཐར་ཆུ་འཁོལ་གྱིན།
།
སྒོ་གསུམ་གུས་པ་ཆེན་པོས་ཕྱག་ཅིག་འཚལ།
།
སྙིགས་དུས་འགྲོ་བའི་དོན་མཛད་རྒྱལ་སྲས་ཤིག །
༸རྒྱལ་དབང་རིམ་བྱོན་ཀུན་ལས་བླ་ལྷག་ཅིག
།
ཁ་བའི་ལྗོངས་སུ་ད་ཐེངས་ཕེབས་པ་འདི།
།
ངེད་ཅག་གདོང་དམར་ཚང་གི་བསོད་ནམས་ཡིན།
།
ཧ་ཅང་ཉེས་འཕྲང་ཅན་གྱི་དུས་སྐབས་འདིར།
།
གངས་ཅན་བོད་ཀྱི་གཅེས་ནོར་ཆོས་རིགས་ཀུན།
།
ཤི་མ་གསོན་གྱི་ཆགས་འཇིག་ས་མཚམས་ལས།
།
སྐྱབས་པ་འདི་ནི་ཁྱེད་ཀྱི་བཀའ་དྲིན་ཡིན།
།
གཟུར་གནས་བློ་ལྡན་སྐྱེ་བོ་སུ་ཞིག་གི
།
མིག་རྒྱང་རིང་པོས་འཛམ་གླིང་ཁྱོན་གཟིགས་ཏེ།
།
སྐྱབས་བཅོལ་ཀུན་ལས་ཡང་རྩེ་གྲུབ་པ་འདི།
།
ཁྱེད་ཀྱི་འཇོན་པ་མ་གཏོགས་གཞན་སུས་ནུས།།
ཡང་དག་མང་གཙོ་ཞིག་ཏུ་བསྒྱུར་བ་ལ།
།
ཤ་ཕྲག་རུས་གསུམ་འཕངས་མེད་གཏོང་དགོས་ཀྱང་།།
ཁྱོད་ཀྱི་བྱམས་བརྩེ་ཟབ་མོས་བསྩལ་བ་དེ།།
སུས་ཀྱང་ནུས་པར་དཀའ་བའི་མཛད་ཆེན་ཡིན།
།
གང་གི་ཐུགས་བསྐྱེད་དམ་བཅའ་གསུམ་པོ་ཡི།
།
སྐྱེ་འགྲོ་ཀུན་ལ་བཅོས་མིན་བདེ་སྟེར་གྱིས།
།
ཞི་བདེ་གཟེངས་རྟགས་མཚོན་པའི་གཟེངས་བསྟོད་དག
།
ཁྱེད་ལ་ཐོབ་པར་བོད་མིའི་གཟི་བརྗིད་ཡིན།
།
བསམ་ཤེས་མེད་པའི་བོད་གཟུཊ་འགའ་ཤས་ཀྱིས།
།
དྲིན་ལན་མ་ཤེས་ཇ་ལན་ཆུ་འཇལ་གྱིས།
།
དངོས་ཤུགས་བརྒྱུད་ནས་ཐུགས་ཕམ་བཅུག་པ་དེར།
།
བློ་ཕམ་ངང་ནས་དུས་ཀུན་ངོ་རྒོལ་ཡོད།
།
ཁྱེད་ཀྱི་ཐུགས་རྒྱུད་ཡོན་ཏན་རྒྱ་མཚོ་ལས།
།
ཐུགས་ཕམ་མ་གནང་ཞེས་པའི་ཁ་བྱང་འོག
།
ཆུ་ཐིགས་ཙམ་ཞིག་བྲིས་ཁུལ་བྱས་པའི་དགེས།
།
ངེད་ཅག་ཚེ་རབས་ཀུན་ཏུ་རྗེས་གཟུང་རོགས།
།
ཞི་བདེའི་མིག་འབྱེད་རྐང་གཉིས་གཙུག་གི་རྒྱན།
།
གོ་ལ་སྤྱི་དང་ཁྱད་པར་གངས་ལྗོངས་སླད།
།
མཛད་པ་འཕྲིན་ལས་སྔར་ལྷག་སྐྱོང་བཞིན་དུ།།
ཐུགས་གཡེང་མ་མཛད་ལྷོད་དུ་གཞུགས་པར་འཚལ།
།
ཉེ་ཆར་རྟོགས་སད་པ་ཡིན་ཁུལ་བྱེད་མཁན་བོད་གཟུགས་ཅན་འགའ་ཤས་ཀྱིས་༸སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གངས་ཅན་པ་ཡོངས་ཀྱི་ལྷ་སྐལ་༸སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་དྲུག་ཅུ་ལྷག་གི་རིང་ཆོས་དང་ཆབ་སྲིད་ཀྱི་མ་ནོར་ལམ་བཟང་སྟོན་པ་དག་འགྲིགས་མེད་མདོག་མདོག་གིས་རྣམ་འགྱུར་བསྟན་པར། མགོན་པོ་མཆོག་ཐུགས་ཕམ་བྱུང་སྐོར་གྱི་བཀའ་སློབ་བསྩལ་རྗེས་«༸གོང་ས་མཆོག །ཐུགས་མ་ཕམ་»ཞེས་མིང་བྱང་གཅིག་གི་འོག་སྙན་ངག་པ་ཁག་ཅིག་གིས་རྩོམ་ཡིག་རེ་འབྲི་དགོས་པའི་སྐུལ་མ་གནང་རྗེས་གུས་སེར་ཏྲེ་འཇམ་དབྱངས་བསོད་ནམས་སམ་འཐུང་ཆུས་བྲིས་པར་དགེའོ།
།
རིན་པོ་ཆེ། ཐུགས་མ་ཕམ།
ཁ་བའི་སྲས།
བསྐལ་པའི་བསྐལ་པ་ཞིག་གི་སྔ་རོལ་ནས།།
ཁ་བ་ཅན་ལ་སྙིང་ནས་བརྩེ་བ་ཡིས།།
བསམ་བཞིན་འདི་ན་ཕེབས་པའི་དྲིན་ཅན་རྗེ།།
ཐུགས་ཕམ་མ་མཛད་ང་ཚོས་ཚོར་བཞིན་ཡོད།།
ཕ་མས་བུ་ཕྲུག་གཞན་ལ་ཤོར་བའི་དུས།།
བུ་ཕྲུག་ཕ་མ་བོར་བའི་ང་དགུ་དུས།།
སྐུ་ཉིད་གངས་ཅན་བོད་ལ་ཡོད་པ་ཡིས།།
ང་ཚོ་གསོན་ཡོད་དྲིན་ཅན་བཀའ་དྲིན་ཆེ།།
འགྲོ་སའི་ལམ་མེད་སྡོད་སའི་ཁྱིམ་མེད་པའི།།
འཕུར་སའི་གནམ་མེད་ལང་སའི་ཁམས་མེད་པའི།།
ཕྱི་ཡུལ་འདི་ན་ང་ཚོ་གསོན་པ་ཡང་།།
དྲིན་ཅན་ཁྱེད་ཀྱི་དྲིན་ཡིན་བཀའ་དྲིན་ཆེ།།
ཁྱི་ལྟོ་མེད་པའི་སྲང་གི་ལྡོམ་པོ་འགས།།
སྐུ་ཡི་དགོངས་པ་དཀྲུགས་སོང་བློ་ཕམ་ཆེ།།
གསོན་ན་ཁྱེད་དང་ཤི་ཡང་ཁྱེད་ཉིད་དེ།།
ང་ཚོར་ཁྱེད་ལས་ལྷག་པ་སུ་ཡང་མེད།།
དྲིན་ལ་དྲིན་ལས་མ་ཤེས་མྱི་ངན་དང།།
ཐབས་ལ་ཐབས་ཀྱི་ངོ་བོ་མ་ཤེས་པའི།།
མྱི་ངན་འདི་དག་མྱི་ལ་བགྲང་རིན་མེད།།
སྐུ་ཉིད་ཐུགས་ཕམ་མ་མཛད་ཡང་དག་ལྷ།།
2015/11/6ཉིན།
རིན་པོ་ཆེ། ཐུགས་མ་ཕམ།
འཛམ་གླིང་འཇིགས་རུང་གི་སོ་ཁ་འདི་རུ།།
ཆབ་སྲིད་སྤྲིན་ནག་གི་ལྟ་བའི་ཉོག་འཛིང་།།
རྣམ་རྟོག་རླུང་འཚབ་ཀྱིས་དཀྲུགས་སྟེང་གཟིགས་པར།།
བྱམས་བརྩེ་ཤེས་རབ་ཀྱི་གཤོག་ཟུང་རྒོད་པོས།།
རྒྱ་བོད་གཉིས་ཕན་གྱི་ཞི་བདེའི་སྒོ་ཆེན།།
དབུ་མའི་ལྡེ་མིག་གིས་གནམ་ས་འབྱེད་མོད།།
ཉིད་ཚེ་དུང་ཞེན་ལ་ཐུགས་ཟབ་མ་ཕམ།།
དད་སེམས་སྤྲིན་དཀར་གྱི་གངས་ཅན་རྣམ་པ།།
སྙིང་ནོར་གསོན་པོ་ནི་ཁྱེད་ལས་ལྷག་མེད།།
༢༠༡༥
༡༡ ༡༠ཉིན་་གནས་ཀྱིས་བྲིས།
འགྲོ་བའི་མགོན་པོ།
ཐུགས་མ་ཕམ།
འཛམ་གླིང་མཁས་རྒུ་གཅིག་ཏུ་བསྡུས་ཀྱང་ཁྱེད་ལ་འགྲན་སུ་ཡང་མེད།།
སྐུ་ཡི་ཅ་ཤས་ཕྲ་མོ་ཙམ་ཡང་རྐང་གཉིས་སུ་ཡང་བསྡུས་ས་མེད།།
གསུང་གི་ཆ་ཤས་དུམ་བུ་ཙམ་གྱིས་འཛམ་བུ་ས་ཁྱོན་དགུང་དུ་གཡོ།།
ཐུགས་ཀྱི་མཁྱེན་རླབས་གཏིང་མཐའ་མི་མངོན་རྒྱལ་དབང་ཁྱེད་ལ་སྙིང་ནས་འདུད།།
གདོང་དམར་བོད་མི་སྡུག་བསྔལ་སེལ་ཕྱིར་མཐོ་སྒང་ཞིང་སྐྱེ་བ་བཞེངས།།
སྐུ་ན་ཕྲ་བའི་གནས་སྐབས་ཐོག་ནས་བོད་ཀྱི་ཆོས་སྲིད་འགན་དུ་འཆང་།།
དཀའ་སྡུག་དམྱལ་བ་ས་ལ་འཕོ་འདྲ་དུས་འགྱུར་རླུང་འཚུབ་དྲག་པོའི་ཁྲོད།།
བོད་ས་སྐྱབས་པའི་འགྲོ་བའི་མགོན་པོ་ཐུགས་ཀྱི་དགོངས་པ་གཏན་མ་ཕམ།།
མི་རིགས་གཅིག་གི་ཡོད་ཚད་ཤོར་ནས་ཤི་ཁའི་ལ་ཁར་མཆིས་པའི་ཚེ།།
མི་རིགས་འདི་ཡི་དྲིན་ཅན་སྲོག་སྐྱབས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཁྱེད།།
མི་རིགས་འདི་ཡི་དར་རྒུད་ཁྲོད་ནས་སྲོག་ཤིང་ཉག་ཅིག་ཁྱེད་ཁོ་ན།།
མི་རིགས་འདི་ཡི་བརྗེད་དུ་མེད་པའི་འགྲོ་བའི་མགོན་པོ་ཐུགས་མ་ཕམ།།
མཁའ་ཁྱབ་འགྲོ་བའི་སྡུག་བསྔལ་སེལ་ཕྱིེར་དུག་དྲུག་འཛམ་གླིང་ཕྱོགས་མཐའ་བསྐོར།།
ཆོས་ལུགས་དང་ནི་རིགས་རུས་དབྱེར་མེད་སེམས་ཅན་ཀུན་ལ་བྱམས་ཀྱིས་བསྐྱངས།།
མཁས་དབང་ཀུན་གྱི་གཙུག་ན་བཀུར་བའི་དྲང་སྲོང་ཆེན་མོ་ཤྭཀྱ་སྲས།།
སྲིད་གསུམ་དབང་བསྒྱུར་ཞི་བདེ་དེད་དཔོན་ཐུགས་ཀྱི་དགོངས་གཏན་མ་ཕམ།།
ཁྱེད་ཀྱིས་གཟི་འོད་འཛམ་གླིང་འཕྲོ་བས་མཐོ་སྒང་མུན་པ་ཀུན་ནས་བསལ།།
ཁྱེད་ཀྱིས་མཁྱེན་རླབས་རྒྱ་མཚོར་གཡོ་གཤིས་མཐོ་སྒང་བོད་ས་མཚོ་མོ་འཁྱིལ།།
ཁྱེད་ཀྱི་བཀྲིན་གཞལ་བ་མི་ནུས་དྲིན་ལན་ལོག་འཇལ་ག་ལ་ཕོད།།
འདི་ཕྱི་བླ་མའི་ཐུགས་དགོངས་དཀྲུགས་པ་དམྱལ་བ་གནར་མེད་ཟགས་པའི་རྒྱུ།།
མ་ཕམ་མ་ཕམ་ང་ཡི་དབུ་བླ་ཐུགས་ཀྱི་དགོངས་པ་ཡེ་མ་ཕམ།།
མ་བརྗེད་མ་བརྗེད་རྩ་བའི་བླ་མའི་དྲིན་གྱིས་བསྐྱངས་བ་ད་མ་བརྗེད།།
མ་དཀྲུག་མ་དཀྲུག་དབུ་ཁྲིད་དམ་པའི་ཐུགས་ཀྱི་དགོངས་པ་གཏན་མ་དཀྲུགས།།
མགོ་ནག་བོད་མི་རྣམ་དཔྱོད་ཡོད་ན་ཀླད་པ་ཐེངས་ཅིག་འགུལ་རན་འདུག།།
༢༠༡༥/༡༡/༩
རྒྱལ་བ་ཐུགས་ཕམ་དགོས་དོན་མེད།
བྱང་སེམས་རྒྱལ་སྲས་གོ་ལའི་གཙུག་རྒྱན་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག།
སྒང་པ་བསོད་ནམས་དཔལ་མོ།
ཕྱི་རི་ལྕགས་རི་ནང་གི་ནོར་བུ་སངས་རྒྱས་བསྟན་པའི་གཙུག་གི་རྒྱན།
༧བླ་མའི་མཛད་འཕྲིན་དབྱར་གྱི་ཆུ་གཏེར་འཛད་མེད་རྒྱས་པའི་གསོལ་བ་འདེབས།
༧སྤྱན་རས་གཟིགས་ཀྱི་སྐུ་ཚེ་བསྐལ་བརྒྱར་བསྟན་པའི་བཀྲ་ཤིས་སྨོན་མདུན་ཞུ།
༧བླ་མ་ལགས།
ཁྱེད་ནི་བོད་གངས་ཅན་པའི་ལོ་རྒྱུས་ཐོག་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་དབུ་ཁྲིད་རེད།
༧བླ་མ་ལགས།
ཁྱེད་ནི་བྱམས་དང་སྙིང་རྗེ་ཡི་བདག་ཉིད་ཆེན་པོ་འགྲོ་བ་སེམས་ཅན་རྣམས་ཀྱི་མགོན་སྐྱབས་རེད།
༧བླ་མ་ལགས།
ཁྱེད་ནི་བོད་མི་རིགས་སྨག་རུམ་མུན་ནག་ལས་འདྲེན་ཏེ་རིག་གནས་དང་བཅས་པའི་སྒོ་མོ་ཕྱེད་གནང་མཁན་ཀྱི་མགོན་སྐྱབས་རེད།
༧བླ་མ་ལགས།
ཁྱེད་ནི་འཛམ་གླིང་ཐོག་ཏུ་བོད་མི་རིགས་ངོ་སྤྲོད་གནང་མཁན་གྱི་སྐྱབས་མགོན་དེ་རེད།
༧བླ་མ་ལགས།
ཁྱེད་ཀྱི་ང་ཚོ་བོད་མི་རིགས་ལ་རང་དབང་ལྡན་པའི་མང་གཙོ་གནང་བ་བཀའ་དྲིན་ཆེ།
༧བླ་མ་ལགས།
ཁྱེད་ཀྱི་ང་ཚོ་བོད་མི་རིགས་ལ་འཛམ་གླིང་གི་གནས་སྟངས་ལ་གཞི་བཅོལ་སྟེ་ལམ་སྟོན་གནང་བ་བཀའ་དྲིན་ཆེ།
༧བླ་མ་ལགས།
ཁྱེད་ཀྱི་སེར་སྐྱ་ཕོ་མོ་རིས་སུ་མེད་པ་དང་ང་འདྲ་བའི་བོད་ཕྲུག་དུ་མར་ཤེས་བྱའི་བགོ་སྐལ་གནང་བ་བཀའ་དྲིན་ཆེ།
༧བླ་མ་ལགས།
ཁྱེད་ཀྱི་ང་ཚོར་བོད་མི་རིགས་ཡིན་ཞེས་བརྗོད་པའི་སྤོབས་པ་སྟེར་བར་བཀའ་དྲིན་ཆེ།
གངས་ཅན་མགོན་པོ། ཐུགས་མ་ཕམ།
རྨོངས་བརྟུལ་ནག་པོ།
འབྱམས་ཀླས་བརྩེ་ཆེན་དག་པའི་དཀྱིལ་འཁོར་ལས།།
བྱམས་བརྩེའི་གདེངས་ཀ་འབར་བའི་ནོར་བུ་མཆོག།
ཁྲག་ཁྲིག་གྲངས་མེད་འགྲོ་བའི་ཟུར་གསུམ་སྙིང་།།
སྐྱབས་ཀྱི་བསྟནའཛིན་རྒྱལ་མཚོ་ཐུགས་མ་ཕམ།།
གླིང་ཆེན་གོ་ལ་ཟླུམ་པའི་ཡོང་སྟེང་དུ།།
གསེར་འོད་དཔལ་གྱིས་འཁྱུག་པའི་སེམས་དཔའ་ཁྱེད།།
འཛམ་གླིང་འདི་ཡི་ཉི་མ་ཁྱེད་རང་སྟེ།།
ནམ་ཡང་ཐུགས་ཕམ་མ་གནང་རིན་པོ་ཆེ།།
དྭངས་གཙང་ཁ་བའི་ངོ་གདོང་ཁྲག་གིས་བཏུམས།།
མཛེས་སྡུག་དཔལ་གྱི་རང་མདངས་ཉམས་ན་ཡང་།།
བྱམས་བརྩེའི་དྲོད་ཀྱི་ཚེ་སྲོག་འཛིན་མཛོད་པོ།།
དྲིན་ཅན་རྩ་བའི་བླ་མ་ཐུགས་མ་ཕམ།།
ཝ་མོ་ཞིག་གི་ངུ་ཟུག་འགའ་རེ་དང་།།
ཅལ་འདྲོགས་རེ་འགའི་ཅལ་གཏམ་ཁ་ཤས་ལ།།
སྙིང་རྗེ་མཚོ་ཡི་མེ་ཏོག་ཟུམ་པ་ལས།།
ཐུགས་ཕམ་མི་དགོས་དྲིན་ཅན་མགོན་པོ་མཆོག།
སྐྱོན་བྲལ་རྫོགས་སངས་རྒྱས་ཀྱི་ཕུང་པོ་ལ།།
སྒྲོ་སྐུར་ལྟ་ངན་འབྱིན་པའི་ཝ་ཚོགས་འགས།།
བོང་ངའི་དུག་ཆུ་སྙིང་དུ་ཁོལ་བ་ལ།།
ཁྱེད་ཀྱིས་ནམ་ཡང་ཐུགས་ཕམ་གནང་མི་དགོས།།
ཁ་བ་གངས་ལྗོངས་ཁྲག་གིས་བཏུམས་པ་དང་།།
མྱ་ངན་རླུང་གིས་བདས་པའི་སྐབས་ཉིད་ནས།།
གངས་རིའི་ཚེ་སྲོག་སྐྱོབ་མཁན་ཁྱེད་ཡིན་པས།།
ཁྱེད་ཀྱིས་ནམ་ཡང་ཐུགས་ཕམ་གནང་མི་ཉན།།
རྒྱ་འདྲེ་འབྱུང་པོས་གློ་སྙིང་ཟིན་པའི་རིགས།།
རང་ཚུགས་ཤོར་བའི་ངོ་དགའི་སྤྲེལ་ལད་ལ།།
སྙིང་རྗེའི་སྦྲང་ཆར་ཟིལ་མ་བསྙིལ་བ་ལས།།
སྙིང་རྗེའི་བདག་ཉིད་ཐུགས་ཕམ་ཅི་ལ་དགོས།།
མི་ཤེེས་ཀུན་རྟོག་འཁྲུགས་པའི་ཉེས་བྱས་ཀྱིས།།
ལོག་ལྟའི་ངན་དགུ་ཚང་བའི་ཉམས་ངའི་རིགས།།
ལྷད་མེད་བྱམས་བརྩེས་སྐྱོང་མཁན་ཁྱེད་ཡིན་པས།།
བསམ་མེད་བྱིས་པ་འགའ་ལ་ཐུགས་མ་ཕམ།།
དྲིན་ཅན་བླ་མའི་གསང་གསུམ་མཛད་པའི་གྲངས།།
ལྕེ་བརྒྱ་སྤྲུལ་ནས་བཤད་ཀྱང་རྫོགས་མཐའ་བྲལ།།
བདག་ཡིད་དང་བའི་དད་སེམས་གཡོ་མེད་ངང་།།
མགོན་ཁྱེད་བཀའ་དྲིན་དྲན་པའི་རྟེན་དུའོ།།
_____མི་ངན་རེ་འགས་བསམ་མེད་ཀྱི་ཅལ་སྒྲོག་བྱས་པ་ལ་བརྟེན་ནས་བདག་གི་རྩ་བའི་བླ་མ་༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་ཐུགས་ཕམ་བྱུང་ལུགས་ཀྱི་བཀའ་སློབ་མཇལ་བ་དང་བདག་སེམས་རང་དབང་མེད་པ་སྐྱོ་གདུང་གི་གཡང་དུ་ལྷུང་བཞིན་མཚན་མོ་རང་ཤག་ཏུ་རྨོངས་རྟུལ་ནག་པོས་བྲིས།
______༢༠༡༥/༡༡/༧/
ཐུགས་མ་ཕམ་བཀའ་དྲིན་ཆེ།
ཨ་མའི་བུ་ཆུང་ངམ་བློ་བཟང་བསྟན་དར།
ཁྱེད་སྐུ་འཇའ་འོད་གཞོན་ནུའི་འཁྲི་ཤིང་ནས།།
བརྒྱད་ཅུའི་བང་རིམ་བརྩེགས་པའི་རི་རྩེའི་བར།།
བོད་འབངས་བདེ་སྡུག་དམར་ཆུང་སྙིང་ལ་བསྐོས།།
གངས་ཅན་ལྷ་གཅིག་མགོན་པོ་ཐུགས་མ་ཕམ།།
གཞོན་དུས་རྩེད་འཇོ་དག་ཀྱང་རྒྱང་དུ་བསྐྱུར།།
རྒས་དུས་ལྷོད་ཀྱི་བཞུགས་པའི་སྐབས་མ་རྙེད།།
སྐྱེ་འགྲོ་སྤྱི་དང་ལྷག་པར་གངས་ཅན་པའི།།
བདེ་བའི་ལམ་ཞིག་འཚོལ་བར་ཐུགས་མ་ཕམ།།
ས་གཞི་སྦར་མོ་གང་ཡང་མི་དབང་བའི།།
མི་ཡུལ་སྐྱབས་སུ་རེ་བའི་དུས་ཀྱི་ནང་།།
གང་གི་ཐུགས་རྗེ་ཡངས་པོའི་གཟི་འོད་ཀྱིས།།
མ་ཡིས་བུ་བཞིན་སྐྱོང་བ་བཀའ་དྲིན་ཆེ།།
སོར་བཅུའི་འདབ་མ་ཐུགས་ཀྱི་ཐད་དུ་ཟུམ།།
ཤར་ནུབ་ཀུན་ལ་ངལ་མེད་ཞབས་ཀྱི་བཅགས།།
ས་ཡི་འོག་ཏུ་ཚུད་པའི་གངས་ཅན་པ།།
གོ་ལའི་ཡངས་རྩེར་འདྲེན་པ་བཀའ་དྲིན་ཆེ།།
ཐབས་མཁས་ཐུགས་རྗེས་དྲངས་པའི་དབུ་ལམ་སྟེང་།།
འཚེ་མེད་ལྟ་གྲུབ་བཟང་པོའི་འཁར་བ་ལས།།
རིགས་གཞུང་གཤིས་བཟང་གོ་ལའི་ཁྱད་ནོར་དག།
རང་ཡུལ་བོད་དུ་འདྲེན་པ་ཐུགས་མ་ཕམ།།
ཉྭ་མོའི་གཤོག་རྩལ་ཇི་ཙམ་གཡུག་ན་ཡང་།།
རྒྱ་མཚོ་ཆེན་པོ་གཡོ་བར་མི་ནུས་བཞིན།།
བསམ་མེད་ཅོལ་ཆུང་འགའ་ཡི་ཅལ་འདྲོགས་ཀྱིས།།
ཆིག་སྒྲིལ་གཏོར་བར་མི་ནུས་ཐུགས་མ་ཕམ།།
རྒྱལ་བའི་སྐུ་ཡི་གམ་དུ་འཚར་ན་ཡང་།།
ཐུཊ་ཀྱི་འཕྲིན་ལས་མི་འཇུག་བསྐལ་དམན་གྱི།།
སྨྱོན་པའི་གཏམ་ལ་ཆ་འཇོག་མི་རུང་བས།།
སྙིང་རྗེའི་ཡུལ་གྱུར་དག་ལ་ཐུགས་མ་ཕམ།།
རིང་ནས་བསྐྱངས་པའི་དྲིན་ལན་མ་ཤེས་ཤིང་།།
རང་མགོ་ཐོན་དུས་དྲིན་ཆེན་དགྲ་ལྟར་འཛིན།།
རང་ཚུགས་མེད་པའི་ལ་རྩེའི་དར་ལྕོག་བཞིན།།
རང་མགོ་གཞན་ལ་དབང་བར་ཐུགས་མ་ཕམ།།
རྒྱལ་ཀུན་ཐུགས་བསྐྱེད་གཅིག་ཏུ་སྤུངས་པ་ཡི།།
སྤྲུལ་པའི་ཉི་གཞོན་གངས་རིའི་ལྗོངས་སུ་བལྟམས།།
གཉའ་ཁྲི་བཙན་ནས་བསྟན་འཛིན་རྒྱ་མཚོའི་བར།།
བོད་འབངས་དྲིན་གྱིས་བསྐྱངས་བ་བཀའ་དྲིན་ཆེ།།
གསོན་པོ་རྣམས་ཀྱི་སེམས་ཀྱི་རེ་ས་དང་།།
གཤིན་པོ་དག་གི་རྣམ་ཤེས་འཁོར་ས་ཁྱེད།།
འཇིག་རུང་གཡང་ས་འདི་ལས་མ་གྲོལ་བར།།
ནམ་ཡང་ཐུགས་རྗེས་མ་དོར་བཀའ་དྲིན་ཆེ།།
རྒྱལ་བ་རིན་པོ་ཆེ།
ཐུགས་མ་ཕམ།
རྒྱ་བོད་མེ་ཆུ་འཐབ་པའི་བར་མཚམས་ནས།།
ཤི་གསོན་རྣམ་ཤེས་འཁོར་ས་སྟོར་བའི་དུས།།
ལ་མོའི་རྒྱབ་ཀྱི་ཉི་གཞོན་སྔུན་བསུས་ཏེ།།
མུན་པའི་དཀྱིལ་དུ་འོད་ཀྱི་ཕུང་པོ་སྤར།།
བསྡད་ས་ལག་མཐིལ་ཙམ་ཞིག་བསྟན་རྒྱུ་མེད།།
འགྲོ་ས་རྐང་ལམ་ཕྲ་མོའི་རྡོག་སྣེ་ཆད།།
རྒྱབ་ནས་དགྲས་དེད་མདུན་ན་མེ་མདས་བཀག།
བཀའ་གསུང་དྲོན་མོས་རྨི་ཐག་ལྷ་ལམ་སྦྱིན།།
ཡར་གི་གནམ་ལ་བལྟས་ནས་དབུགས་རྒོད་བརྩེགས།།
མར་གི་ས་གཞི་འཐམ་ནས་ལག་པ་འདར།།
སྙིང་ཆུང་བལ་འདབ་རླུང་གིས་བསྐྱེད་ཉིན་མོ།།
བཀའ་སློབ་ཅིག་གིས་སྙིང་ལ་རུས་པ་སྦྱིན།།
དམར་ཡག་སྟག་རྒོད་དབེན་པའི་ནགས་སུ་གབ།།
བྲེ་སེར་འབྲོང་གཡག་ཁྲ་ཡག་རྫ་ལ་འགྲིམ།།
ལག་ལྡན་སྦྲུལ་གྱི་སྙིང་པོའི་གནས་དེངས་ཀྱང་།།
ཁྱོད་ནི་འབངས་མིའི་དཀྱིལ་དུ་ཀྲང་ངེར་བཞེངས།།
ཤར་ནུབ་རླུང་གི་རྒྱུ་བ་ལ་འགྲན་ཅིང་།།
སྐར་ཆར་ཙམ་ལ་སོས་དལ་མ་གནང་བར།།
ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས།།
སྐུ་ཚེ་འདི་ཡི་ཡོད་ཚད་བློས་བཏང་གནང་།།
འོ་དྲི་མངར་མོ་ཁ་སྒོར་འཁྱིལ་བ་ནས།།
བརྒྱད་ཅུ་རྒན་པོའི་གྱ་སྟོན་བསུ་བའི་བར།།
ཤར་ནུབ་ཉི་ཟླ་བཞིན་དུ་བསྐོར་བསྐྱོད་ཀྱི།།
མཛད་པའི་རི་མོ་བོད་མིའི་ཆེད་དུ་བྲིས།།
ཤ་ལ་སྲེག་པའི་གཡོ་ཅན་ཁྱི་སྤྱང་དཔུང་།།
ལུག་པགས་གོན་ནས་ལུག་ཁྱུའི་གསེབ་ཏུ་འཇབ།།
ལྐུག་པའི་ལུག་ཁྱུ་སྤྱང་གི་རྗེས་བསྙེགས་ཏེ།།
ལུག་རྫི་རྒན་པོར་རྒོལ་བའི་སྒྱུ་འཕྲུལ་རྩོམ།།
རྐུན་མས་ཡ་ཡུག་བཤད་ལ་མི་མཚར་ཡང་།།
ནང་གི་བུ་མོས་རྐུན་མའི་ཕྱོགས་བཟུང་ནས།།
ཁ་མཆུ་ཕ་ལ་བཙུགས་པའི་གཏམ་རྒྱུད་དེ།།
མཐོང་ཐོས་མྱོང་དུས་རེ་བ་ལས་ཀྱང་ཆད།།
འོན་ཏེ་ཚེ་སྲོག་དམར་པོ་མེ་ལ་མཆོད།།
དགྲ་བོའི་མེ་མདའི་འོག་ཏུ་གུམ་པ་ཡི།།
རྒྱལ་གཅེས་དཔའ་བོའི་ཐ་མའི་ཞལ་ཆེམས་དང་།།
ཤི་མིག་བལྟ་ས་རྒྱལ་དབང་ཁྱོད་ཉིད་ལགས།།
དེང་རབས་ཚན་རིག་འཕྲུལ་ལ་མཁས་པ་དང་།།
དཔལ་འབྱོར་སྙན་གྲགས་ནམ་མཁའི་མཛོད་ལ་བརྙེས།།
སྟོབས་ཀྱི་དཔུང་བས་ས་གསུམ་དབང་དུ་བསྒྱུར།།
ཆེ་རྒུའི་ཚོགས་ལ་ཁྱོད་ཀྱི་ལམ་སྟོན་མཁོ།།
གྱ་ནའི་ཟས་ཀྱིས་མི་ཚེ་འཚོ་བ་དང་།
ཕྱུག་བཞིན་བཀོལ་སྤྱོད་བྱ་སའི་བྲན་གཡོག་དང་།།
རིགས་རུས་དམན་པའི་མགོ་བོ་ས་ལ་ཐུག།
དམན་པ་རྣམས་ལའང་ཁྱོད་ཀྱི་བྱམས་བརྩེ་མཁོ།།
མགོ་ནག་བོད་མི་ལ་སོགས་ཤར་ནུབ་ཀྱི།།
ཡུལ་གྲུ་གང་དུ་ལྟེ་མཚལ་འཕོས་པ་ཡི།།
སེམས་ལྡན་སྐྱེ་བོ་ཀུན་ལ་ཁྱེད་ཉིད་ཀྱི།།
བྱམས་བརྩེའི་བཀའ་སློབ་སྙིང་གི་རུས་པ་ཡིན།།
མདོར་ན་མཐོན་པོའི་གསེར་ཁྲིའི་བདག་པོ་དང་།།
དམའ་བ་ས་མཐའི་གད་པ་ཡན་ཆད་ལ།།
ཁྱོད་ཀྱི་བྱམས་བརྩེ་བཀའ་སློབ་ལམ་སྟོན་བཅས།།
མེད་ན་ཐམས་ཅད་ཆུ་ཤིང་སྐམ་པོ་ཉིད།།
ད་དུང་༧
གངས་ཅན་མགོན་པོའི་ཐུགས་རྗེ་དང་།།
བྱམས་བརྩེ་དྲོན་མོར་རེ་བའི་གངྒའི་ཀླུང་།།
རྡུལ་གྱི་གྲངས་ལ་འགྲན་པའི་སེམས་ལྡན་རྣམས།།
གླིང་བཞིའི་ནང་ན་མཎྜལ་བཞིན་དུ་སྤུངས།།
ཞེས་པ་འདི་ནི་ཉེ་ཆར་༧
སྐྱབས་མགོན་༧ རྒྱལ་བའི་དབང་པོ་མཆོག་ཐུགས་ཅུང་ཕམ་པའི་བཀའ་སློབ་རིན་པོ་ཆེ་ཕེབས་པ་དང་།
ཧ་ཅང་བློ་ཕམ་དང་། ཡི་ཆད།
སེམས་ཁྲལ་སོགས་རི་ཉུལ་བ་ལྟ་བུའི་ཚོར་བའི་ཀློང་ནས་རྩོམ་རེ་འབྲི་འདོད་ཀྱང་སྐབས་ཤིག་རིང་འབྲི་ཡང་མ་ཤེས་པར་ཉིན་ཤས་ལུས།
མཚམས་དེར་ལས་སྨོན་དམ་ཚིག་གཅིག་པའི་སྙན་ངག་པ་བེ་རི་དཔལ་ལྡན་རྣམ་རྒྱལ་ལགས་ཀྱིས་ཁ་བྱང་གཅིག་པའི་རྩོམ་ཞིག་ངེས་པར་དུ་བྲི་དགོས་པའི་བཀའ་སློབ་ཕེབས་པ་དང་།
ཧ་ཅང་ཉག་ཕྲ་བའི་དུས་ཚོད་ནང་ནས་དུས་ཚོད་སྒྲུག་སྟེ།
ཁྲི་མཐོན་པོར་དགྱེས་པའི་གོས་ཆེ་མ་དང་། ཁ་རྒྱལ་ཁམས་རྩེ་ན་ཉི་མ་ཤར།
དོན་ལག་ཏུ་ལེན་དུས་མུན་པ་རུབ་པའི་ཆབ་སྲིད་པ། དྲིན་ཅན་ལག་པ་རྡོ་རྡུང་ལ་གོམས་པའི་ཁྲེལ་མེད་མ།
མགོ་རུལ་པ་སྣ་བས་མི་འཚོ་བའི་བྱབ་ཆུང་འགས་བྱེད་བབས་དང་། ༧
རྒྱལ་དབང་དོན་གྱི་བདག་པོ་མཆོག་གི་བཀའ་དྲིན་གྱི་ངོ་ཤེས།
གདམས་ངག་གི་དོན་རྟོགས་པའི་སྒོ་ནས་གནད་ཀྱི་དོན་པོ་འགའ་ཚིགས་སུ་བཅད་པར་སྦྱོར་བ་འདི་ནི། སེར་བྱེས་ལྷ་རམས་པ་གྱི་ན་བ་གཙང་ཁ་བསོད་ནམས་རྡོ་རྗེ་རུ་འབོད་པས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་རང་ཤག་རིག་གནས་ཕོ་བྲང་དུ་
2015/
11/11 ཉིན་བྲིས།
རྒྱལ་བ་རིན་པོ་ཆེ།
ཐུགས་མ་ཕམ།
ངེད་ཚོའི་འཁོར་བ་སྡུག་གིས་བཏབ་ཙ་ན།།
འོད་ཀྱི་གུར་ཆུང་དཀར་པོ་ཁྱེད་ལས་སུ།།
མིག་ཆུ་རྡོག་པོ་ཐང་དུ་ལྷུང་ཐེངས་དེར།།
འཛུམ་གྱིས་དམུལ་མཁན་ཁུ་བྱུག་ཁྱེད་ལས་སུ།།
ཐུགས་རྗེ་གངས་དཀར་འདབ་མའི་རང་མདངས་ཁྱེད།།
ནར་མའི་དྲུག་འགྱུར་རྟག་ཏུ་འཇེབས་པ་ཁྱེད།།
ངེད་ཚོའི་དོན་ལྔ་སྣོད་དྲུག་འཁོར་ས་དེ།།
ངེད་ཚོའི་མགོ་བོར་འཕུར་བའི་མཁའ་ལྡིང་དེ།།
ཁོ་བོའི་སྙིང་ཀར་འཁྲེམས་པའི་ཟུངས་ཁྲག་དེ།།
ཁོ་བོའི་མིག་ཟུང་འགུག་པའི་ཁ་དོག་དེ།།
ཕྱག་ན་པད་མོ་འོད་སྟོང་འཕྲོ་བ་ཁྱེད།།
ཕྱོགས་ཀུན་ཁྱབ་པའི་ཕུ་བོ་རྒོད་པོ་ཁྱེད།།
ཐུགས་སེམས་མ་ཕམ་ཕ་ལོ་དྲིན་ཅན་ལགས།།
མ་ཕམ་གཡུ་མཚོ་ཁྱེད་ཕྱོགས་བཞུར་ནས་ཡོད།།
ཇོ་མོ་གླང་མས་་ཁྱེད་ལ་བལྟས་ནས་ཡོད།།
པོ་ཏཱ་ལ་ཡིས་ཁྱེད་ལ་སྒུག་ནས་ཡོད།།
རིན་པོ་ཆེ། ཐུགས་མ་ཕམ།
འཇམ་དབྱངས་གྲགས་པ།
ཁྱེད་ཀྱི་གོམ་པ་རེ་རེ།
ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེ་གྱུར་སོང་།
ཁྱེད་ཀྱིས་ཡོད་ཚད་མིའི་རིགས་ཀྱི་ཆེད་དུ་ཕུལ་ཡང་།
ལན་དུ་ཁ་ལོག་ཚིག་ལོག་འབའ་ཞིག
ཁྱེད་ཀྱིས་བོད་བསྐྱབས་ཀྱང་།
ཁོ་ཚོས་བོད་བཙོང་བ་མཐོང་།
ཁྱེད་བོད་ལ་ཤ་ཚ་ཡང་།
ཁོ་ཚོས་བོད་ལ་ཞེ་ནག་པ་མཐོང་།
འདི་ནི་སྙིགས་མའི་སེམས་ཅན་གྱི་རང་བཞིན་ཡིན་སྲིད་ལ།
དམར་པོའི་སློབ་གསོའི་གྲུབ་འབྲས་ཡིན་ཀྱང་སྲིད།
གང་ཡིན་ཡང་། རིན་པོ་ཆེ།
བློ་མ་ཕམ།
འགྲོ་བ་བྱམས་ཀྱིས་སྐྱོང་བའི་ཐུགས་དམ་དེའི་ཆེད་དུ།
བསྟན་པའི་སྲོག་ཤིང་འཛིན་པའི་ཐུགས་སྤོབས་དེའི་སླད་དུ།
ལམ་སྣ་དྲོངས་དང་། སུ་མ་ཡོང་རུང་། ང་ཁོ་ན་དམྱལ་བ་མནར་མེད་འགྲིམས་དགོས་ཀྱང་།
ཁྱེད་ཀྱི་རྗེས་སུ་འབྲང་ནས།
ལས་ངན་པའི་འགྲོ་བ་གཅིག་ཀྱང་འཁོར་བར་མི་འཇོག་པའི་དམ་བཅའ་ཕུལ་ཆོག འགྲུབ་ལྕགས་ཀྱིས།
རྒྱུ་མི་སྲིད་པའི་ཐུགས་ཕམ་ཞིག་ག་ལ་ཡོང་།
ལྡན་སྟོང་ཐུན་སྨྲ་བའི་ཉི་མ།
དར་ཆ་དམར་པོ་ཁྲག་གི་རླུང་འཚུབ་འོག།
གངས་སེང་གཡུ་རལ་གསིགས་པའི་ལོ་རྒྱུས་ཅིག།
རྒྱལ་སྤྱི་མིག་གི་རྒྱུ་ལམ་འཁྱུགས་པའི་མོད།།
མཐོ་སྒང་བོད་ཀྱི་བྲང་རུས་གང་སར་བཀྲམ།།
བགྲང་བྱ་བརྒྱད་བཅུའི་ལེའུ་འཁྲབ་སྟོན་ནང་།།
དགོན་སྡེ་ཕལ་ཆེ་སྲོལ་རྙིང་ནད་ལས་བསངས།།
ཚན་རྩལ་ཕལ་ཆེ་ཞི་བདེའི་མལ་དུ་སྦྲེལ།
ཆེ་རློམ་ཕལ་ཆེ་ཤེས་རབ་མན་ངག་བསླུས།།
བདེན་གཉིས་ངོ་གདོང་སྐྱ་མོ་དབྱེ་བའི་ཀློང་།།
ལྟོས་གྲུབ་སྤུ་གྲི་སོ་ཡིས་ཆ་རེར་གཤགས།།
ལྟ་གྲུབ་རུ་མཚོན་སྒྲེང་པའི་གད་འོག་ན།།
ཁྱོད་ཉིད་བདེན་པའི་གཅེར་བུ་ཁེར་རྒྱུགས་ཅིག།
ཐ་མལ་སྣང་ཞེན་མ་དག་གཡའ་ཡི་དྲི།།
སྦྱོང་བྱེད་ལམ་གྱི་ཆོ་འཕྲུལ་འཁྱུགས་པའི་ཤུལ།།
དག་པའི་སྒྱུ་ལུས་ཆུ་ནང་མཛེས་མའི་གཟུགས།།
འགྲོ་ཀུན་ཕན་བདེ་སྒྲུབ་ལ་རླུང་བཞིན་གཡོ།།
གཞི་དུས་སྐུ་གསུམ་ལམ་གྱི་གར་སྟེགས་སུ།།
འབྲས་དུས་སྐུ་གསུམ་སྨིན་ལེགས་ཟུར་མིག་གཡོ།།
གཉུག་སེམས་ཕྲ་མོའི་དྷཱི་ཡིག་པད་འདབ་ནང་།།
སྒྱུ་ལུས་འོད་གསལ་དུངས་པའི་བདེ་བ་འཛག།
དེ་སྐད་སྨྲས་འདི་གཞན་དྲིང་མི་འཇོག་པ།།
བདག་བློ་པིར་གྱི་རྩེ་ནས་འཕོས་པ་ལས།།
ཆེན་པོ་དག་གི་ངག་འགྲོས་འཐུ་བ་དང་།།
ཅལ་འདྲོགས་བྱིས་པའི་རྣམ་ཤེས་ཅི་ལ་མཚུངས།།
ཕྱི་མིག་གཅེར་གྱིས་འཕངས་པའི་དེ་རིང་གི་དྲན་ཚོར་འདི།
མདོ་སྟོད་ས་ཡི་ཐིག་ལེར་ལྟེ་ཁྲག་འཕོས་པའི་ལྡན་སྟོང་ཐུན་སྨྲ་བའི་ཉི་མ་ནས།།
ངའི་བླ་མ། ཐུགས་མ་ཕམ།
ཚ་སྒང་བསེ་རུ།
མཆོག་གསུམ་རྒྱ་བ་རྒྱ་མཚོ་སྙིང་རྗེའི་གཟུགས།།
ཟློས་གར་མི་ཡི་རྣམ་རོལ་པད་ཀ་འཆང་།
ཉམས་ངར་ཀླུང་ནས་གངས་ཅན་སྐྱབས་མགོན་པོ།།
དུས་གསུམ་དགེ་ཚོགས་ཀློང་ནས་གཙུག་གིས་མཆོད།།
རྒྱ་དམག་མེ་མཚོན་ལྷ་ས་མཐའ་རུ་སྐོར།།
སྐུ་དྲག་མི་ཆེན་འགན་གྱི་མ་བཟོད་པ་།།
ལོ་ན་བཅུ་དྲུག་ཅན་གྱི་བཙུན་པ་ཞིག།།
བོད་འདི་སྐྱབས་པས་བཀའ་དྲིན་སྙིང་ནས་ལྕི།།
གསོལ་རྒྱུན་རིགས་གཞུང་ཙམ་གྱི་མ་ཚད་པ།།
བོད་ཞེས་མིང་ཙམ་ལྷག་མེད་དུས་ངན་སྐབས།།
ཤི་གསོན་མཚམས་འདི་སེམས་པ་ཁྱེད་ཀྱི་སྐྱབས།།
དྲིན་ཅན་སེམས་དབུས་ལྕི་བས་ཐུགས་མ་ཕམ།།
དྲིན་ལན་ལོག་པར་མཇལ་བའི་མི་ངན་འགས།།
རྨོངས་པའི་གྲོང་ཁྱེར་འཇུག་ནས་ཝ་ངན་སྐད།།
རྨོངས་པས་འཆར་སྣང་ཀློང་ནས་སྐུལ་འདེབས་དག།
རྨོངས་པའི་བྲན་དུ་གྱུར་པས་ཐུགས་མ་ཕམ།།
སྔོན་དུས་གངས་ཅན་དོན་དུ་ཐུགས་ཀྱང་སྐྱེད།།
སྐུ་ཚེ་གངས་ཅན་དོན་དུ་བརྒྱད་ཅུ་བརྒལ།།
བོད་ཞེས་མིང་ཚིག་གོ་ལའི་ཡོངས་ཁྱབ་དག།
དྲིན་ཅན་སྙིང་དབུས་ཆེ་བས་ཐུགས་མ་ཕམ།།
བླ་མ་ལཊ་ལྷག་ཏུ་དྲན།
རག་ཤུལ་སྐལ་ཐེག
ཤི་གསོན་ཆཊ་འཇིགས་མཚམས་ཀྱི་འགག་སྒོ་ནས།།
འབོད་སྒྲ་སྒྲོགས་ནས་རྔུལ་ཆུ་ཟག་སྟངས་དེ།།
གདོང་དམར་ཚང་གི་ཚབ་མཚོན་མིན་ན་ཅི།།
འདི་ཚོ་བསམ་ན་བླ་མ་ལྷག་ཏུ་དྲན།།
དཀའ་སྡུག་ཁྲི་མ་འབུམ་གྱི་འཕྲང་རིང་ནས།།
ལ་ལུང་དུ་མ་བརྒལ་ནས་ཡོང་དོན་འདི།།
བདེན་པའི་འཐབ་རྩོད་ཆེད་དུ་མིན་ན་ཅི།།
འདི་ཚོ་བསམ་ན་བླ་མ་ལྷག་ཏུ་དྲན།།
ཕ་ས་སྒྲ་ལག་ཤོར་བའི་ནུབ་མོ་ལ།།
ཁྱེད་རང་ཁེར་རྒྱུག་བྱས་པའི་རྣམ་ཐར་འདི།།
དཔའ་བོ་ཞིག་གི་བྱེད་སྟངས་མིན་ན་ཅི།།
འདི་དག་གཞིགས་ན་བླ་མ་ལྷག་ཏུ་དྲན།།
བསམ་ཤེས་མེད་པའི་རྒྱུག་ཁྱི་འགའ་ཤས་ཀྱིས།།
དོན་མེད་ནོར་འཁྲུལ་རྫིས་བའི་གྱོང་ཁ་འདི།།
སྐྱེ་བོ་འཛངས་ལྡན་ཞིག་གིས་བྱེད་སྟངས་འགལ།།
དྲིན་ཆེན་བླ་མ་བཀའ་དྲིན་མ་ཆུང་རོགས།།
ལོ་རྒན་བརྒྱད་བཅུ་ཕེབས་པའི་ཡབ་ཆེན་ལགས།།
ད་དུང་བཞུགས་རོགས་ཐུགས་སེམས་འཕམ་མི་དགོས།།
གང་ཞིག་ཆཊ་རུང་ཁྱེད་རྗེས་སྙིགས་ངེས་ཡིན།།
བཀའ་དྲིན་མཛོད་ཅིག་ཇི་སྲིད་གནས་པ་ཤོག།
༧གོང་ས་མཆོག་གིས་ཉེ་ཆར་སོག་ཤོད་བརྟན་གཞུགས་སྐབས་གནང་བའི་བཀའ་སློབ་ཞིག་ལ་བལྟས་རྗེས་སེམས་ཚོར་ཙམ་བྲིས་ཁུལ་ཡིན ༢༠༡༥/༡༡/༧ ཉིན་དགོང་མོ་ས་རྭ་མཐོ་སློབ་ནས།
རྒྱལ་དབང་ཚང་ཐུགས་མ་ཕམ།
འབའ་སྲས།
སྐུ་ཡི་ཁྱུ་མཆོག་གཞོན་པའི་དུས་ནས་བཟུང་།།
གངས་རིའི་བདེ་སྡུག་རི་ཆེན་བཏེགས་བྱས་ཏེ།།
འཛམ་གླིང་སྒང་ལ་བརྟན་པའི་མཛད་པ་ཆེ།།
བདག་གི་རྒྱལ་བ་དམ་པའི་ཐུགས་མ་ཕམ།།
གསུང་གི་ལེགས་བཤད་འཛད་མེད་ཆར་དུ་བསྙིལ།།
བྱམས་བརྩེ་མཚོ་ཡི་མེ་ཏོག་ཟུམ་པ་མེད།།
ཇི་སྙེད་མཛད་པ་གང་ཞིག་རང་རིགས་དོན།།
སྤྱན་རས་གཟིགས་དབང་མཆོག་གི་ཐུགས་མ་ཕམ།།
ཐུགས་རྗེའི་ཉི་འོད་མ་མཐོང་འུག་པ་འགའ།།
བསླུ་བྲིད་མུན་པའི་འོག་ལ་མགོ་འཁོར་ནས།།
གཞན་གྱི་མགྲིན་པའི་ཚབ་བྱས་སྒྲ་སྒྲོགས་པ།།
རྨོངས་པའི་དབང་གྱུར་རྒྱལ་བ་ཐུགས་མ་ཕམ།།
གང་ལ་ཕན་པ་བདེ་ལེགས་འབྱུང་བའི་གཞི།།
རྩི་ཡི་དྭངས་མ་བདུད་དུ་འགྱུར་བ་གང་།།
སྐལ་བ་ཤིན་ཏུ་དམན་པའི་སྐྱོན་ཕྱིར་ན།།
འཕགས་མཆོག་ཕྱག་ན་པད་མོ་ཐུགས་མ་ཕམ།།
རྨོངས་པའི་བློ་ཅན་འགའ་ཡི་གཟུགས་བརྙན་དང་།།
སྐུལ་བ་ངན་པའི་གཏམ་གྱི་མགྲིན་ཚབ་པ།།
སྒྲ་སྡུད་འཕྲུལ་ཆས་འདྲ་བའི་བྱིས་བློ་ཅན།།
ཐུགས་ཕམ་གནང་རན་མེད་དོ་རྒྱལ་དབང་ཚང་།།
རང་ལུས་རང་གི་རྐང་བར་ཐོག་ཡོད་ཀྱང་།།
མགོ་བོ་གཞན་གྱི་དབང་དུ་གྱུར་བ་འགའ།།
རང་ཚུགས་གཏན་ནས་མེད་པའི་མི་ཕྱིར་ན།།
ཐུགས་ཕམ་གནང་རན་མེད་དོ་རིན་པོ་ཆེ།།
བོད་ཡུལ་མུན་པའི་ཀློང་ནས་སྐྱོབ་པ་པོ།།
བདེ་སྐྱིད་སྣང་བ་ས་ལ་འཕྲོ་མཛད་པ།།
གངས་རིའི་ཉི་མ་ཆེན་པོ་ཁྱོད་ཕྱིར་ན།།
སྲིན་འབུ་མེ་ཁྱེར་དག་ལ་ཐུགས་མ་ཕམ།།
གང་གི་མཚན་སྣེ་གསེར་གྱི་རྨུ་ཐག་ལ།།
མ་འཇུས་སུ་ཡིས་རྐང་བའི་རྡུལ་ཕྲན་ཙམ།།
འཇོག་སའི་ས་ཞིག་སུས་ཀྱང་བརྙེད་དཀའ་ན།།
ཁ་བཤད་སྟོང་བ་ཚོ་ལ་ཐུགས་མ་ཕམ།།
རང་ཅག་ཨ་མདོའི་ཡུལ་དུ་གཏམ་ཞིག་མཆིས།།
ར་མ་འཕགས་པས་ར་ཁང་མི་ཤིགས་དང་།།
བོང་བུ་འདར་བས་ས་རྒྱ་མི་ཆོད་ཅེས།།
གཏམ་འདི་ཤིན་ཏུ་བདེན་ནོ་ཐུགས་མ་ཕམ།།
ཁྱི་རྒན་ལྟོ་ཡིས་རྒྱགས་ན་བདག་པོར་ཟུག
།
ར་མ་བདེ་སར་མི་འདུག་བྲག་ལ་འགོ
།
གཏམ་དཔེ་འདི་ཡང་གནད་ལ་འཕོགས་པ་སྟེ།།
མི་གཟུགས་ཁྱི་མགོ་ཅན་ལ་ཐུགས་མ་ཕམ།།
བུ་ཕྲུག་ངན་པས་ཕ་མའི་དྲིན་མི་ཤེས།།
ཕྱུགས་ཟོག་དགའ་བོས་བདག་པོའི་དྲིན་མི་བརྗེད།།
དེང་དུས་མི་འགའ་དུད་འགྲོར་མི་དོ་བས།།
རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཐུགས་མ་ཕམ།།
གང་གིས་ཐུགས་ཕམ་ཡོད་ཅེས་བརྙན་ཐུང་ཞིག
།
གྱི་ན་བ་ངས་ཁ་སང་མཐོང་བས་ན།།
མིག་ལ་མཆི་མ་དབང་མེད་ཤོར་བཞིན་དུ།།
དེ་རིང་ཐུགས་ཕམ་མ་གནང་ཞུ་གསོལ་ཕུལ།།
ཞེས་དེང་དུས་ཀྱི་སྙན་ངག་སྨྲ་བའི་ཁྲོད་ཀྱི་གྱི་ན་བ་འབའ་སྲས་སམ་ཁ་སྒང་བསམ་གཏན་རྒྱ་མཚོ་མིང་ཅན་གྱིས་ནུབ་ཕྱོགས་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་གྲོང་ཁྱེར་ནས་ལས་ཞོར་དུ་འགོ་བརྩམས་ཤིང་མེ་འཁོར་ནང་རྒྱུན་མཐུད།
རང་ཁྱིམ་དུ་མཇུག་གྲུབ་པར་བྱས་པ་འདིས་ཀྱང་གངས་རིའི་ར་བའི་དོན་གྱི་བདག་པོ་བཀའ་དྲིན་དང་ཐུགས་རྗེ་གཞལ་མཐའ་བྲལ་བ།
རང་ཅག་བསོད་ནམས་ལྡན་པ་དག་གི་མེ་ཏོག་གང་ལ་འཕོགས་པའི་ལྷ་སྐལ།
དོན་གྱི་སླད་དུ་མཚན་ནས་སྨྲས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་གང་ཉིད་ཀྱི་ཚད་མེད་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཇི་སྙིད་པ་མཁའ་རུ་ཇི་ལྟར་ཁྱབ་པ་དེ་ལྟར་གནས་པར་གྱུར་ཅིག་གུ
། །།
རིན་པོ་ཆེ།
ཐུགས་མ་ཕམ།
བེ་རི་རྒྱལ་སྲས།
ཉི་གཞོན་དམར་པོ་ནུབ་རིའི་ཕག་ཏུ་ལྷུང་།།
སྨག་ཆེན་སྟུག་པོས་རི་ལུང་ཀུན་ནས་བསྡམས།།
འབྱུང་པོས་ཐན་སྐད་སྒྲོག་པའི་མཚན་གཞུང་ནས།།
སྐྱབས་འཇུག་ལྷ་ལ་ཞུས་ཡོད་དགོངས་པར་མཛོད།།
རྐང་པ་འཛུགས་ས་མེད་པའི་ས་མཐའ་ནས།།
མགོ་བོ་གནམ་ལ་བཏེགས་པའི་སྤོབས་པ་འདི།།
བླ་མ་དྲིན་ཆེན་ཁྱེད་ཀྱིས་གནང་བས་ན།།
དྲིན་ལ་དྲིན་ལ་བསམས་ཡོད་ཐུགས་མ་ཕམ།།
ཤི་གསོན་ཆཌ་འཇིག་མཚམས་ཀྱི་འཕྲང་ལམ་ནས།།
ཁྱེད་ཀྱིས་མཐེ་བོང་བསྒྲེངས་པའི་རྔུལ་ཆུ་ཡིས།།
བོད་དང་བོད་མི་གསོན་པོར་གནས་པ་འདི།།
བླ་མ་ཁྱེད་ཀྱི་དྲིན་ཡིན་ཐུགས་མ་ཕམ།།
རྒྱུད་བདག་མེད་པའི་ཁྱི་རྒན་འགའ་རེ་ཡིས།།
རྐུན་མར་མ་ཟུག་བདག་པོར་ཨབ་པ་ལ།།
དཔའ་བོར་རྩི་བའི་དུད་འགྲོ་དེ་དག་ལའང་།།
དྲིན་ཆེན་བླ་མའི་ཐུགས་རྗེ་མ་ཆུང་རོགས།།
ཁྱེད་ཉིད་ཡོད་ན་བོད་འདི་གནས་འགྱུར་ཞིང་།།
ཁྱེད་ཉིད་མེད་ན་བོད་ཀྱང་ཤི་འགྲོ་ན།།
བོད་ཀྱི་ཤི་གསོན་ཁྱེད་ཀྱི་ཕྱག་ཡོད་པས།།
བླ་མ་ནམ་ཡང་ཐུགས་སེམས་ཕམ་མི་ཆོག།
ལོ་རྒན་བརྒྱད་ཅུར་ཕེབས་པའི་ཡབ་ཆེན་མཆོག།
ཐུཌ་བདེར་མཛོད་ཅིག་ཐུཌ་སེམས་ཕམ་མི་དགོས།།
ཅི་ཞིག་བྱུང་ཡང་ཁྱེད་རྗེས་འབྲང་ངེས་ཡིན།།
ང་ཚོ་ཏཱ་ལའི་བླ་མའི་གཅེས་ཕྲུག་ཡིན།།
༢༠༡༥/༡༡/༧
ཉིན། སྔ་དྲོ། ཚོུད།༨:༡༠ རང་སྤྱིལ།
ཉེ་ཆར་གནང་བའི་"སྐུ་ཚེའི་མཛད་རྗེས་དང་ཐུགས་ཕམ་གནས་ཚུལ།"
སྐོར་གྱི་བཀའ་སློབ་ཉན་རྗེས་ཡིད་སེམས་རབ་ཏུ་སྡུག་ནས་ཚོར་བ་གང་ཤར་ཡིག་ཐོག་ཏུ་བཀོད།