Tuesday, February 10, 2015

བསམ་བློ་དེ་ཆེ་དྲགས་སོང་། སེམས་པ་དེ་ཆུང་དྲགས་སོང་།




ལྷགས་རླུང་རྩུབ་མོས་བསྒུལ་བའི་མཚན་ལྗོངས་ན།།
སྔུར་པའི་འཇིག་རྟེན་དཀྲོགས་པའི་ཡོ་ལང་གིས།།
ཡོད་ཚད་བདེ་བས་ཟིན་པའི་ཕོ་བྲང་སྟེ།།
རྨི་ལམ་ཞིང་ཁམས་དེ་ཡང་ཧད་ཀྱིས་གཏོར།།


ཟུངས་ཁྲག་སྙིང་ཁར་འཁོལ་བའི་ན་ཟུག་གིས།།
བག་ཁུམ་ཚལ་བར་གཤགས་པའི་སྙིང་སྟོབས་ཀྱིས།།
གང་སར་ཤུགས་ཀྱིས་མཆོང་པའི་མཇུག་འབྲས་སུ།།
དབུགས་རིང་འདི་ཀོ་དྲན་རྟེན་ལེགས་སྐྱེས་ཤིག།

ཕྱི་ནང་འཇིག་རྟེན་མཐོང་བའི་མིག་རྒྱང་དང་།།
ལུགས་ཟུང་རིག་གནས་ཐོས་པའི་བློ་སྟོབས་ཀྱིས།།
འཇིག་རྟེན་ཕལ་བ་བགྲོད་པའི་འཕྲང་ལམ་ན།།
ཁོ་བོའི་རྐང་རྗེས་སྤར་ན་ཅི་བས་ཁྲལ།།

ཤེས་རིག་ཁོག་པར་འཁྱིལ་བའི་རློམ་སེམས་ཀྱིས།།
རང་གི་མིག་ཟུང་འོག་གི་འཇིག་རྟེན་འདི།།
འོད་ཀྱི་ཞིང་ཁམས་བསྒྱུར་བའི་སྟ་གོན་སྐབས།།
སྨག་རུམ་དྲ་བའི་གསེབ་ན་རང་ཡང་འཆིང་།།

བསམ་བློ་གནམ་ལ་ཕྱོགས་པའི་ཆོད་སེམས་དང་།།
ཕུཌ་བསམ་རིང་ལ་བཅང་པའི་སྙིང་སྟོབས་གཉིས།།
མི་མངོན་མཆེ་སྡེར་བགྲད་པའི་གསོན་འདྲེ་ཡིས།།
ལྷན་དུ་ཕྲོགས་པའི་ཟུག་རྔུ་སུ་ལ་སྒྲོག།

རེ་བའི་མིག་ཟུང་ནམ་ཡང་མ་ཟུམ་ཡང་།།
མི་ཁ་རྩུབ་མོས་སེམས་ཆུང་དུམ་བུར་དབྲལ།།
ཆགས་གྲུམ་ཤོར་བའི་ཟུར་གསུམ་སྙིང་ཆུང་འདི།།
བརྩེ་བས་སྐྱོར་མཁན་རང་ཉིད་ཙམ་དུ་ཟད།།

༢༠༡༤/༧/༣༠ཉིན། ཝཱ་རཱ་ཎ་སི་བོད་ཀྱི་མཐོ་སློབ་ཉེ་འཁྲིས་ནས།