Tuesday, February 10, 2015

སྟོན་པ་རྗེས་སུ་དྲན་པའི་སྙན་ངག

སྟོན་པ་རྗེས་སུ་དྲན་པའི་སྙན་ངག

                                                               བེ་རི་རྒྱལ་སྲས།

༼གླེང་སློང་བ།༽
འཇིག་རྟེན་བདེ་མཆོག་རྡོག་པས་རྫིས་བྱས་ཏེ།།
མི་མེད་ལུང་སྟོང་ཞིག་ན་ལོ་དྲུག་རིང་།།
ཟས་བཅད་ངོ་རྒོལ་གནང་བའི་འཐབ་རྩོད་པ།།
གཞོན་ནུ་དོན་གྲུབ་ཁྱེད་ནི་ལྐུགས་པ་ལ།།

མཛེས་མས་ཡོད་ཚད་འབུལ་བའི་དྲིན་ལན་དུ།།
དབང་པོ་ཐམས་ཅད་བསྡམས་པའི་སྒྲིག་སྲོལ་ལ།།
ཚུལ་ཁྲིམས་མཚན་གྱིས་བསྙད་པའི་ཁྲིམས་དཔོན་མཆོག།
ང་ཡི་རང་དབང་འཕྲོག་མཁན་ཁྱེད་ཉིད་ཡིན།།



ཀུན་གྱིས་བྱས་པ་ང་ཡིས་མི་ཆོག་ཅིང་།།
ཐམས་ཅད་འཛུལ་སར་ཁོ་བོ་མི་རུང་ལ།།
ཡོད་ཚད་འགྲོ་སར་བདག་ནི་མི་ཕོད་པས།།
ང་ཡི་འགྲོ་ལམ་འགོག་མཁན་ཁྱེད་ཉིད་ཡིན།།


མི་ལོ་ཉི་ཤུར་ཁྱེད་ཞབས་ལྡག་པ་ལས།།
ཁོ་བོའི་འགྲམ་གྱི་མི་བུ་ཕལ་མོ་ཆེས།།
ཡེ་ནས་མ་སླེབས་གཏན་ནས་མ་མྱོང་བའི།།
སྔོན་མེད་བདེ་བ་ཞིག་གིས་བདག་ལ་འཁྱུད།།


ཐམས་ཅད་སྒྲ་ལ་ཆགས་པའི་ཡོ་ལང་ཁྲོད།།
ཀླད་མེད་ཨུ་ཚུགས་ཅན་གྱི་ཉམ་ཆུང་ངས།།
ཁྱེད་ཞབས་མིག་ཆུས་དཀྲུས་པའི་ཁུ་བ་ཡིས།།
དུག་གསུམ་དྲི་མ་ཡོངས་སུ་དག་གྱུར་ཅིག།


༼ང་ཁྱེད་ལ་ཧང་སངས་དོན།༽
མཛེས་མ་སྟོང་གིས་བསྐོར་བའི་དཀྱིལ་འཁོར་ན།།
འཐམ་འཁྱུད་བདེ་བའི་དབྱིངས་ལ་མ་ཞུགས་པར།།
ལུང་སྟོང་ཞིག་ན་ལྟོ་སྐྱ་གོས་ཧྲུལ་གྱི།།
འཚོ་བར་ཞེན་ཆགས་གནང་མཁན་གླེན་རྟགས་ཁྱེད།།


ཁྱེད་ལ་ལུས་ངག་ཡིད་གསུམ་ཕུལ་མྱོང་བའི།།
ས་མཚོ་མཛེས་མ་མཁར་ནས་མཆོང་ན་ཡང་།།
བསླབ་པའི་སྡོམ་པ་ཐུགས་ཀྱིས་མ་བཏང་བའི།།
གཽ་ཏམ་ཁྱེད་ནི་ཚོར་བ་མེད་མཁན་ཞིག།


༼ངས་ཁྱེད་ལ་དད་པ་བྱེད་དོན།༽

ལུང་པ་རེ་ལ་བླ་མ་ཆེ་ཆུང་རེ།།
བླ་མ་རེ་ལ་ཆོས་ལུགས་གྲུབ་མཐའ་རེ།།
དེའི་ཕྱིར་ཆོས་ལྤགས་གྱོན་པའི་ཟློས་གར་ལ།།
ཆུང་ངུའི་དུས་ནས་ཡིད་ཀ་ལོག་ཚར་ཡོད།།


དེ་ལྟར་ན་ཡང་ཁྱེད་གསུང་མཇལ་བའི་མོད།།
ཐེ་ཚོམ་ཞིག་གིས་ཀླད་རྩ་རྨང་ནས་བསྒུལ།།
དོགས་སློང་ཞིག་གིས་སེམས་པ་གཏིང་ནས་གཡོ།།
ཡིད་ཆེས་ཤིག་གིས་སྙིང་ཁར་དམ་དུ་འཁྱུད།།


གློ་བུར་དྲི་མའི་དངོས་འཛིན་སྤྲིན་ཕུང་ཚོགས།།
དོན་དམ་འགོག་པའི་མཁའ་ལ་འཐིམ་པ་ཡི།།
ཆོས་དབྱིངས་དག་པའི་ཞི་བ་མྱང་འདས་ལ།།
བྲལ་མེད་དགའ་བས་འཁྱུད་མཁན་ཁྱེད་ཉིད་ཙམ།།


ཆོས་ཀུན་རང་བཞིན་གདོད་ནས་སྟོང་པ་ལ།།
རྟེན་འབྲེལ་ལྟོས་བཅས་རྣམ་གཞག་འཇོག་པའི་ཚུལ།།
ཐུབ་པ་ཁྱེད་ཀྱིས་མ་གཏོགས་མི་འཇོན་ལ།།
ཇི་བཞིན་གོ་བའི་སྐྱེས་བུ་རེ་གཉིས་ཙམ།།


བདག་ཉིད་འཚོལ་བའི་འགྲུལ་བཞུད་རིང་པོའི་ནང་།།
བདག་གི་སྟེང་ནས་བདག་ཉིད་མ་རྙེད་ཀྱང་།།
ཚོགས་ལ་བརྟེན་ནས་བདག་ཉིད་འཇོག་ཚུལ་དེས།།
བདག་དང་བདག་གི་སེམས་པ་ལྷོད་ལ་བབ།།


ཐམས་ཅད་རྟོག་པས་བཏགས་པའི་ལྟ་གྲུབ་ཀྱིས།།
འདི་སྣང་སྒྱུ་མའི་ཡོ་ལང་གཏོར་ན་ཡང་།།
ཁྱེད་ཀྱང་རྟོག་བཏགས་ཡིན་པའི་འཛིན་པ་ཡིས།།
སྐབས་རེར་མ་བདེ་ཞིག་ཞིག་དལ་གྱིས་འོངས།།


ཐུབ་པ་ཁྱེད་ཀྱི་གདམས་ངག་རེ་རེ་ལ།།
ཕྲ་ཞིབ་རིགས་པས་དལ་གྱིས་དཔྱད་པ་ན།།
ཁྱེད་ཀྱི་དགོངས་པ་ཇི་བཞིན་རྟོགས་དཀའ་ཡང་།།
ཐེ་ཚོམ་གྱིས་ཀྱང་བདེ་བ་མཆོག་ཏུ་སྟེར།།


ཆུང་ངུའི་དུས་ནས་གདན་ས་རྒྱ་མཚོའི་ནང་།།
བཤེས་གཉེན་མཁས་པའི་ཐུགས་རྗེ་བྱིན་རླབས་ཀྱིས།།
ཁྱེད་གསུང་ཐོས་པའི་སྐལ་བ་ཐོབ་པ་དེ།།
ཡང་ཡང་བསམ་ན་དགའ་བས་འཛུམ་མ་ཁོག།

༼ མཇུག་བསྡུ་བ།༽
ཀུན་གྱིས་ཤུལ་དུ་བསྐྱུར་བའི་ཉམ་ཆུང་ངས།།
གློ་སྙིང་བྲང་གསུམ་ཁྱེད་ལ་ཕུལ་ཡོད་པས།།
འདི་ཕྱི་བར་དོ་སྐྱེ་བ་ཐམས་ཅད་དུ།།
ཁྱེད་ཀྱིས་བསྐྱབ་རྒྱུ་ནམ་ཡང་མ་བརྗེད་རོགས།།


གང་གི་ཆེད་དུ་བསྔོ་སྨོན་བྱེད་ས་ནི།།
དྲིན་ཆེན་ཕ་མ་གཉིས་ལས་མེད་པས་ན།།
ད་ཕྲུག་ཁོ་བོའི་གདུང་འབོད་ལ་གཟིགས་ནས།།
དྲིན་ཆེན་གཉིས་ལའང་གཟིགས་པ་མ་ཆུང་རོགས།།

༢༠༡༤/༧/༣༡ ཆོས་འཁོར་དུས་ཆེན་ཉིན། སྟོན་པས་ཆོས་འཁོར་ཐོག་མར་གང་དུ་བསྐོར་བའི་གནས་མཆོག་ཝཱ་རཱ་ཎ་སཱི་དྲང་སྲོང་ སྨྲ་བ་རི་དྭགས་ཀྱི་ནགས་སུ། དཔེ་ཆ་བ། སྙན་ངག་པ། སྤྲང་འཁྱམ་པ། ཉམས་ཞིབ་པ། རྒྱལ་ཁམས་པ། གཉིས་མེད་པ། ཐ་ཤལ་བ། བེ་རི་རྒྱལ་སྲས་ཀྱིས་བྲིས།