ཁོ་བོའི་ཆེས་ཐོག་མཐའི་བརྩེ་དུང་གི་གཏམ་རྒྱུད།
བེ་རི་རྒྱལ་སྲས།
དེ་རིང་ཕྱི་རོལ་ན་ཆར་པ་ཟིམ་ཟིམ་དུ་འབབ་བཞིན་འདུག་ཀྱང་། དགུན་ཁའི་གྲང་ངར་རྩུབ་མོ་དེ་ཡལ་ཟིན་པས་གནམ་གཤིས་བསིལ་ལྷང་ལྷང་ཞིག་རེད། ཁ་རྩང་ནས་ངའི་སེམས་པ་འདི་གནམ་ལ་བཀྱགས་བསྡད་པའམ་ཡང་ན་རླུང་གིས་གཡོ་བ་ལྟ་བུའི་ཚོར་འདུ་ཞིག་གིས་རང་སེམས་གཅིག་ཏུ་གནས་མ་ཐུབ་པར་མ་ཟད། ཁྱེད་ཀྱིས་བསྐུར་བའི་འཕྲིན་ཐུང་དག་ལ་ཡང་ནས་བསྐྱར་དུ་བལྟས་ཤིང་། བརྗོད་མི་ཤེས་པའི་ཚོར་སྣང་ཐན་ཐུན་རེས་མགོ་མཇུག་མེད་པའི་ཤུགས་རིང་རེ་འདྲེན་ལ། མཚམས་རེར་རང་ཉིད་གཅིག་པུར་གྱང་ལ་ཅེར་བཞིན་འཛུམ་ཆུང་ཆུང་ཁ་ཤས་ཀྱང་དབང་མེད་དུ་ཤོར་འགྲོ་གི་འདུག
ངོ་མ། ཚོར་སྣང་འདི་ཅི་ཞིག་རེད། ཚོར་སྣང་འདི་གང་ནས་བྱུང་བ་རེད། ངེད་གཉིས་ཇི་ལྟར་ཐུག་པ་རེད། ཇི་ལྟར་བྲལ་བ་རེད། ངེད་གཉིས་ཅི་འདྲ་མཉམ་དུ་བགད་མྱོང་། ངེད་གཉིས་ཅི་འདྲ་མཉམ་དུ་ངུ་མྱོང་། སྐབས་དེ་དུས་ངས་ལག་པ་སྙིང་ཁར་བཞག་པས་ཤིན་ཏུ་མྱུར་བའི་སྙིང་གི་འཕར་ལྡིང་དག་གིས་སྔར་སོང་གི་བྱུང་བ་མང་པོ་ཞིག་དྲན་གསོ་བཏང་བྱུང་།
ལོ་ངོ་ལྔའི་སྔ་རོལ་ན་ངེད་གཉིས་ཆེས་ཐོག་མར་ངོ་དེབ་ནས་ཐུག་ཅིང་། སྐབས་དེ་དུས་ང་ངོ་དེབ་ནང་འཛུལ་ནས་ཟླ་བ་ཁ་ཤས་ལས་སོང་མེད། ངེད་གཉིས་ཐུག་མ་ཐག་སྔོན་ནས་ངོ་ཤེས་པ་ལྟ་བུས་ཁ་བརྡ་བྱས་ཤིང་། ད་དུང་ཆོབ་འདྲ་ཡང་བཤད་རེས་བྱས། མཚན་མོ་དེ་ག་རང་ལ་ངའི་ཁ་པར་ཨང་གྲངས་དེ་ཁྱེད་ཉིད་ལ་བྱིན་ནས་ངས་ཁ་པར་གཏོང་ཤོག་ཟེར་དུས། རང་གིས་”ངའི་ཁ་པར་འཕྲོ་རླག་ཕྱིན་སོང་།” ཟེར། དེ་དུས་ངས་བསམ་པར་ང་ལ་ཁ་པར་ཨང་གྲངས་སྤྲད་འདོད་མེད་པ་འདྲ་བསམ་ཡང་། ཆུ་ཚོད་ཁ་ཤས་རྗེས་རང་གིས་གྲོགས་མོའི་ཁ་པར་གཡར་ནས་ང་ལ་ཁ་པར་བཏང་བྱུང་།
བསམ་ཡུལ་ལས་འདས་པའི་ཁ་པར་དེས་ང་ལ་བྱིན་པ་ནི་ཧང་སང་བའི་སྤྲོ་སྣང་དང་། འགྲེལ་བརྗོད་དཀའ་བའི་བདེ་སྐྱིད་ཀྱི་ཚོར་སྣང་དེ་རེད། དེ་མ་ཐག་ངས་གློག་ཀླད་ཁ་རྒྱབ་ནས་ངེད་གཉིས་ཁ་པར་ནང་སྐད་ཆ་བཤད་མགོ་བརྩམས། མཚན་མོ་དེར་ངེད་གཉིས་ཆུ་ཚོད་ལྔ་ཙམ་ཞིག་སྐད་ཆ་བཤད་པ་དེ་ངས་སེམས་སུ་ད་དུང་མ་བརྗེད་པར་གསལ་གསལ་ཐིང་ཐིང་དུ་གནས་འདུག་ལ། ཐོག་མ་ཉིད་ནས་ཆུ་ཚོད་ལྔ་ཙམ་རིང་སྐད་ཆ་་ཇི་ལྟར་བཤད་ཐུབ་པ་རེད་སྙམ་པའི་དོགས་པ་དེ་ཡང་ད་དུང་ངའི་སེམས་སུ་འདུག དེ་ནི་གཅིག་བྱས་ན་ངེད་གཉིས་ཀྱི་ལས་འཕྲོའི་ལྷག་མ་ཞིག་ཡིན་སྲིད་ལ། གཅིག་བྱས་ན་ངེད་གཉིས་ལྟ་བ་མཐུན་པོ་ཡོད་པས་ཀྱང་ཡིན་སྲིད། ཁྱེད་ཀྱིས་ངའི་སྐོར་སྔོན་ནས་གོ་མྱོང་ཞེས་བརྗོད་པས་ཀྱང་ཡིན་སྲིད།
བསམ་ཡུལ་ལས་འདས་པའི་ཁ་པར་དེས་ང་ལ་བྱིན་པ་ནི་ཧང་སང་བའི་སྤྲོ་སྣང་དང་། འགྲེལ་བརྗོད་དཀའ་བའི་བདེ་སྐྱིད་ཀྱི་ཚོར་སྣང་དེ་རེད། དེ་མ་ཐག་ངས་གློག་ཀླད་ཁ་རྒྱབ་ནས་ངེད་གཉིས་ཁ་པར་ནང་སྐད་ཆ་བཤད་མགོ་བརྩམས། མཚན་མོ་དེར་ངེད་གཉིས་ཆུ་ཚོད་ལྔ་ཙམ་ཞིག་སྐད་ཆ་བཤད་པ་དེ་ངས་སེམས་སུ་ད་དུང་མ་བརྗེད་པར་གསལ་གསལ་ཐིང་ཐིང་དུ་གནས་འདུག་ལ། ཐོག་མ་ཉིད་ནས་ཆུ་ཚོད་ལྔ་ཙམ་རིང་སྐད་ཆ་་ཇི་ལྟར་བཤད་ཐུབ་པ་རེད་སྙམ་པའི་དོགས་པ་དེ་ཡང་ད་དུང་ངའི་སེམས་སུ་འདུག དེ་ནི་གཅིག་བྱས་ན་ངེད་གཉིས་ཀྱི་ལས་འཕྲོའི་ལྷག་མ་ཞིག་ཡིན་སྲིད་ལ། གཅིག་བྱས་ན་ངེད་གཉིས་ལྟ་བ་མཐུན་པོ་ཡོད་པས་ཀྱང་ཡིན་སྲིད། ཁྱེད་ཀྱིས་ངའི་སྐོར་སྔོན་ནས་གོ་མྱོང་ཞེས་བརྗོད་པས་ཀྱང་ཡིན་སྲིད།
ངེད་གཉིས་འཆམ་པོར་གྱུར་རྗེས་ནང་ཚགས་ཀྱི་རྩོད་ཆུང་ཆུང་ཞིག་ཡོད་པ་ནི་ངོ་དེབ་ནང་སུས་གྲོགས་སྐུལ་ཐོག་མ་བྱས་མིན་དེ་རེད། ངས་ཟེར་ན་ཁྱེད་ཀྱིས་ང་ལ་གྲོགས་སྐུལ་གནང་བྱུང་བས་ངས་ངོས་ལེན་བྱས་པ་ཡིན་ཟེར། ཁྱེད་ཀྱིས་ཟེར་ན་ངས་ཁྱེད་ལ་གྲོགས་སྐུལ་བྱས་སོང་ཟེར། ངེད་གཉིས་དེའི་ཐོག་ལའང་ཆུ་ཚོད་མང་པོའི་རིང་ཁ་བརྡ་དང་ཆོབ། དགོད་གཏམ་དང་སྙིང་གཏམ་མང་པོ་བཤད་རེས་བྱས་མྱོང་། ང་ནི་མི་མགོ་མཁྲེགས་པོ་ཞིག་ཡིིན་པས་ད་དུང་ཡང་ངས་རང་ལ་གྲོགས་སྐུལ་བྱས་མེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱེད་ངེས་ཡིན། ཁྱེད་ཀྱིས་ཀྱང་དེ་བཞིན་བསམ་ནས་ཡོད་ན་ངེད་གཉིས་དུས་ཚོད་ཅིག་འཚོལ་ནས་རྩོད་གླེང་བྱེད་ཆོག འདི་ནི་རང་ཉིད་ཀྱིས་རང་ཉིད་ལ་བཤད་པའི་ཆིག་ལབ་གཉོམ་པོ་ཞིག་ལས་ངེད་གཉིས་ད་ལྟ་སྔོན་མ་ནང་བཞིན་སྐད་ཆ་བཤད་སའི་སྡེངས་ཆ་དེ་ཞིག་ཟིན་པ་རེད་ལ། ཁ་པར་གྱི་སྐུད་པ་དེ་ཡང་ཆད་ཟིན་པ་རེད།
ངེད་གཉིས་ངོ་ཤེས་པའི་མཚན་མོ་དེ་ནས་བཟུང་ཁ་པར་དང་འཕྲིན་ཐུང་མ་བཏང་བའི་ཉིན་མ་གཅིག་ཕལ་ཆེར་མ་བྱུང་ཞིང་། འཛིན་གྲྭ་གྲོལ་མ་ཐག་ཁྱེད་ཀྱི་ཁ་པར་དང་འཕྲིན་ཐུང་ལ་སྒུག་བཞིན་དེ་ནས་ཡང་ཆུ་ཚོད་ཁ་ཤས་རིང་སྐད་ཆ་བཤད་རེས་བྱས་པས་མཚམས་ཤིག་ཉིན་ལྟར་སྐད་ཆ་བཤད་དགོས་པ་དེ་ངེད་གཉིས་ཀྱི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཅིང་། རྟག་ཏུ་ཁ་པར་ལ་འཇུ་དགོས་པ་དེ་ངེད་གཉིས་ཀྱི་གོམས་གཤིས་ཤིག་ཏུ་གྱུར་པས་ངས་བསམ་པར་ཁ་པར་དེ་ངའི་ལུས་པོའི་ཆ་ཤས་ཤིག་རེད་སྙམ་པ་བྱུང་མྱོང་།
ངེད་གཉིས་ལ་ལེགས་པའི་ཆ་ཞིག་ཡོད་པ་ནི། ཁ་པར་ནང་དོན་མེད་ཀྱི་སྐད་ཆ་་ཉུང་ཙམ་དང་། ཤེས་ཡོན་དང་འབྲེལ་བའི་སྐད་ཆ་མང་ཙམ་བཤད་རྒྱུའི་གོམས་གཤིས་དེ་རེད། དེ་ལ་བརྟེན་ནས་ངེད་གཉིས་འབྲེལ་བ་བྱུང་བའི་བརྒྱུད་རིམ་ནང་ངེད་གཉིས་ཀྱི་ཤེས་ཡོན་གྱི་གནས་ཚད་ཀྱང་ཅུང་ཇེ་མཐོར་ཕྱིན་པའི་ཚོར་སྣང་ཡང་བྱུང་། དོན་དེ་ཙམ་མེད་པའི་སྐད་ཆ་མི་བཤད་པ་ནི་ཡེ་ནས་མིན་ཏེ། མཚམས་རེར་དོན་མེད་ཀྱི་གནས་ཚུལ་ཅུང་ཙག་ཁ་ཤས་ཀྱི་ཐོག་ངེད་གཉིས་རྩོད་ཤོར་ཅིང་། སྐབས་རེར་ནི་ཕན་ཚུན་དྲན་ལུགས་དྲན་སྟངས་ཀྱི་སྐད་ཆ་བཤད་ནས་ངེད་གཉིས་གཅིག་གི་གཅིག་མདུན་ལ་ཕྲུ་གུ་བཞིན་བྱས་པ་དང་། སྐད་ཆ་ཁ་ཤས་མི་ཡིས་གོ་ན་ཏོག་ཙམ་ངོ་ཚ་སྙམ་པ་དེ་འདྲ་ཡང་བཤད་རེས་བྱས་མྱོང་།
སྐབས་དེ་དུས་ང་ལ་དཀའ་ངལ་ཞིག་ཡོད་པ་ནི་རང་ལ་ཁ་པར་གཏོང་བའི་དངུལ་མེད་པ་དེ་རེད། ཁྱེད་ནི་ཅི་འདྲའི་བསམ་ཤེས་ཡོད་མཁན་ཞིག་དང་སེར་སྣ་མེད་མཁན་ཞིག་རེད་ཨང་། ཁྱེད་ཀྱིས་ཁོ་བོ་ལ་དངུལ་ཨེ་དགོས་ཞེས་ཐེངས་ཁ་ཤས་དྲིས་མྱོང་ཡང་ངས་རྐང་གཅིག་ཀྱང་ལེན་མ་མྱོང་། ང་ལ་ང་རང་གི་ལྟ་བ་དང་རྣ་མཆོག་ཡོད་པས་གཞན་གྱི་ས་ནས་དངུལ་ལེན་སྲོལ་རྩ་ནས་མེད། ཡིན་ཡང་། ང་ལ་དངུལ་མཁོ་དོན་ནི་རང་ལ་ཁ་པར་གཏོང་ཆེད་ཡིན་པ་ལས་གཞན་གང་ཡང་མིན་པས་རང་གིས་ང་ལ་ཁ་པར་གཏོང་ན་དེ་གས་འཐུས་ཟེར་བས་ཁྱེད་ཀྱིས་དུས་རྟག་ཏུ་ཁ་པར་གཏོང་ཞིང་། མཚམས་རེར་རང་ལའང་དངུལ་མེད་པར་གྱུར་དུས་ཁ་པར་ནང་ནས་བུ་ལོན་གཡར་ནས་ཀྱང་ང་ལ་ཁ་པར་ཐེངས་མང་བཏང་མྱོང་། ཡང་སྐབས་འགའ་རེར་རང་གིས་ཁ་པར་ནང་གཞས་སྙན་པོ་དེ་འདྲ་བཏང་ནས་ངའི་ཉོབ་སྣང་དང་སྐྱོ་གདུང་སེལ་རོགས་གནང་མྱོང་། ངས་སྐབས་དེ་དུས་འགྲོ་སོང་ཡོད་ཚད་ལ་བསིལ་ཚགས་བྱས་ནས་རང་ལ་ཁ་པར་བཏང་ཞིང་། རང་དང་ག་དུས་ཐུག་ཡོང་སྙམ་པའི་རེ་འདོད་ཀྱང་ཤུགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད།
ལས་དབང་ཞེས་པ་ནི་ཅི་འདྲའི་ཡ་མཚན་དང་དགོད་བྲོ་བོ་ཞིག་རེད་ཨང་། བརྩེ་དུང་ཞེས་པ་ནི་དེ་བས་ཀྱང་ཆོབ་བྲོ་བོ་ཞིག་རེད་ཨང་། ངེད་གཉིས་མཚམས་རེར་དོན་མེད་ཀྱི་རྩོད་ཆུང་ཆུང་རེ་ཤོར་ནས་ཉིན་མ་ཁ་ཤས་རིང་སྐད་ཆ་མི་བཤད་པར་བསྡད་པ་དང་། སྐབས་ཤིག་ལ་རྩོད་ཏོག་ཙམ་ཆེན་པོ་ཞིག་ཤོར་ནས་ཟླ་བ་གཅིག་ཙམ་རིང་ཁ་པར་གཏོང་རེས་མེད་པར་བསྡད་མྱོང་། ཁ་པར་མ་བཏང་བ་ཙམ་ལས་ཕན་ཚུན་དྲན་གདུང་གིས་མ་མནར་བ་ནི་ཉིན་མ་གཅིག་ཀྱང་བྱུང་མྱོང་མེད་ལ། གཅིག་བྱས་ན་ཆུ་ཚོད་གཅིག་ཀྱང་བྱུང་མྱོང་མེད་ཤས་ཆེ། ཇི་ཙམ་སྐད་ཆ་མ་བཤད་ནས་བསྡད་པ་དེ་ཙམ་གྱིས་དྲན་གདུང་གི་ངར་ཤུགས་ཆེ་རུ་འགྲོ་ཞིང་། ཁ་པར་གཏོང་གྲབས་རེ་བྱས་དུས་བརྗོད་མི་ཤེས་པའི་”ང་”ཞེས་པའི་ང་འཛིན་རྩུབ་མོ་དེས་བཀག་ཡོང་གི་ཡོད།
ངེད་གཉིས་སྐད་ཆ་མ་བཤད་ནས་བསྡད་པའི་རིང་རང་གི་བདེ་སྡུག་དང་ཐ་ན་རང་གིས་ཁ་ལག་གང་ཞིག་ཟས་པ་དང་། གོས་སློག་ཅི་ཞིག་གྱོན་ཡོད་མེད་ཀྱང་ཤེས་འདོད་ཆེ་རུ་འགྲོ་ལ། ཚད་མཐོའི་རྒྱང་ཤེལ་ཞིག་ཡོད་ན་ལྟ་དགོས་སྙམ་པ་ཐེངས་མང་པོར་བྱུང་མྱོང་། སྐབས་རེར་མིག་བཙུམ་ནས་རང་གིས་རྒྱུན་ལྡན་ནས་དགའ་ཤོས་བྱེད་སའི་ཁ་ལག་དེ་དང་དེ་ཟ་བཞིན་ཡོད་རེད་སྙམ་པ་དང་། རང་གིས་རྒྱུན་ལྡན་ནས་གྱོན་པའི་གྱོན་ཆས་དེ་དང་དེ་གྱོན་ཡོད་རེད་བསམས་ནས་རང་གི་མིག་སྔར་བློས་བཞེངས་བྱས་པ་དེས་ཀྱང་སེམས་ལ་བདེ་བ་མང་པོ་ཞིག་ཐོབ་མྱོང་།
ཡང་དྲན་གསོས་པ་ཞིག་ལ། ཐེངས་གཅིག་ངེད་གཉིས་རྩོད་ཆེན་པོ་ཞིག་ཤོར་ནས་ཟླ་བ་གཅིག་ལྷག་ཙམ་རིང་སྐད་ཆ་རྩ་ནས་མ་བཤད་པར་བསྡད་རིང་། ཁྱེད་ཉིད་ཤིན་ཏུ་དྲན་ནས་ཁ་པར་བཏང་ཡང་ཡ་ལེན་མེད་པ་ཙམ་དུ་མ་ཟད་ཁ་པར་གྱི་སྒོ་ཡང་རྒྱབ་སོང་བས། མིག་ཟུང་ནས་མཆི་མ་ཧྲིག་ཧྲིག་བབ་བཞིན་རང་གི་གྲོགས་མོ་ལ་ཁ་པར་བཏང་བ་ཡིན། གྲོགས་མོས་རང་བདེ་བོ་རེད་འདུག་ཀྱང་མི་སྐྱིད་པ་ཆེན་པོ་བྱེད་ཀྱི་འདུག་ཅེས་གསུངས་དུས་ང་ཁྱེད་ཀྱི་འཁྲིས་སུ་ཡོད་ན་རང་ལ་སེམས་གསོ་བཏང་བ་དང་། ངས་རང་ལ་བཅངས་པའི་ཚོར་སྣང་དང་ན་ཟུག་ཡོད་ཚོད་ཁྱེད་ལ་སྟོན་དགོས་སྙམ་ཡང་། ངེད་གཉིས་ཀྱི་བར་ལེ་དབར་སྟོང་དང་ཉིན་མཚན་གསུམ་བཞིས་བར་དུ་ཆོད། རང་ལ་ཁ་པར་བཏང་ཡང་ཡ་ལེན་མི་བྱེད། ཅི་ཞིག་བྱེད་ན་ཡག་སྙམ་བཞིན་རང་གི་གྲོགས་མོ་དང་ལྷན་དུ་རང་གི་སྐོར་མང་དུ་གླེང་།
དེའི་རིང་རང་གི་གྲོགས་མོས་ང་ལ་སེམས་གསོ་གནང་བ་དང་། རང་གི་གྲོགས་མོ་དང་ལྷན་དུ་སྐད་ཆ་་མང་ཙམ་བཤད་པས་མོ་དང་ང་བློ་ཐག་ཉེ་བོར་གྱུར་ཅིང་། མོས་རང་གི་སྐོར་རེ་རེ་ནས་བཤད་དུས་ངས་རང་དང་སྐད་ཆ་བཤད་བཞིན་ཡོད་པ་ལྟ་བུའི་ཚོར་སྣང་ཡང་བྱིན། མོ་ནི་ང་ལ་སེམས་གསོ་གནང་མཁན་གྱི་གྲོགས་མོ་ཡག་ཤོས་ཤིག་ཡིན་པ་ངས་ནམ་ཡང་བརྗེད་མེད། དུས་སྐབས་དེའི་རིང་གི་ངའི་ན་ཟུག་དང་རེ་བ་དེ་དག་ད་ལྟ་ཁྱེད་ལ་འགྲེལ་བཤད་རྒྱབ་ཀྱང་ཁྱེད་ནམ་ཡང་ཡིད་ཆེས་ཀྱི་མ་རེད།
དུས་ཚོད་ནི་རླུང་བུ་དང་ལྷན་དུ་རྒྱུ་བས་ངེད་གཉིས་ངོ་ཤེས་ནས་ལོ་ངོ་གཅིག་ཙམ་ཟིན་ཚར་འདུག ངེད་གཉིས་ཐུག་པར་ཉིན་མ་ཁ་ཤས་ལས་མེད་པའི་མཚམས་དེར་ངའི་སེམས་ནང་ཁྱེད་དང་ཐོག་མར་ཐུག་དུས་གང་འདྲ་བྱེད་དགོས་མིན་ཐད་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་། ང་ཤ་ཏོག་ཙམ་རྒྱགས་པ་ཡིན་པས་ཤ་སྐམ་དུ་མ་བཏང་ན་མཐོང་སྣང་ལ་མཛེས་པོ་མི་ཡོང་སྙམ་ནས་སྐབས་དེའི་ཉིན་མ་ཁ་ཤས་རིང་ཁ་ལག་ཉུང་དུ་བཏང་ཞིང་དགོང་བཅད་ཀྱང་བསྡད། ཉིན་མ་ཁ་ཤས་དེའི་རིང་ང་དངོས་ཏོག་ཙམ་སྐམ་པོར་གྱུར་ཅིང་། རང་ཉིད་ཀྱི་སེམས་ཤུགས་དང་སྙིང་སྟོབས་ལ་སྤོབས་པ་ཡང་སྐྱེས།
དེ་རིང་ནི་ཁྱེད་རང་ཐོག་མར་ཐུག་པའི་ཉིན་མོ་དེ་རེད། ཁྱེད་ཉིད་ང་ཐུག་པར་སླེབས་སོང་། སྐབས་དེ་དུས་གནམ་གཤིས་ཅུང་གྲང་མོ་འདུག་པས་ཁྱེད་ཀྱིས་སྟོད་ཐུང་ནག་པོ་ཞིག་གྱོན་ནས་སླེབས་སོང་། ཐུག་མ་ཐག་ཁྱེད་ཀྱིས་ང་ལ་ལག་པ་བཏང་བྱུང་། ངའི་ལུས་པོ་ཡོངས་རྫོགས་སྦྲིན་པ་བཞིན་གྱུར་ནས་སྐབས་དེ་དུས་ངས་གང་ཞིག་ལབ་པ་དང་རང་གིས་ཅི་ཞིག་ཟེར་མིན་ད་ལྟ་དྲན་ཡུལ་ན་མི་འདུག
ངེད་གཉིས་ཐུག་ནས་ཕྱི་རོལ་ན་འཆམ་འཆམ་དུ་བསྐྱོད་ཅིང་། ཟ་ཁང་ནང་ཁ་ལག་མཉམ་དུ་ཟས་ནས་ཆེས་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་རོལ་བ་དེ་ངས་ནམ་ཡང་བརྗེད་མེད། སེམས་ཕངས་པ་ཞིག་ལ་ངེད་གཉིས་མེ་ཏོག་ལྡུམ་ར་ཞིག་གི་ནང་པར་ཞིག་མཉམ་དུ་རྒྱབ་པ་དེ་རང་གིས་འཁྱེར་སོང་ནས་ད་ལྟ་གང་ན་ཡོད་མི་ཤེས་པས་ང་པར་དེ་ལ་ལྟ་སྙིང་ཤིན་ཏུ་འདོད། གལ་ཏེ་པར་དེ་རང་གི་ལག་ཏུ་ཡོད་ཚེ་ང་ལ་གནང་རོགས།
ལས་དབང་གིས་སྐབས་རེར་སྙིང་རྗེ་ལྟ་ལ། མཚམས་རེར་བརྙས་བཅོས་ཀྱང་བྱེད་ཀྱི་འདུག བློ་སེམས་མཐུན་པའི་གཞོན་ནུ་མ་གཉིས་ལ་ལས་དབང་གིས་ཕྲག་དོག་ཟས་ནས་མནར་གཅོད་བཏང་སོང་། ངེད་གཉིས་འཆམ་པོར་གྱུར་ནས་ལོ་ངོ་གཅིག་དང་ཕྱེད་ཙམ་ཕྱིན་རྗེས་བསམ་ཡུལ་ལས་འདས་པའི་བར་ཆད་ཆེན་པོ་ཞིག་ངེད་གཉིས་ཀྱི་བར་ལྷུང་ཡོང་། བར་ཆད་དེ་ནི་མི་གཞན་གྱིས་བཟོས་པ་ཞིག་མ་རེད་ལ། ངེད་གཉིས་ཀྱིས་བཟོས་པ་ཞིག་ཀྱང་མ་རེད། བར་ཆད་དེ་ནི་ངོ་མ་ཁྱད་མཚར་པོ་ཞིག་སྟེ། བདུད་ཀྱི་བར་ཆད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟ་བུ་ཞིག་རེད། ངེད་གཉིས་རྒྱུན་ལྡན་ལྟར་སྐད་ཆ་བཤད་སྐབས་དོན་མེད་ཀྱི་རྩོད་མང་པོ་ཤོར་བ་དང་། རྩོད་ཆུང་ངུས་ཀྱང་རྩོད་གཞི་ཆེན་པོར་བསྒྱུར་བ། དེའི་རྐྱེན་གྱིས་བར་ཐག་ཀྱང་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ། སྐད་ཆ་་མ་བཤད་ནས་ཟླ་བ་ཁ་ཤས་བསྡད་དགོས་པ་ལྟ་བུའི་རྙོག་འཛིང་ཡང་ཇེ་ཆེ་ནས་ཇེ་ཆེར་ཕྱིན།
ཉིན་གཅིག་རང་གི་གྲོགས་མོས་༼ད་ལྟ་བོད་དུ་ཡོད་རེད་ཟེར།༽ཁ་པར་ནང་ང་ལ་ཚོགས་གཏམ་བཏང་ནས་རླུང་ཏོག་ཙམ་བསྟན་སོང་། ངས་ཀྱང་མོ་ལ་སྐད་ཆ་ཏོག་ཙམ་རྩུབ་པོ་བཤད་པ་ཡིན། ཁམས་པ་དང་ཁམས་པ་ཐུག་དུས་སྐད་ཆ་་རྡོག་རྡོག་རང་རེད། ད་ལྟ་བསམ་བློ་ཞིག་བཏང་དུས་མོ་ནི་རང་ལ་ཧ་ཅང་བརྩེ་འདང་ཆེན་པོ་ཡོད་མཁན་རེད་འདུག་པས་ངས་ཀྱང་མོ་ལ་རྩི་བཀུར་ཆེན་པོ་བྱེད་ཀྱི་ཡོད།
སྐབས་དེ་དུས་ངས་རང་ལ་ཁ་པར་མ་བཏང་བསམ་ཡང་བཏང་ཤོར་འགྲོ་གི་འདུག་པས་རང་གི་ཨང་གྲངས་དེ་ཁ་པར་ནས་ཐེངས་ཁ་ཤས་བསུབ་པ་ཡིན། ཡིན་ཡང་། ཁ་པར་ཨང་གྲངས་བསུབ་པ་དེས་རང་ལ་ཁ་པར་གཏོང་བ་འགོག་ག་ལ་ཐུབ་སྟེ། རང་གི་ཁ་པར་ཨང་གྲངས་ནི་ངའི་བློ་ལ་གསལ་གསལ་ཐིང་ཐིང་དུ་ངེས་ཟིན་པར་མ་ཟད། རང་གི་ཁ་པར་ཨང་གྲངས་རྙིང་པ་དེ་ད་དུང་ཡང་ངའི་བློ་ལ་གསལ་པོར་ཡོད། ལོ་གཅིག་གོང་ངས་ཨང་གྲངས་དེར་གཅིག་བསྣུན་པ་ཡིན་ཡང་། སྒོ་རྒྱབ་འདུག ཉིན་ཤས་གོང་བཏང་ཡང་སྒོ་རྒྱབ་འདུག ཕལ་ཆེར་རང་གི་བེད་སྤྱོད་བྱེད་ཀྱི་མེད་པ་འདྲ།
ལོ་དང་ཟླ་བའི་འཁོར་ལོ་ནི་མྱུར་དུ་འཁོར་བས་ལོ་ངོ་ལྔ་དྲུག་ཅིག་འདི་ལྟར་འདས་ཟིན་འདུག འདས་པའི་ལོ་ངོ་དེ་དག་གི་ནང་ཁྱེད་ཉིད་གང་དུ་ཡོད་ཤེས་ཀྱང་། ཅི་ཞིག་བྱེད་བཞིན་པ་དང་། ཇི་ལྟར་འདུག་ཡོད་མེད་ཆ་རྒྱུས་གང་ཡང་མེད་པར་ལུས་སོང་། དེ་རིང་ཁྱེད་ཀྱི་སྐོར་གོ་ཐོས་བྱུང་ཞིང་། ཁྱེད་ཉིད་བདེར་གནས་ངང་ལས་དོན་སྒྲུབ་བཞིན་པ་གོ་རྗེས་སེམས་སུ་བརྗོད་མི་ཤེས་པའི་དགའ་སྤྲོ་ཆེན་པོ་ཞིག་བྱུང་།
མི་ཚེ་ནི་འགྱུར་འགྲོས་ཀྱི་འཁོར་ལོ་ཞིག་ཡིན་ལ། འབྲེལ་བ་ནི་ལས་དབང་གི་བཀོད་སྒྲིག་ཅིག་ཡིན་པས། འགྱུར་འགྲོས་ཀྱི་འཁོར་ལོ་དེའི་ནང་སུ་ཡིན་ཡང་འཁོར་དགོས་ལ། ལས་དབང་གི་བཀོད་སྒྲིག་དེ་ལ་སུ་ཡིན་ཡང་རྩི་སྲུང་ཞུ་དགོས་པས། ལས་དབང་ལ་འཁང་ར་བྱེད་འདོད་མེད་ལ། ཁྱེད་ཉིད་ལ་འཁང་ར་བྱེད་འདོད་དེ་བས་ཀྱང་མེད། ངེད་གཉིས་ཀ་ལས་དབང་ལ་ཡིད་ཆེས་མཁན་ཡིན་པས་ངེད་གཉིས་ཀྱི་ལས་དབང་ལ་དང་ལེན་ཞུ་དགོས། ངེད་གཉིས་ཀྱི་སེམས་ནང་འགྱོད་པ་ཞིག་གཏན་ནས་མེད་དེ། རྒྱུ་མཚན་ནི། ངེད་གཉིས་འཆམ་མཐུན་སྐབས་གཅིག་གིས་གཅིག་ལ་ཡིད་ཆེས་དང་བརྩེ་བ། བློ་འགེལ་དང་སེམས་འཁུར་གྱི་ངང་གནས་པས་ད་ལྟ་ངེད་གཉིས་ཀྱི་སེམས་ནང་གཅིག་གིས་གཅིག་ལ་རྩི་བཀུར་དང་སེམས་ཐག་ཉེ་བོ་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད།
ཀློག་པ་པོ་རྣམ་པ། ཁྱེད་རྣམས་ཀྱི་སེམས་སུ་བུ་མོ་དེ་སུ་ཡིན་ནམ། གང་འདྲ་ཞིག་ཡོད་དམ་སོགས་ཀྱི་དྲི་བ་ཡོད་ན་ངས་འགྲེལ་བཤད་མདོར་བསྡུས་ཤིག་ཞུ་ཆོག མོ་ནི་གཟུགས་པོ་དེ་ཙམ་རིང་རྒྱུ་མེད་ཀྱང་། རྒྱགས་ལྷོད་རན་པོ་ཞིག་རེད། གདོང་དེ་ཙམ་མཛེས་པོ་མེད་ཀྱང་བཅོས་མིན་རང་བཞིན་གྱི་འཛུམ་མདངས་རྒྱུན་དུ་སྟོན་པ། དབུ་སྐྲ་རིང་ལ་ཤིན་ཏུ་འཇམ་པ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་མོའི་སྐད་ངག་དེ་རེད། གླུ་གཞས་གཏོང་བར་ཤིན་ཏུ་དགའ་ཞིང་། སྐད་ངག་ལ་དམིགས་བསལ་གྱི་སྒྱུ་རྩལ་ཞིག་ཡོད། ཨིན་བོད་ཀྱི་ཤེས་རིག་གང་གི་ཐད་ལའང་རང་སྐྱ་འཕེར་ཞིང་། རང་ཚུགས་བརྟན་པོ་ཡོད་མཁན་ཞིག་ཀྱང་རེད།
ད་དུང་ཁྱེད་རྣམས་ཀྱིས་ནམ་ཡང་ཤེས་མི་ཐུབ་ལ་ཚོར་ཐུབ་པ་ཞིག་ཡོད་པ་དེ་ནི། མོའི་བསམ་བློ་གཏོང་སྟངས་དང་། གཤིས་ཀ་དེ་རེད། ངེད་གཉིས་རྩོད་ཤོར་དུས་མང་ཆེ་བ་ངས་ནོར་བ་ཡིན་ཡང་། མོས་དུས་རྟག་ཏུ་བཟོད་སྒོམ་གནང་ཐབས་བྱེད་ཅིང་། འཆམ་མཐུན་ཡོང་བར་འབད་བརྩོན་གཙོ་བོ་བྱེད། མོ་ལ་མེད་པ་ནི་གཡོ་སྒྱུ་དང་རྫུན་རེད་ལ། ཡོད་པ་ནི་དྲང་བདེན་དང་ལྷག་བསམ་རྣམ་དག་རེད། མི་རྣམས་ཀྱིས་འགྲེལ་བཤད་ཇི་ལྟར་དང་ཅི་འདྲ་བྱེད་མིན་ལ་མ་ལྟོས་པར། མོ་ནི་གཡོ་སྒྱུ་མེད་ཅིང་དྲང་ཚུགས་ཆེ་བ། སེམས་ཁུར་ཆེ་ལ་བརྩེ་དུང་ཟབ་པ། ཤ་ཞེན་ཆེ་ལ་རང་ཚུགས་བརྟན་པའི་ཨ་རོགས་ཁམས་པའི་བུ་མོ་སྤུས་དག་ཅིག་རེད།
ཁོ་བོ་ནི་མོའི་ཡོན་ཏན་གྱི་ཆ་ཤས་ཙམ་ཡང་མེད་པའི་མི་བུ་ཐ་ཤལ་ཞིག་ཡིན་ལ། ང་མོ་དང་ལྷན་དུ་ངོ་ཤེས་གྱུར་པ་དེ་ཡང་དགའ་འོས་པའི་གནས་སྟངས་ཤིག་ཏུ་སེམས། ངེད་གཉིས་ལེ་དབར་སྟོང་ཕྲག་གིས་བར་དུ་བཅད་ཅིང་། འབྲེལ་མཐུད་ཀྱི་ཐག་པ་ཆད་སོང་བ་དེས་འཚོ་བའི་ཁ་ཕྱོགས་ཀྱང་གཞན་ཞིག་ཏུ་བསྒྱུར་དགོས་བྱུང་བ་ནི་གཅིག་ན་ཡིད་སེམས་ཕངས་དགོས་པ་ཞིག་ཡིན་ཤས་ཆེ་ཡང་། གཅིག་ན་རང་རང་གི་ལས་དབང་གི་ཁ་ཕྱོགས་མི་འདྲ་བ་ཡིན་པས་ཡིན་སྲིད།
གང་ལྟར། ང་ཁྱེད་ཉིད་དང་བྲལ་ནས་བཟུང་བརྩེ་དུང་ཟེར་བའི་སྒྱུ་འཕྲུལ་དེའི་ནང་སླར་ཡང་གཏན་ནས་ཚུད་མེད་ཅིང་། རང་ཉིད་ལ་བརྩེ་དུང་གི་ལས་སྐལ་མེད་པར་བརྩིས་ནས་དུས་ཚོད་ཐམས་ཅད་སློབ་སྦྱོང་དང་ལས་ཀའི་ཐོག་ཏུ་བཏང་བ་ཡིན། ངེད་གཉིས་བར་ཐག་ཇི་ཙམ་གྱིས་བཅད་ཀྱང་སེམས་ཐག་ཉེ་བོ་ཡོད་པ་ངས་རྒྱུན་དུ་ཚོར་བས་ངས་དུས་རྟག་ཏུ་ཁྱེད་ཉིད་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར་སྨོན་ལམ་འདེབས་བཞིན་ཡོད་ལ། རང་སྤྲོ་སྣང་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་མཐོང་ཐོས་བྱུང་འཕྲལ་སེམས་སུ་དྭངས་གཙང་ལྷད་མེད་ཀྱི་དགའ་སྤྲོ་དཔག་མེད་དུ་བྱུང་།
ངས་ནམ་ཡང་ཁྱེད་ཉིད་སེམས་ནས་རྩི་བཀུར་ཆེན་པོ་བྱེད་ཀྱི་ཡོད་ལ། སྤུན་མཆེད་ལྟ་བུའི་བརྩེ་འདང་ཞིག་གིས་བསྐོར་ནས་ཡོད། ཁོ་བོ་ནི་མི་ཚེ་འདིའི་ནང་བརྩེ་དུང་ཟེར་བ་དེའི་གཡོ་འོག་ནམ་ཡང་འཛུལ་མི་འདོད་ལ། མི་ལ་དགའ་ཞེས་པ་དེ་ཡང་ངའི་ཀླད་པའི་ནང་ནས་ཡལ་ཟིན་འདུག ང་ནི་རང་ལ་སྤུན་མཆེད་ལྟ་བུའི་སེམས་ཁུར་དང་ཚོར་སྣང་ཡོད་པ་ལས་ཆགས་ཞེན་དང་འབྲེལ་བའི་བརྩེ་དུང་ནི་ནམ་ཡང་མེད་ལ་ནམ་ཡང་ཡོང་མི་སྲིད། མི་ཚེ་ནི་དུས་ཀྱི་འགྱུར་འགྲོས་ཤིག་ཡིན་པས་མི་ཚེ་ཐུང་ཐུང་འདི་ལ་བཞི་ཤད་མ་འཐེན་པར་སློབ་སྦྱོང་དང་བྱ་གཞག་ཅིག་གིས་དུས་ཚོད་འདའ་དགོས་བསམ་བཞིན་ཡོད་པས་གཅུང་མོས་དུས་རྟག་ཏུ་སྨོན་ལམ་འདེབས་རོགས། ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པར་ངས་རྒྱུན་དུ་གསོལ་བ་འདེབས་ཆོག
༢༠༡༥།
༡། ༢༨ ཉིན།