འཕྲེང་ཞེན་དང་གྱེས་བྲལ། ད་དུང་མིག་ཆུ།
ཆུང་ནས་འདྲིས་པའི་གཅུང་པོ་བཀྲ་རྡོར་ཕ་ཡུལ་དུ་བསྐྱོད་པའི་མིག་ཆུའི་སྐྱེལ་མ།
བེ་རི་རྒྱལ་སྲས།
སྨག་དང་ན་བུན་བསྟིམས་པའི་ལྡི་ལི་ཡི་རྒྱལ་སར།།
འཕྲེང་ཞེན་དམར་པོས་བཅིངས་པའི་མིང་སྲིང་གི་བརྩེ་འདང་།།
མི་འདོད་ལས་ཀྱིས་བརྙེས་པའི་གྱེས་བྲལ་གྱི་མིག་ཆུས།།
གཅུང་པོ་བཀྲ་རྡོར་ཁྱོད་ལ་སྐྱེལ་མ་ཞིག་ཞུས་ཡོད།།
འཛོམས་མཐར་བྲལ་བ་འཇིག་རྟེན་ཆོས་ཉིད་ཅིག་ཡིན་ཡང་།།
ཆུང་ནས་ལྷན་དུ་འདྲིས་པའི་བརྩེ་ཞེན་གྱི་འཕྲེང་རྡོག།
སེམས་གཅིག་ལུས་པོ་གསུམ་གྱི་སྲད་བུ་ལ་བརྒྱུས་པ།།
ད་གཟོད་ཕྲེང་ཐག་ཆད་པའི་ངང་ཚུལ་འདི་སྐྱོ་བ།།
ལྡི་ལི་གནམ་གྲུའི་ཐང་དུ་གྱེས་ཁ་ཡི་མཚམས་དེར།།
མིག་ཆུས་སྙིང་ཁ་དཀྲུགས་པའི་འདར་འདར་གྱི་ལུས་པོས།།
གང་ཁྱོད་དམ་དུ་འཁྱུད་ནས་གཏོང་འདོད་དེ་མེད་ཀྱང་།།
ཕ་མའི་རེ་བ་བསམས་ནས་ལག་ཟུང་དེ་ལྷོད་སོང་།།
དེ་རིང་གཅུང་མོ་ངེད་གཉིས་ཁྲོམ་ར་ན་སོང་ཡང་།།
ཧོབ་སྟེ་ཧོབ་སྟེ་གཅུང་པོ་ཁྱེད་ཉིད་ཀྱི་བཞིན་རས།།
ཕྱོགས་དང་བར་མཚམས་མེད་པར་མིག་ལམ་ན་འཆར་བས།།
ཕྱིན་དྲན་གཉོམ་པོ་ཞིག་གིས་སྙིང་ཁམས་དེ་བསྡམས་སོང་།།
རྒྱང་དུ་བཞུད་པའི་བརྗེད་མེད་ཕ་རྒན་དེའི་དྲིན་ལས།།
ངེད་གསུམ་མགོ་འཕང་འདེགས་པའི་སྙིང་སྟོབས་དེ་སྩལ་ནས།།
ད་གཟོད་རང་མགོ་ཐོན་པའི་དགའ་སྟོན་ལ་རོལ་དུས།།
ཨ་ཁུ་དམ་པའི་བཀའ་དྲིན་སེམས་གཏིང་ནས་དྲན་ཅིག།
ལས་དབང་བཙན་པོའི་འཁོར་ལོ་གོར་གོར་ཞིག་ཡིན་དུས།།
འཛམ་གླིང་ཆེན་པོ་འདི་ཡང་ཟླུམ་པོ་ཞིག་ཡིན་པས།།
ཉི་ཟླའི་གཟའ་དང་སྐར་མའི་འཁོར་ཕྱོགས་ལ་བརྟེན་ནས།།
ནམ་ཞིག་ལྷན་དུ་འཛོམས་པའི་སྐལ་བཟང་ལ་སྒུགས་ཤིག།
༢༠༡༥/༡/༩ ཉིན་ལྡི་ལི་མ་འཇུ་ཏྲི་ལ་ནས།