ལས་ཀྱིས་འཁྱོག་པའི་རྐང་རྗེས་ཐར་ཐོར་འགའ།།
རྒྱུས་མེད་བྱེ་མའི་ཐང་ལ་བཞག་ནས་ཐལ།།
རབ་རབ་སྨག་གིས་བཏུམས་པའི་མདུན་ལྗོངས་དེར།།
བགྲོད་ན་སྙིང་གི་བུ་ཆུང་ལྷག་པར་འདར།།
རྒྱུས་མེད་གཞན་ཡུལ་འགྲིམས་པའི་ལོ་ཟླའི་ཁྲོད།།
དབུགས་རིང་སྟོང་གིས་སྙིང་ཆུང་དལ་གྱིས་གསོས།།
ལག་ཟུང་སྙིང་ཁར་སྦྱོར་བའི་སྟངས་སྟབས་ཀྱིས།།
སྙིང་གི་གས་སྲུབ་དལ་གྱིས་འགེབས་ན་སྙམ།།
རྐང་ཟུང་འཇོག་པའི་འཕྲང་ལམ་དེ་ན་རྡོ་དང་རྡེའུ་རྩེ་མོ་རྣོ།།
གཡས་དང་གཡོན་གྱི་ཁ་ཕྱོགས་ཀུན་ནས་དུག་གི་ཚེར་མ་ཁྱེད་ལ་གཏད།།
མདུན་དུ་བསྐྱོད་པའི་ལམ་བུ་དེ་ན་སྨག་གི་ཡོལ་བ་འཕྲེད་དུ་དཔྱང་།།
མི་མངོན་ལྐོག་རྡོ་རྒྱབ་ནས་འཕངས་ཏེ་མགོ་བོ་སྐྱོར་བའི་ཟློས་གར་འཁྲབ།།
དཀའ་སྡུག་བརྒྱ་ཕྲག་ཕྲག་ཏུ་བབ་པ་ན།།
སྙིང་གི་བུ་ཡིས་བཟོད་བསྲན་མ་ཐུབ་ནས།།
གང་གི་གྱེས་ཁའི་ཞལ་གདམས་དྲོན་མོ་དེ།།
གནས་སྐབས་ཀློག་ཁོམ་མེད་པར་དགོངས་སེལ་ཞུ།།
མི་བུ་བརྒྱ་ཡིས་ཁོ་བོར་བསྟོད་ཀྱང་སྲིད།།
ངོ་ཤེས་སྟོང་གིས་ཁོ་བོར་སྨད་ཀྱང་རུང་།།
རང་གིས་འདོད་པས་བདམས་པའི་ལམ་ཁ་ལ།།
རང་ཉིད་གཅིག་པུར་བསྐྱོད་འདི་སྔོན་གྱི་ལས།།
དབུགས་ཙམ་གཏོང་བའི་མི་གཟུགས་འགའ་ཤས་ཀྱིས།།
དོན་མེད་འུར་སྒྲོག་བགྱིད་པའི་འཆལ་གཏམ་ལ།།
ཁྱེད་ཅག་ཐུགས་ཡིད་ཆེས་ན་ཐུགས་འདོད་གནང་།།
ཁོ་བོའི་སེམས་ཁམས་ནམ་ཡང་འགྱུར་མི་སྲིད།།
མིག་ཅིག་བཙུམ་ན་ཁྱེད་ཉིད་སྙིང་ནས་དྲན།།
དལ་གྱིས་བདང་ན་མིག་རྩར་ཁྱེད་ཉིད་ཙམ།།
ཁྱེད་ཀྱི་ལྷད་མེད་བྱམས་བརྩེ་དྲོད་མོ་དེ།།
ད་ལྟའི་དུས་སུ་ང་ལ་ལྷག་པར་མཁོ།།
ཁྱེད་ཉིད་ཕེབས་པ་ཅུང་ཙམ་སྔ་དྲགས་སོང་།
།
གཉེན་མེད་མགོན་མེད་གྱུར་པའི་ཁེར་རྐྱང་ལ།།
ཁྱེད་ཉིད་འཚོ་ཞིང་བཞུགས་པའི་དབུགས་ཙམ་གྱིས།།
མདུན་སྐྱོད་སྙིང་སྟོབས་འོད་སྣང་སྦྱིན་ངེས་ལགས།།
༢༠༡༣། ༥། ༢༩ ཉིན།
ཉོབ་སྣང་དང་སུན་སྣང་ཞིག་གི་སྐབས་རང་ཤག་ནས།