Monday, May 6, 2013

ཁ་བྱང་མེད་པའི་སྙན་ངག




རླུང་བུ་སྒལ་པ་ལ་རྒྱབ་པས།།
རྒྱུས་མེད་ས་མཐའ་ལ་འཕངས་སོང་།།
ལས་འཕྲོའི་མདུད་པ་ཞིག་ཐེབས་པས།།
ད་ནི་བཀྲོལ་ཐབས་ཤིག་མི་འདུག།


ནམ་མཁའི་བླ་མ་ཡི་བཀོད་སྒྲིག།
སུས་ཀྱང་བཅོས་ཐབས་ཤིག་མི་འདུག།
ལས་དབང་རླུང་འཚུབ་ཀྱི་ཁྲོད་ནས།།
ཁྱེད་ཉིད་ཡལ་ཐབས་ཀྱང་མི་འདུག།


ཁྱེད་ཉིད་མཇལ་སྐལ་ཞིག་བྱུང་བ།།
ཚེ་སྔོན་ལས་འཕྲོ་ཞིག་ཡིན་སྐད།།
ཚེ་གང་གཏན་གྲོགས་ཤིག་བྱེད་པའི།།
ངེད་ལ་བསོད་ནམས་འདྲ་ཡོད་དམ།།


དེབ་ལ་མགོ་བོ་ཞིག་འཁོར་ནས།།
འཇིག་རྟེན་འཚོ་བོ་དེ་མ་ཤེས།།
སེམས་པ་ཚོར་འདུ་ཡིས་དཀྲུགས་དུས།།
ང་རང་རྗེས་ལུས་ཤིག་ཐེབས་འདུག།།


སེམས་ཀྱི་བརྩེ་དུང་གི་གྲུ་གཟིངས།།
ཚོར་བའི་རྦ་རླབས་ཀྱིས་གཡོས་སོང་།།
ལྷད་མེད་བརྩེ་དུང་གི་ཆང་གིས།།
ང་ཡི་སྙིང་ཁམས་དེ་བཟི་སོང་།།


མ་བཅོས་ལྷད་མེད་ཀྱི་བརྩེ་དུང་།།
སྦས་ན་སྦས་ཐབས་ཤིག་མི་འདུག།
ཁྱེད་ཀྱི་ཉེ་འགྲམ་དུ་སླེབས་དུས།།
བརྗོད་ན་བརྗོད་ཐབས་ཀྱང་མི་འདུག།
སེམས་པ་ཁྱེད་ཉིད་ལ་ཤོར་བ།།
ད་ནི་འགོག་ཐབས་ཤིག་མི་འདུག།
དེ་སྐད་ཁྱེད་ཉིད་ལ་བརྗོད་ན།།
ངེད་ཉིད་འབྲེལ་ཐག་དེ་ཆད་ཡོང་།།


སྐྱོ་གདུང་སྙིང་ཁ་ལ་རུམ་ནས།།
འཛུམ་མདངས་ཁྱེད་ཉིད་ལ་ཕུལ་ཡོད།།
ཁྱེད་ལ་སྤྱན་མིག་ཅིག་ཡོད་ན།།
ད་ནི་མཁྱེན་ཚོད་ཅིག་ཡིན་ད།།


ཁྱེད་དང་གླེང་མོལ་རེ་བྱེད་དུས།།
ང་ཡི་སྐད་ངག་དེ་འདར་སོང་།།
སྙིང་ཆུང་འདར་སིག་ཅིག་རྒྱབ་པ།།
ཁྱེད་ཀྱིས་མཁྱེན་གྱི་རང་ཨེ་ཡོད།།


བརྩེ་དུང་རུས་གསེབ་ཏུ་སྦས་ནས།།
ཐ་མའི་སྲོག་དབུགས་དེ་ཆད་འགྲོ།
འཇིག་རྟེན་ཕྱི་མ་ལ་སླེབས་ཀྱང་།།
ཁྱེད་ཉིད་སེམས་གཏིང་ནས་དྲན་ཡོང་།།


ལས་འཕྲོའི་དབང་ཤུགས་དེ་བཙན་པས།།
ངེད་གཉིས་བྷུན་ཏར་དུ་འཛོམས་སོང་།།
ད་དུང་ལས་འཕྲོ་ཞིག་ཡོད་ན།།
མ་ཤི་གསོན་བྲལ་ཞིག་མི་བྱེད།།


ཁྱེད་ཀྱི་ལྷད་མེད་ཀྱི་འཛུམ་མདངས།།
ང་ལ་བདེ་སྐྱིད་ཅིག་བྱིན་ཀྱང་།།
ཀུན་ལ་འཛུམ་མདངས་དེ་བསྟན་དུས།།
སྙིང་ལ་ན་ཟུག་ཅིག་གཏོང་གི།


ང་ཡི་སེམས་གཏིང་གི་སྐད་ཆ།།
ཁྱེད་ལ་བརྗོད་འདོད་ཅིག་འདུག་ཀྱང་།།
དེ་ཡིས་ཁྱེད་ཐུགས་ལ་ཕོག་ན།།
སེམས་པ་འགྱོད་པ་ཡིས་མནན་ཡོང་།།


རེ་བ་མཐོ་བོ་ཞིག་མེད་ཀྱང་།།
ཁྱེད་ཀྱི་འཇུམ་མདངས་ཀྱི་ཞལ་རས།།
རྟག་ཏུ་མཇལ་རྒྱུ་ཞིག་བྱུང་ན།།
འདོད་པ་དེ་ག་ཡིས་འཚིམ་པ།།


འཛིན་གྲྭའི་ནང་སློབ་ཕྲུག་རྣམས་ལ་རྩོམ་དཔེའི་ཚུལ་དུ་ཐོལ་བྱུང་དུ་༢༠༡༣། ༥། ༥ཉིན།