Thursday, March 21, 2013

རླུང་དང་རླུང་འཚུབ།



                                       རླུང་དང་རླུང་འཚུབ། 

                                          ༼རྒྱང་རིང་གི་གདན་ས་དྲན་པ། ༽


               ལས་དབང་རླུང་འཚུབ་ཀྱིས་དེད་པས།། 
              མདུན་སྐྱོད་གོམ་ཁ་དེ་འཁྱོགས་སོང་།། 
              ནམ་ཞིག་གོམ་ཁ་དེ་འཁྱོར་དུས།། 
              བླ་མས་ཐུགས་རྗེ་ཞིག་གཟིགས་རོགས།། 

            ཆོས་ཀྱི་ཞིང་ཁམས་དེ་བསྐྱུར་ནས།། 
            ཟང་ཟིང་སྤྱི་ཚོགས་ནང་སླེབས་སོང་།། 
            གེགས་དང་བར་ཆད་རེ་ཡོང་དུས།། 
            བླ་མས་ཐུགས་རྗེ་ཞིག་གཟིགས་རོགས།། 

             མི་ཟློག་ལས་དབང་གི་བཀའ་ཤོག། 
            སུས་ཀྱང་འགོག་ཐབས་ཤིག་མི་འདུག། 
             ལས་ཀྱི་འཕྲང་ལམ་གྱི་འདབས་ན།། 
             བདེ་སྐྱིད་མེ་ཏོག་ཅིག་ཡོད་དམ།། 

             ལུས་པོ་བྱང་མཐའ་རུ་འཕངས་ཀྱང་།། 
             སེམས་པ་གདན་ས་ན་ལུས་འདུག། 
             ལྷད་མེད་དད་དམ་གྱི་སྙིང་ཆུང་།། 
             ནམ་ཡང་འགྱུར་ལྡོག་ཅིག་མ་བྱུང་།། 

           ཉིན་མོར་ཆོས་གྲོགས་རྣམས་དྲན་སོང་།། 
           མཚན་མོར་གདན་ས་རང་རྨིས་བྱུང་།། 
          ཉིན་མཚན་དུས་དྲུག་གི་བར་དུ།། 
          ནམ་ཡང་བརྗེད་ཐབས་རང་མི་འདུག། 

          མཚམས་རེར་རྣ་བ་ཡི་ནང་དུ།། 
          དྷི་སྐད་ལྷང་ལྷང་དུ་གྲགས་ཀྱི།། 
         ཐལ་མོ་ཤུགས་དྲག་གིས་བརྡབས་ནས།། 
         རིགས་པའི་མེ་ལྕེ་ཞིག་སྤར་འདོད།། 

           ལས་དང་བསོད་ནམས་ཤིག་མེད་པས།། 
             ཁྱེད་དང་རྒྱང་རིང་དུ་གྱུར་སོང་།། 
            དད་པ་དམ་ཚིག་ཅིག་ཡོད་ན།། 
           ཐུགས་རྗེའི་གཟིགས་པ་དེ་མ་ཆུང་།། 

                     འགྲོ་ཁར་བཤེས་གཉེན་གྱི་བསླབ་བྱ།། 
                     སྙིང་ཁོང་རུས་གསེབ་ན་བཞག་ཡོད།། 
                    རྟག་ཏུ་གསོལ་འདེབས་རེ་བྱེད་ན།། 
                    བླ་མའི་ཐུགས་རྗེ་ཞིག་གཟིགས་རོགས།། 

                       རྩ་གསུམ་ཀུན་འདུས་ཀྱི་བླ་མ།། 
                      ཚངས་སྤྱོད་རིགས་སྨྲ་ཡི་ཆོས་གྲོགས།། 
                      དབེན་གནས་གདན་ས་ཡི་ཞིང་ཁམས།། 
                       དད་པའི་རྟེན་མཆོག་ཉི་ཡིན་འདུག། 

                         ཆོས་ཀུན་གདོད་དག་གི་དབྱིངས་ནས།། 
                      ཐུགས་རྗེའི་སྒྱུ་འཕྲུལ་གྱི་དྲ་བས།། 
                     ཉམས་ཐག་ལོག་ཞུགས་ཀྱི་བུ་ལ།། 
                         ནམ་ཡང་དམ་དམ་དུ་འཆིང་རོགས།། 

༢༠༡༣། ཟླ་བ། ༣། ༢༡། ཉིན་གདན་སའི་དགེ་བའི་བཤེས་གཉེན་རྣམ་པ་དང་ཆོས་གྲོགས་རྣམས་ཤིན་ཏུ་དྲན་ཞིང་། དེ་དག་གི་ཞལ་རས་དང་ལྷག་པར་བརྒལ་བརྟག་བགྱིས་པའི་སྟངས་སྟབས་རྣམས་ཀྱང་ཡིད་ལ་དབང་མེད་དུ་འཁོར་ཏེ། བྷུན་ཏར་དགེ་འོས་མཐོ་སློབ་ཀྱི་གློག་ཀླད་ཁང་ནས་ཐོལ་བྱུང་དུ་བྲིས་སོ།།