Saturday, March 2, 2013

ལེགས་གྲུབ་ཀྱི་དགའ་སྟོན། སྒྲུབ་པའི་མཆོད་སྤྲིན།


ལེགས་གྲུབ་ཀྱི་དགའ་སྟོན། སྒྲུབ་པའི་མཆོད་སྤྲིན།



གང་གིས་བྱིན་པའི་མགོ་བོ་མཐོན་པོ་དེ།།
གཞན་གྱི་མགོ་བོ་དག་དང་ལྷན་ཅིག་ཏུ།།
བགྲེང་བའི་སྤོབས་པ་སྟེར་བའི་ཡབ་ཆེན་གང་།།
དེ་རིང་ཁྱེད་ཀྱིས་རྒྱང་ནས་དགྱེས་གཟིགས་མཛོད།།


ཆུང་ངུའི་དུས་ནས་དེབ་སྨྱུག་ཛར་ཛོར་འགའ།།
བྱིས་པའི་རྩེད་ཆས་ཟོལ་དུ་ཉར་བ་ནི།
ལོ་ཡི་རི་མོ་འབུར་བའི་དུས་ཚིགས་སུ།།
དེབ་སྨྱུག་དགའ་མར་བསུ་བའི་རྟེན་འབྲེལ་ལགས།།

མཚུངས་མེད་ཡབ་ཆེན་དམ་པའི་བཀའ་དྲིན་དང་།།
མཁས་དབང་དགེ་རྒན་གང་གི་བྱིན་རླབས་ཀྱིས།།
བླུན་པོའི་ཁྲོད་དུ་ང་རོ་མི་སྒྲོག་པར།།
མཁས་པའི་གྲལ་དུ་འཚང་བའི་སྙིང་སྟོབས་བྱིན།།


མནའ་དེང་རིག་པའི་གཞུང་གི་ཁོག་སྦུབས་ནས།།
ཨིན་བོད་གཙུག་ལག་ཉིང་ཁུ་གཞིབ་པ་ལས།།
དེང་གི་དུས་འདིར་ཨིན་བོད་བརྡ་སྤྲོད་ཀྱི།།
གཏམ་གསར་འདི་ཉིད་འཁྲུངས་ལ་དགའ་བར་མཛོད།།

མཁས་པའི་སྤྱན་སྔར་སྒྲུབ་པའི་མཆོད་སྤྲིན་དང་།།
ན་མཉམ་མདུན་དུ་ལེགས་བཤད་ནོར་བུའི་ཕྲེང་།།
བླུན་པའི་མིག་སྔར་དུག་གི་ཚེར་མ་བཞིན།།
གཏམ་གསར་འདི་ཡི་ཁྱད་ཆོས་ཉིད་དུ་འཁུམས།།



བེ་རི་མཁས་པའི་ཐུགས་ཀྱི་ཁང་བཟངས་ནས།།
བྱུང་བའི་ལེགས་པར་བཤད་པའི་འོད་དཀར་ཕྲེང་།།
ཁོ་བོའི་སྙིང་ལ་དལ་གྱིས་སིམ་པ་ན།།
མཆོད་སྤྲིན་མཁའ་ལ་རྩེན་པ་དངོས་པོའི་གཤིས།།

བེ་རི་མཁས་པའི་གསུང་སྐྱེས་སློབ་མའི་ཚོགས།།
གང་གའི་རྡུལ་ལ་སྙེད་པའི་དཀྱིལ་འཁོར་ན།།
འཆད་རྩོད་རྩོམ་པའི་དཔལ་ལ་མངའ་བརྙེས་པ།།
བེ་རི་མཁས་པའི་ཐུགས་སྲས་ཁོ་བོ་ཙམ།།
ཁོ་བོའི་རྣམ་དཔྱོད་ཀུ་ཤའི་རྩེ་མོ་ཡིས།།
ཤེས་རིག་རྒྱ་མཚོའི་ངོགས་ཀྱི་ཆུ་ཐིགས་ཙམ།།
བླངས་ནས་ན་མཉམ་བློ་གསལ་གཞོན་ནུ་འགར།།
སྐོམ་པའི་གདུང་བའི་སེལ་བའི་དཔྱིད་དུ་སྤེལ།།

དེང་གི་དུས་འདིར་བླུན་པོ་ལག་གདང་གིས།།
བློ་གསལ་མཁས་པའི་ཚོགས་རྣམས་རྒྱང་དུ་སྐྱུགས།།
ཁྱི་རྒན་ཡ་སོ་ངོམས་པའི་ས་ཕུག་དེར།།
ངུ་ཟུག་དྲག་པོས་གནམ་ས་གཡོ་བར་བརྩམས།།

དེང་གི་དུས་འདིར་ལོ་གྲངས་རྒས་གྱུར་ན།།
བླུན་པོ་ཡིན་ཡང་གཙུག་ཏོར་ཇི་བཞིན་ནོ།།
ཤེས་རབ་རྒྱ་མཚོའི་ངོས་ལྟར་ཡངས་པ་ཡང་།།
གཞོན་ནུར་གྱུར་ན་ཚད་མར་འཛིན་པར་དཀོན།།  ( འདི་ས་པན་གྱི་གསུང་ལས་གཡར། )

ས་པན་མཆོག་གིས་དགུང་ལོ་ཉེར་གཉིས་ལ།།
བོད་ཀྱི་བརྡ་སྤྲོད་སྒྲ་ལ་འཇུག་པ་སྦྱར།།
བེ་རི་རྒྱལ་སྲས་ཕོ་ལོ་ཉེར་ལྔ་ལ།།
ཨིན་བོད་གཉིས་ཀྱི་བརྡ་སྤྲོད་གཞུང་ལུགས་རྩོམ།།

དེང་གི་དུས་འདིར་མཁས་མིང་འཛིན་པ་འགས།།
ལོ་གྲངས་དུ་མར་འབད་པས་ཞུགས་ན་ཡང་།།
མ་སླེབས་ཕྱི་ནང་རིག་པའི་ཁང་བཟངས་ཀྱི།།
རྐས་ལ་འཛེགས་པའི་རིགས་པའི་དཔའ་བོ་གང་།།

ཆུང་ངུའི་དུས་ནས་ཡབ་ཀྱི་བྱམས་སྐྱོང་དང་།།
དགེ་རྒན་མཁས་པའི་གསོ་སྐྱོང་བཀའ་དྲིན་འོག།
དེང་གི་དུས་འདིར་ཡབ་རྗེ་རྣམ་གཉིས་ལ།།
སྒྲུབ་པའི་མཆོད་སྤྲིན་བསྟར་བའི་སྐལ་བཟང་མངོན།།

བླུན་པོས་བརྙས་ཀྱང་མཁས་པའི་བསྔགས་བརྗོད་ཡོད།།
ཁྱེད་ཀྱིས་སྨད་ཀྱང་ཁོང་གིས་ཆེ་མཐོང་གནང་།།
བླུན་པོའི་ཁྲོད་དུ་ཐལ་རྩེད་མི་རྩེ་བར།།
མཁས་པའི་དྲུང་དུ་ལེགས་བཤད་སྨྲ་བ་གང་།།

དེ་ཉིད་ཕྱིར་ན་དག་པའི་ཞིང་ཁམས་ནས།།
ཡབ་ཡུམ་དམ་པས་རྒྱང་ནས་དགྱེས་གཟིགས་མཛོད།།
གང་ཁྱེད་རིགས་སྲས་བེ་རི་སྨྱོན་ཕྲུག་གིས།།
མཁས་པའི་རྒྱལ་མཚན་མཁའ་ལ་སྒྲེང་བཞིན་ཡོད།།

ད་ནས་དབུགས་ཀྱི་རྒྱུ་བ་མ་ཆད་བར།།
དཔལ་དང་འབྱོར་བས་ཤིན་ཏུ་ཕོངས་གྱུར་ཀྱང་།།
འཆད་རྩོད་རྩོམ་པའི་བྱ་བས་དུས་འདའ་ནས།།
ཁྱེད་ཀྱི་ཁྲག་རུས་ནམ་ཡང་རྫེད་མི་ཡོང་།།

ཞེས་པ་འདི་ནི་རང་གི་ཡབ་ཆེན་དམ་པ་དང་དགེ་རྒན་མཁས་པའི་བཀའ་དྲིན་བསམ་ཞིང་། དེ་དག་ལ་སྒྲུབ་པའི་མཆོད་པ་ཅུང་ཙམ་རེ་ཡོང་བར་རེ་ནས་ངལ་བསོ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་འདི་བེ་རི་དཔལ་ལྡན་ཕྱོགས་ལས་རྣམ་པར་རྒྱལ་བ་ཕྱི་ནང་རིག་པའི་རྣམ་དཔྱོད་མཆོག་ཏུ་འབར་བའི་སྡེས་སྦྱར་བའོ།།