ཨོ་ཤོ་ཡི་གདམས་ངག་བཅུ་དང་། ནང་པའི་ལྟ་གྲུབ།
Osho's"Ten Commandments"
Never obey anyone's command unless it is coming from within you
also.
རང་ཉིད་ཀྱིས་ངེས་ཤེས་རྙེད་པའི་དོན་ལས་གཞན།
སུ་གང་གི་བཀའ་ལ་རྩི་མི་དགོས།
འདི་ནི་ཨོ་ཤོའི་ལྟ་གྲུབ་ཀྱི་རྨང་གཞི་དེ་ཡིན་ཞིང་།
ཨོ་ཤོའི་དཔེ་དེབ་ཀུན་གྱི་ནང་དུ་རིགས་པའི་ལམ་ནས་དཔྱད་དགོས་པ་ལུགས་སྲོལ་ཞིག་དང་བཤད་ཡམས་ཤིག་གི་འོག་ནམ་ཡང་འགྲོ་རྒྱུ་མེད་པའི་སྐོར་གང་སར་བཀའ་གནང་ཡོད།
དེའི་ཕྱིར་ཧིན་དྷུ་Four Vida རིག་བྱེད་བཞི་ཡི་གཞུང་རྣམས་གཅེས་འཛིན་བྱེད་ཕྱོགས་ལ་སྐྱོན་བརྗོད་དྲག་པོ་གནང་ཡོད།
དར་ཁྱབ་ཆེན་པོ་ཡོད་པའི་ཆོས་ལུགས་མང་པོ་ཞིག་གི་ནང་བྱ་བ་གང་ཞིག་བྱེད་ཀྱང་དེའི་ལེགས་ཉེས་དང་ཡག་སྡུག་སོགས་ནི་དེའི་ནང་བཤད་པའི་ལྟ་གྲུབ་ཀྱི་སྒྲོམ་གཞི་དེ་དང་འགལ་མི་འགལ་ལ་ལྟོས་ཤིང་།
དེ་ཡང་མཐར་ཐུག་ན་དཀོན་མཆོག་གི་བཀའ་གནང་ཡོད་མེད་ལ་རྩི་བ་ཡིན་པས། བྱ་བ་ཁ་ཤས་འཇིག་རྟེན་ཡོངས་གྲགས་སུ་ཉེས་པའི་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་དག་ཀྱང་རང་གི་དཀོན་མཆོག་གི་བཀའ་ལ་བརྩི་སྲུང་གིས་དེ་དག་སྣང་མེད་བཞག་པ་ཡིན་པས།
དེ་ནི་དོན་དངོས་ཐོག་ལྐུགས་པ་ཆེན་པོ་ཞིག་རེད།
ཨོ་ཤོ་མཆོག་གི་ལྟ་གྲུབ་ནང་མི་ཆེན་པོ་དང་ཆུང་ངུ།
མཐོ་བོ་དམའ་བོ་སུ་ཞིག་གིས་བཀའ་གནང་ཡང་།
བཀའ་གནང་བའི་གནད་དོན་དེ་རང་ཉིད་ཀྱིས་ངེས་པ་རྙེད་པ་ཞིག་མིན་ན་དེ་ནི་བཏང་སྙོམས་སུ་བཞག་པ་ལས་དེ་བཞིན་བྱེད་དགོས་དོན་ཡེ་ནས་མེད་པར་གསུངས་ཡོད།
དེ་ནི་ནང་པའི་ལྟ་གྲུབ་དང་བཤད་པའི་རྟོན་པ་བཞིའི་རྣམ་གཞག་དང་ཆེས་ཤིན་ཏུ་མཐུན་ཏེ།
སྟོན་པ་བཅོམ་ལྡན་འདས་ཀྱིས་རྟོན་པ་བཞིའི་རྣམ་གཞག་གསུངས་པའི་སྐབས།
གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཆོས་ཀྱི་ནང་ནས་དྲང་དོན་ལ་མ་རྟོན་ངེས་དོན་ལ་རྟོན།
དབང་ཤེས་ལ་མ་རྟོན་ཡིད་ཤེས་ལ་རྟོན། ཞེས་གསུངས་ཤིང་།
དེ་ཡང་མདོར་བསྡུས་ན་གསུང་བ་པོའི་གང་ཟག་སུ་ཡིན་དང་ཆེ་ཆུང་མཐོ་དམན་རིང་ཐུང་སོགས་ལ་མི་ལྟ་བར་གང་གིས་གསུངས་པའི་ཆོས་དེ་བདེན་དོན་དང་དངོས་ཡོད་གནས་ཚུལ་ཡིན་མིན་གྱི་ཞིབ་འཇུག་དགོས་པར་གསུངས་ཏེ། དགེ་སློང་དག་གམ་མཁས་རྣམས་ཀྱིས།།
བསྲེག་བཅད་བརྡར་བའི་གསེར་བཞིན་དུ།།
ལེགས་པར་བརྟག་ལ་ང་ཡི་བཀའ།།
བླང་བར་བྱ་ཡི་གུས་ཕྱིར་མིན།།
ཞེས་སྤོབས་པ་ཆེན་པོའི་ཐོག་ནས་གསུངས་པ་བཞིན་ཨོ་ཤོས་ཀྱང་མི་སུ་འདྲ་ཞིག་གིས་གསུངས་ཀྱང་རང་ཉིད་ཀྱིས་ངེས་ཤེས་རྙེད་པ་ཞིག་མ་བྱུང་ན་དེ་ནི་ནམ་ཡང་རྩི་དགོས་པ་དང་།
རང་ཉིད་གང་གི་རྗེས་སུ་ཞུགས་ན་ཡང་ངེས་པར་དུ་རིགས་པའི་ལམ་ལ་བརྟེན་དགོས་པ་དང་།
དེ་ཡང་རང་ཉིད་ཀྱིས་སེམས་གཏིང་ནས་ངེས་ཤེས་བརྟན་པོ་ཞིག་མ་རྙེད་ན་དེར་ནམ་ཡང་ཞུགས་མི་ཉན་པར་གསུངས་པ་དེ་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ལུགས་ཤིག་ཏུ་ངེས།
ཨོ་ཤོ་མཆོག་གི་ལྟ་གྲུབ་ཀྱི་རྨང་གཞི་ཡང་འདི་ཉིད་ཡིན་པས་དུས་རྟག་ཏུ་དངོས་ཡོད་གནས་ཚུལ་ཇི་ཡིན་འཚོལ་བ་དང་།
ད་དུང་རིགས་པའི་ལམ་ནས་འཚོལ་དགོས་པ་ལས་ཡིད་ཆེས་དང་ལུང་ཙམ་གྱི་རྗེས་སུ་ཞུགས་མི་ཉན་པར་གསུང་པའི་ལེགས་བཤད་འདིས་ནི་ཨོ་ཤོ་དང་ཁོང་གི་ལྟ་གྲུབ་ཀྱི་གཟི་བརྗིད་ཆེན་པོ་ཞིག་རེད།
There is no God other than life itself
རང་གི་རྣམ་ཤེས་ལས་གཞན་པའི་དཀོན་མཆོག་མེད།
རང་གི་རྣམ་ཤེས་སམ་སེམས་ལས་གཞན་པའི་དཀོན་མཆོག་ཅེས་པ་ཞིག་ཟུར་དུ་མེད་པར་གསུངས་ཤིང་།
དེ་ཡང་མི་མང་པོ་ཞིག་གིས་རང་ཉིད་ཀྱི་བྱ་བ་དང་ནུས་པ་སོགས་ལ་བསམ་བློ་ཡེ་ནས་མེད་པར་ཐམས་ཅད་དཀོན་མཆོག་ཅེས་མིག་བཙུམ་ཞིང་གསོལ་བ་འདེབས་པ་དང་།
མིག་བགྲད་ཅིང་ཞལ་འདོན་འདོན་པ་སོགས་ལས་རང་ཉིད་ཀྱི་སེམས་དང་དེའི་བྱ་བ་ལ་ནམ་ཡང་ཞིབ་འཇུག་མི་བྱེད་པ་དེ་ནི་རང་ཉིད་ཉམས་རྒུད་གཏོང་བའི་མགོ་ཚུགས་པར་གསུངས་ཤིང་།
དེས་ན་རང་ཉིད་ཀྱི་སེམས་ནི་རང་ཉིད་ཀྱི་དཀོན་མཆོག་ངོ་མ་དེ་ཡིན་ཞིང་།
དེ་ལ་གཅེས་སྤྲས་དང་དེ་ལ་ཞིབ་འཇུག་གིས་ལེགས་སྤེལ་ཉེས་འགོག་བྱེད་ན་རང་ཉིད་དཀོན་མཆོག་ཅིག་ཏུ་བསྒྱུར་ཆོག་པར་གསུངས་པ་དེ་ནི།
གཟུར་གནས་ཀྱི་མཁས་པ་ཞིག་ཡིན་ཡིད་ཀྱི་བརྟན་པ་མ་འཕྲོག་པའི་སྐབས་མེད།
དེ་ནི་ནང་གི་གཞུང་ལུགས་ནས་བཤད་པ་དང་ཤིན་ཏུ་མཐུན་ཏེ།
མདོ་ལས། བདག་ཉིད་བདག་གི་མགོན་ཡིན་ཞིང་།། བདག་ཉིད་བདག་གི་དགྲ་ཡིན་ཏེ།།
གཞན་ནི་སུ་ཞིག་མགོན་དུ་འགྱུར།། ཞེས་པ་དང་འདྲ་བར་རང་ཉིད་ཀྱིས་རང་ཉིད་ལ་ཞིབ་འཇུག་གིས་རང་གི་ཉེས་པ་འགོག་ཅིང་ཡོན་ཏན་སྤེལ་བར་བྱེད་ན་རང་ཉིད་ནི་རང་ཉིད་ཀྱི་མགོན་སྐྱབས་ཡིན་པ་དང་།
རང་ཉིད་ཀྱིས་རང་ལ་གཅེས་སྤྲས་མེད་པར་ཉོན་མོངས་པ་དང་མ་རུང་བའི་སེམས་ཀྱི་བྲན་དུ་ཚུད་ན་རང་ཉིད་ནི་རང་ཉིད་ཀྱི་དགྲ་ཡིན་པར་གསུངས་པ་དང་།
རང་གི་སེམས་རང་གིས་གཅེས་སྤྲས་དགོས་པ་དང་།
རང་སེམས་ཀྱི་རང་ངོ་འཕྲོད་པར་འབད་དགོས་ཤིང་།
རང་ངོ་འཕྲོད་ཚེ་རང་ཉིད་ཉོན་མོངས་པའི་བྲན་གཡོག་ལས་ཐར་ཐུབ་ཅིང་།
དེ་ནི་ཀིར་ཤི་ན་མུར་ཏི་སོགས་ཀྱིས་རང་ངོ་རང་ཤེས། Selfrealization and selfknowledge ཞེས་གནད་ཆེན་དུ་རྩི་བ་དང་ཡང་གཅིག་མཚུངས་སུ་སྣང་ཞིང་།
བདེན་བཞིའི་རྣམ་གཞག་བཤད་པའི་སྐབས་རང་ཉིད་ཀྱི་འགོག་པའི་བདེན་པ་དེ་སྐྱབས་ངོ་མ་དེ་ཡིན་པ་དང་།
དེ་ཡང་རང་གི་སེམས་སྟེང་གི་ངོ་སྐལ་གྱི་དྲི་མ་ཟད་པའི་ཆ་དེ་རང་ལས་འོས་མེད་པས་ཨོ་ཤོས་གསུངས་པའི་རང་ཉིད་ལས་གཞན་ལས་དཀོན་མཆོག་ཅེས་པ་ཞིག་མེད་པར་གསུངས་པ་དེ་ནི་གནས་ལུགས་རྒྱུ་མཚན་ལྡན་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་རེད།
Truth is within you; do not search for it elsewhere.
བདེན་དོན་ནི་སེམས་ངོས་སུ་ཡོད་པ་ལས།
ཕྱོགས་གཞན་ཞིག་ཏུ་འཚོལ་དུ་མེད།
བདེན་པ་ཞེས་པ་དེ་ཕྱི་རོལ་གྱི་དངོས་པོ་ཞིག་ནས་ཚུར་ལེན་དུ་ཡོད་པའི་ལྟ་བུའི་བསམ་བློ་འཁོར་དུ་མེད་པར།
དེ་ནི་རང་གི་ངོར་ཡོད་ཅིང་།
དུས་རྟག་ཏུ་བདེན་དོན་ཞེས་གཞན་དུ་མི་འཚོལ་བར་རང་ཉིད་དང་འབྲེལ་བའི་སྟེང་ནས་བདེན་དོན་འཚོལ་དགོས་པར་གསུང་པ་དེ་ཡང་རྨད་དུ་བྱུང་བ་ཞིག་སྟེ།
ནང་པའི་གཞུང་ནས་བཤད་བཞིན་དཔེ་སྒྲ་དང་བུམ་པ་སོགས་ཀྱི་སྟེང་དུ་མི་རྟག་པ་དང་བདེན་པར་མེད་པ་སོགས་ཀྱི་དཔྱད་པ་མང་དུ་བྱས་དཔྱད་པ་བྱེད་མཁན་གྱི་སྐྱེས་བུ་རང་ཉིད་མི་རྟག་ཅེས་པ་དང་བདེན་མེད་ཅེས་པ་སོགས་ལས་རྒྱང་རིང་དུ་འགྲོ་ན་མི་རིགས་པར་གསུངས་པ་དང་རྣམ་པ་ཐམས་ཅད་དུ་མཐུན་པར་སྣང་།
Love is prayer.
༤ བྱམས་བརྩེ་ནི་སྨོན་ལམ་ཡིན།
སེམས་ཅན་གཞན་ལ་བྱམས་པ་དང་བརྩེ་བ་ནི་སྨོན་པའི་སེམས་ཁྱད་པར་བ་ཞིག་ཡིན་པས།
དུས་རྟག་ཏུ་རང་ཉིད་ཀྱིས་གཞན་གྱི་ཆེད་དུ་སྨོན་ལམ་ཞིག་འདེབས་ཀྱི་ཡོད་ཚེ་དེ་ལ་བྱམས་པ་དང་བརྩེ་བ་སྒོམ་དགོས་པ་ལས།
སྨོན་ལམ་གང་མང་མང་ཞིག་འདེབས་ནས་གང་གི་ཆེད་དུ་སྨོན་ལམ་གདབ་ཡུལ་གྱི་སྐྱེས་བུ་དེ་ལ་བྱམས་པ་དང་བརྩེ་བ་ཡེ་ནས་མེད་ན་དེ་ནི་བེད་མེད་ཅིག་ཏུ་གྱུར་བ་རེད།
To become nothingness is the door to truth. Nothingness itself is
the means, the goal and attainment.
སྟོང་པ་ཉིད་ནི་དོན་དམ་པའི་བདེན་པའི་འཇུག་ངོགས་ཡིན།
སྟོང་པ་ཉིད་ནི་བསྒྲུབ་བྱ་ཡིན་ལ། འཐོབ་བྱ་དང་། འཐོབ་བྱེད་ལམ་ཡང་ཡིན།
ཨོ་ཤོའི་ལྟ་གྲུབ་ནས་གསུངས་པའི་སྟོང་པ་ཉིད་ཅེས་པ་དེ་ནི་ཅི་ཡང་མེད་པའི་སྟོང་པ་ཉིད་ལྟ་བུ་ཞིག་དང་འདྲ་བར་གསུངས་འདུག་ཅིང་།
དེ་ཡང་འདི་རེད་ཅེས་ཁ་ཚོན་བཅད་ནས་ཞུ་བར་མི་སྤོབས་ཀྱང་།
སྟོང་པ་ཉིད་དེ་ནི་བདེན་པའི་སྒོ་གཅིག་པུ་དེ་ཡིན་པར་གསུངས་པ་དང་།
རང་ཉིད་ཉོན་མོངས་སོགས་མ་རུང་བའི་སེམས་ལས་ཐར་བའི་འདོད་པ་ཡོད་ན་དེ་ལས་ཐར་བའི་སྒོའམ་འཇུག་ངོགས་ཤིག་ཡོད་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་གཞག་ཤེས་པ་དེ་རང་ཡིན་པར་གསུངས་ཤིང་།
དེ་ནི་ནང་པའི་གཞུང་ལུགས་ནང་། ཞི་སྒོ་གཉིས་པ་མེད་པ་དང་།།
ཞེས་པ་དང་ཤིན་ཏུ་མཐུན་ཞིང་།
སྟོང་པ་ཉིད་ཀྱི་སྟེང་ནས་ཐར་པའི་གོ་འཕང་དུ་བགྲོད་པ་ཞིག་དགོས་པ་ལས་དེ་ལས་གཞན་གྱི་ཐབས་ཤིག་ཡེ་ནས་མེད།
དེའི་ཕྱིར་སྟོང་པ་ཉིད་ནི་ང་ཚོས་ངེས་པར་དུ་བསྒྲུབ་དགོས་པའི་བསྒྲུབ་བྱ་གཅིག་པུ་དེ་ཡིན་ལ།
དེའི་སྒྲུབ་བྱེད་དུ་ཆོས་ཀུན་སྟོང་པ་ཉིད་ལས་མེད་པའི་སྒྲུབ་བྱེད་མང་དུ་བསམ་དགོས།
ནམ་ཞིག་སྟོང་པ་ཉིད་ཀྱི་དོན་ཇི་བཞིན་ཤེས་ན་རང་ཉིད་ཀྱི་བསྒྲུབ་བྱ་དེ་གྲུབ་སོང་བ་ཡིན།
དེས་ན་སྟོང་པ་ཉིད་ནི་འཐོབ་བྱ་ཡང་ཡིན་ཏེ།
སྟོང་པ་ཉིད་ཀྱི་དོན་རང་གིས་ཇི་ལྟར་ཤེས་པ་དེ་རྒྱུན་ཆད་མེད་པར་གོམས་པར་བྱས་པས་ནམ་ཡང་རང་ཉིད་ཀྱི་སེམས་ཀྱི་སྟེང་དུ་ཡོད་པའི་དྲི་བ་མཐའ་དག་ཟད་པའི་ཞི་བའི་དབྱིངས་སམ་ཆོས་ཀྱི་དབྱིངས་ཤིག་གྲུབ་ལ་དེ་ནི་སྟོང་པ་ཉིད་མཐར་ཐུག་པ་དེ་ཡིན་ལ།
དེ་ནི་རང་ཉིད་ཀྱི་འཐོབ་བྱ་མཐར་ཐུག་པ་དེ་ཡང་ཡིན།
དེའི་ཆེད་དུ་སྟོང་པ་ཉིད་དུས་རྟག་ཏུ་སྒོམ་དགོས་པ་ཡིན་པས་དེ་ནི་འཐོབ་བྱེད་ཀྱང་ཡིན།
Life is now and here.
མི་ཚེ་ནི་འདི་ཉིད་ཡིན་ལ། འདི་ཉིད་དུ་ངེས་པ་ཡིན།
གནས་སྟངས་གང་འདྲ་ཞིག་ཡིན་ཡང་མི་ཚེ་ཞེས་པ་གཞན་དང་ཞིག་ཏུ་མི་འཚོལ་བར་མི་ཚེ་ནི་རང་ཉིད་ལ་ཡོད་པ་དེ་རང་ཡིན་ལ།
འདིར་ཡོད་པ་དེ་རང་མི་ཚེ་ཡིན།
Live wakefully.
འཚོ་བ་སྤྱང་གྲུང་ལྡན་པའི་ངང་སྐྱེལ་དགོས།
རང་ཉིད་ཀྱི་འཚོ་བ་དང་མི་ཚེ་དེ་ནི་བླུན་པོའི་ངང་སྐྱེལ་ན་འཕྲལ་ཡུན་ཀུན་ཏུ་སྡུག་བསྔལ་ཤ་སྟག་འབྱུང་བ་ཡིན་པས་མི་ཚེ་དེ་ནི་སྤྱང་གྲུང་ལྡན་པ་ལམ་དངོས་ཡོད་གནས་སྟངས་ཤེས་པ་བྱེད་ནས་སྐྱེལ་དགོས་པར་གསུངས།།
Do not swim – float.
༨ ཆུ་སྣ་གར་འཁྲིད་མ་བྱེད་རོགས།
བླུན་པོ་ཆུ་སྣ་གར་འཁྲིད་ཅེས་པ་དེ་ནམ་ཡང་མི་བྱེད་པར་དུས་དང་གནས་སྐབས་ཐམས་ཅད་དུ་རང་ཉིད་ཀྱི་ཤེས་རབ་བེད་སྤྱོད་དེ་རང་ཉིད་རང་ཉིད་ཡིན་པའི་འཚོ་བ་སྐྱེལ་དགོས་པར་གསུངས།
Die each moment so that you can be new each moment.
༩
བྱ་དངོས་ཡོད་ཚད་སྐད་ཅིག་སྐད་ཅིག་ལ་འཇིག་གི་ཡོད། དེར་བརྟེན།
ཁྱེད་རང་སྐད་ཅིག་རེ་རེར་མི་བུ་གསར་བ་བྱེད་ཐུབ།
འདུས་བྱས་ཀྱི་ཆོས་ཀུན་སྐད་ཅིག་སྐད་ཅིག་གིས་འཇིག་པའི་མི་རྟག་པའི་རང་བཞིན་དུ་ངེས་ཤིང་།
དེར་བརྟེན་ནང་པའི་གཞུང་ལུགས་ནས།
ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་གསུངས་པའི་དང་པོ་དེར། འདུས་བྱས་ཐམས་ཅད་མི་རྟག་པ།།
ཞེས་གསུངས་པས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པས་ཟག་བཅས་ཀྱི་བདེ་བ་སོགས་ཐམས་ཅད་སྡུག་བསྔལ་བའི་རང་བཞིན་ཡིན་པར་གསུངས་ཏེ་འདི་སྣང་གི་དངོས་པོ་ཐམས་ཅད་ལ་ཡིད་བརྟན་མེད་པ་དང་།
ཆགས་པ་ལྡོག་པ་སོགས་ཀྱི་ཆེད་དུ་མི་རྟག་པ་གསུངས་ཏེ། དེའི་ཕྱིར་མི་རྟག་ལས་སྡུག་བསྔལ།།
ཞེས་འབྱུང་བས་མི་རྟག་པ་ཡིན་པས་སྐད་ཅིག་རེ་རེ་ནས་འཇིག་པ་ཡིན་པས་དེ་ལ་ཡིད་བརྟན་བྱེད་མི་རུང་བར་གསུངས།
འོན་ཀྱང་། ཨོ་ཤོ་མཆོག་གིས།
འདུས་བྱས་ཀྱི་དངོས་པོ་ཐམས་ཅད་མི་རྟག་པ་ཡིན་པས་སྐད་ཅིག་རེ་རེ་ནས་འཇིག་པ་ལས་སྐད་ཅིག་དེ་ག་ཉིད་དུ་ནམ་ཡང་མི་སྡོད་པས།
གལ་ཏེ་རང་ཉིད་ད་ལྟ་ཉོན་མོངས་སོགས་ཀྱི་གཞན་དབང་དུ་གྱུར་པ་ཞིག་ཡིན་ཡང་།
དེ་ཡང་མི་རྟག་པ་ཡིན་པས་སྐད་ཅིག་རེ་རེ་ནས་རང་ཉིད་དེ་ལས་ཐར་བའི་གོ་སྐབས་ལྡན་པ་དང་།
གལ་ཏེ་རང་ཉིད་ལ་ཕམ་ཉེས་ཆེན་པོ་ཞིག་བྱུང་ཡང་དེ་ཡང་མི་རྟག་པ་ཡིན་པས་སྐད་ཅིག་རེ་རེ་ནས་དེ་ལས་བརྒལ་ཞིང་ཐར་བའི་གོ་སྐབས་ཡོད་པ་ཡིན་པས།
མི་རྟག་པ་ཡིན་པ་དེས་རང་ཉིད་སྐད་ཅིག་རེ་རེ་ནས་ལེགས་པའི་ཕྱོགས་སུ་བསྐྱོད་པའི་གོ་སྐབས་ཡོད་ངེས་ཡིན་པར་གསུངས་ཡོད།
མདོར་ན་མི་རྟག་པ་ཡིན་པ་དེས་རང་ཉིད་ལེགས་ཉེས་ཀྱི་ལམ་བུ་གང་ཞིག་ཏུ་བསྐྱོད་ཀྱང་རང་ཉིད་ལ་ནུས་པ་ཚང་མ་ཡོད་པ་ཡིན།
Do not search. That which is. Stop and see.
༡༠
ཕྱོགས་གང་སར་འཚོལ་དུ་འགྲོ་མཚམས་བཞག་སྟེ་ལྟོས་དང༌། གང་གང་ཡིན་པ།། དེ་དེ་བཞིན་ནོ།།
དངོས་ཡོད་གནས་ཚུལ་སོགས་གང་དང་གང་ཡིན་ཤེས་པའི་ཕྱིར་དུ་གང་སར་རྒྱུགས་ནས་འཚོལ་མི་དགོས་པ་དང།
དེ་ལྟར་བྱེད་ན་གནས་ཚུལ་ངོ་མ་དེ་མི་རྙེད་པས་གནས་ལུགས་ངོ་མ་དེ་འཚོལ་དགོས་ན་ལུས་སེམས་གཉིས་ཀ་གཡེང་བ་སོགས་ཀྱི་དབང་དུ་མ་གཏོང་བར་དལ་གྱིས་ལྟ་བའི་ཚེ་གནས་ལུགས་ངོ་མ་དེ་རྙེད་ཡོང་ལ།
གནས་ལུགས་ངོ་མ་དེ་རང་ལ་ཤར་ཡོང་།།
གདན་ས་ཆེན་པོའི་རིགས་སྨྲའི་གྲལ་གསེབ་ན།།
ལོ་ཤས་འཚང་བས་བླུན་པོའི་ཨ་འཐས་སེམས།།
རང་སར་ཞི་ཞིང་ངེས་དོན་རིགས་ལམ་གྱིས།།
ཁོ་བོའི་བློ་གྲོས་ཁང་བཟངས་བཙན་གྱིས་བཟུང་།།
རིགས་པའི་ཐལ་མོ་བརྡབ་པའི་སྐད་སྒྲ་ཡིས།།
ཞེན་པ་ནག་པོའི་འབྱུང་བྱ་རྒྱང་དུ་བྲོས།།
དོན་དམ་གནས་ལུགས་འཚོལ་བའི་སྙིང་སྟོབས་ཀྱིས།།
དངོས་ཡོད་བདེན་དོན་བཤད་པའི་སྤོབས་པ་བྱིན།།
འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ཡོངས་སུ།།
སྙན་དང་གྲགས་པ་འབར་བའི་ཨོ་ཤོ་ཞེས།།
གནང་དེང་ལྟ་གྲུབ་སྨྲ་བའི་མཁས་དབང་དེའི།།
ལེགས་བཤད་འགའ་ལ་མིག་ཤར་ཅུང་བྱས་པས།།
དེང་རབས་དུད་སྤྲིན་ཐིབ་པའི་རྒྱལ་ས་ན།།
ལེགས་དང་ཉེས་ཀྱི་འུར་བརྗོད་མང་ན་ཡང་།།
གཟུ་བོའི་བློ་ཡིས་ཞིབ་ཀྱིས་དཔྱད་པ་ན།།
ཨོ་ཤོ་མཆོག་ནི་ངེས་དོན་མཁས་གྲུབ་ཅིག།
འདི་ཀོ་ང་ཡི་ངོ་ན་བདེན་པ་སྟེ།།
ཀུན་ལ་བདེན་པའི་ཆོས་ཤིག་རྙེད་མི་སྲིད།།
རང་ཉིད་དབུ་མར་རློམ་པ་རིགས་སྨྲའི་གཤིས།།
དེ་སླད་དགག་སྒྲུབ་གནང་ཡང་གྲ་སྒྲིག་ཡོད།།
ཅེས་པ་འདི་ནི་རྒྱུན་རིང་ཞིག་ནས་མཁས་དབང་ཨོ་ཤོའི་དཔེ་དེབ་ཁ་ཤས་ཤིག་བཀླགས་པ་དང་།
ཨོ་ཤོའི་རྗེས་སུ་འབྲངས་པའི་གྲོགས་མོ་འགའ་ཤས་དང་བགྲོ་གླེང་བགྱིས་པའི་སྐབས་ཨོ་ཤོའི་ལྟ་གྲུབ་ཁག་རྣམས་ནི་ནང་པའི་ལྟ་གྲུབ་དང་ཆེས་ཤིན་ཏུ་མཐུན་པས་ཁོང་གི་གདམས་ངག་བཅུ་པོ་དེ་བོད་བསྒྱུར་དང་དེ་འབྲེལ་གྱི་བཤད་པ་ཞིག་བྱེད་ན་བློ་གཟུ་བོར་གནས་པའི་སྐྱེས་བུ་མང་པོ་ཞིག་ལ་ཕན་པར་བསམ་ནས་བེ་རི་དཔལ་ལྡན་རྣམ་རྒྱལ་ཞེས་ཨིན་བོད་ཀྱི་རིག་པའི་གནས་འགའ་ཤས་ལ་མིག་མ་ལོང་བའི་ཉམ་ཆུང་གང་གིས་བློ་གསལ་གླིང་དཔེ་མཛོད་ཁང་དུ་བྲིས།