Wednesday, February 13, 2013

སུམ་རྟགས་གཉིས་ཐོན་མིས་བརྩམས་མེད་པའི་ཆེས་ཐོག་མའི་ཚོད་དཔག



སུམ་རྟགས་གཉིས་ཐོན་མིས་བརྩམས་མེད་པའི་ཆེས་ཐོག་མའི་ཚོད་དཔག
                   
                                  བེ་རི་དཔལ་ལྡན་རྣམ་རྒྱལ། བྷུན་ཏར་མཐོ་སློབ་ཀྱི་སློབ་དཔོན།
                    
     གང་དུ་བསྐྱོད་ཀྱང་གང་ཞིག་བྱེད་ན་ཡང་།།
                    སྙིང་གི་ཟུར་ནས་ནམ་ཡང་མི་ཡལ་བའི།།
                    དཔལ་ལྡན་ཏྲེ་བོ་ཧོར་གྱི་འདུས་ཚོགས་རྣམས་ལ།།
                    ལྷད་མེད་དད་པའི་མེ་ཏོག་རྟག་ཏུ་འཛུམ།།

དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་བོད་ཡིག་གི་སྲོལ་བཏོད་པ་ནས་བཟུང་། ད་བར་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཁག་གི་རྩ་བ་དང་སྡོམ། དེ་བཞིན་འགྲེལ་བ་ལའང་། དོན་འགྲེལ་དང་། ཚིག་འགྲེལ། འབྲུ་འགྲེལ། འཛུབ་ཁྲིད་སོགས་ཀྱི་འགྲེལ་པ་གྲངས་ཀྱིས་མི་ལོང་བ་ཞིག་མཛད་ཡོད་ལ། བརྡ་སྤྲོད་པའི་ལོ་རྒྱུས་ཀྱི་སྟེང་ནས་བཤད་ན། བོད་ནི་འཛམ་གླིང་ནང་བརྡ་སྤྲོད་པའི་བསྟན་བཅོས་མང་ཤོས་ཀྱི་གྲས་ཤིག་ཡིན་པ་བཤད་མི་དགོས་མི་དགོས་པ་ཞིག་རེད། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་གྲངས་ལས་འདས་པ་ཞིག་ཡོད་ཀྱང་། ཕྱི་འགྲེལ་དང་ཕྱི་འགྲེལ་གྱི་ཕྱི་འགྲེལ་དག་ནི། སྔོན་གྱི་རྩ་བས་བཤད་པ་རྣམས་བསྐྱར་བཤད་ཅིག་ལས། གསར་གཏོད་ཀྱི་རང་བཞིན་ལྡན་ཞིང་། དོན་དངོས་ཀྱི་ལག་ལེན་ལ་ཕན་པའི་རྣམ་བཤད་འབྲི་མཁན་ནི་ཆེས་དཀོན་པར་སྣང་། དེ་ནི། ནང་བསྟན་གྱི་གཞུང་ལུགས་ཀྱི་འགྲེལ་བ་འབྲི་ཚུལ་དང་འདྲ་བར། རྩ་བའི་དགོངས་པ་ཇི་བཞིན་འགྲེལ་ཐུབ་པ་ཞིག་བྱུང་ན་དེ་དོན་དམ་པའི་བདེན་པ་ཉིད་དུ་རྩི་བའི་སྲོལ་དེས་བྱས་མིན་ནམ་སྙམ་ཞིང་། དེའི་ཕྱིར། འགྲེལ་བ་ཁག་གི་མིང་བྱང་དུའང་། མཁས་པ་ཆེ་གེ་མོའི་དགོངས་རྒྱན་ཞེས་པའི་མཚན་བྱང་འདོགས་ཚུལ་དེ་ཡང་དེ་ནས་བྱུང་བ་འདྲའོ།
དེས་ན། བརྡ་སྤྲོད་པའི་གཞུང་ལུགས་ཀྱི་ནང་ལྟ་གྲུབ་བམ་འདོད་ཚུལ་ལས། ལག་ལེན་གལ་ཆེ་བ་ཡིན་པ་ནི་དེང་རབས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་ལམ་བུ་གཅིག་མཚུངས་ཤིག་སྣང་། ཡིན་ཡང་། ལག་ལེན་དེ་ལྟ་བུ་ཞིག་ཡོང་བ་ལ། དེ་དག་གང་ལས་བྱུང་བའི་མཁས་པའི་འདོད་ཚུལ་དེ་ཡང་མ་ཤེས་པར་ཐབས་མེད་པས། མཁས་པའི་བཞེད་ཚུལ་ཡང་ངེས་པར་ཤེས་དགོས་པ་ཡང་གནད་ཀྱི་དམ་པ་ཞིག་ཡིན།

བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་ནང་ནས་ཆེས་སྔ་བ་ནི་ཐོན་མིས་མཛད་པའི་སུམ་རྟགས་གཉིས་ཡིན་པ་ནི་རླུང་ལྟར་གྲགས་ཤིང་།  ཐོན་མིས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་ཁག་དུ་ཙམ་ཡོད་མེད་དང་། དེ་དག་ཐོན་མིས་མཛད་པ་ཡིན་མིན་ནི་ཅུང་བརྗོད་དཀའ་བ་ཞིག་ཀྱང་ཡིན།             སུམ་རྟགས་ཀྱི་ཚིག་སྦྱོར་དེ་དག་ལ་བལྟས་པ་ཡིན་ན། དུས་རབས་བརྒྱད་པའི་ནང་བརྩམས་པའི་ཚིག་སྦྱོར་འདྲ་ཞིག་མེད་ལ། སུམ་རྟགས་རྩ་བ་ཡེ་ནས་ཀློག་མ་མྱོང་བའི་བོད་ཡིག་ཤེས་མཁན་ཞིག་གིས་རྩ་བ་དེ་ཐེངས་ཤིག་ཀློག་ན། དེ་ནི་ཉེ་དུས་ཀྱི་རྩོམ་པ་པོ་ཞིག་གིས་བརྩམས་པ་རེད་ཅེས་བརྗོད་ཀྱང་ཡིད་མི་ཆེས་པའི་རྒྱུ་མཚན་ལྷག་མེད། ད་དུང་ཐོན་མིས་མཛད་པར་གྲགས་པའི་གླུ་དང་མགུར་དེ་ཚོ་ཡང་། དུས་རབས་དེའི་ནང་མཛད་པའི་བཟོ་འདྲ་ཞིག་གཏན་ནས་མེད། དུས་རབས་བརྒྱད་པ་ཕར་ཞོག་དུས་རབས་བཅུ་པའི་སྐབས་སུ་བྲིས་པའི་ཡིག་རྙིང་དེ་ཚོ་ཡང་ང་ཚོས་ཀློག་ན་གོ་མི་ཐུབ་པའི་ཚོད་དུ་ཡོད། ང་ཚོའི་བོད་པའི་ལུགས་སྲོལ་གཅིག་ལ། ཡིག་རྙིང་དེ་དག་གོ་བ་ལེགས་པོ་ཞིག་མ་རྙེད་སྐབས། དེ་དག་སྐབས་དེ་དང་དེའི་དུས་ཀྱི་མིང་ཚིག་ཏུ་བསྒྱུར་བ་ཡང་དོན་དངོས་ཡིན་ཞིང་། ད་དུང་། ལེགས་བཤད་ཀྱི་གཏམ་མང་པོ་ཞིག་ཚིག་ལྷུག་ཏུ་ཡོད་པ་རྣམས་བློར་བཟུང་སླ་བའི་སླད་ཚིགས་བཅད་བཟོས་པའང་ཡོད་དེ།
དཔེར་ན། དེང་སང་ཡོངས་གྲགས་སུ་བགྲང་བའི་ཇོ་བོ་རྗེའི་གསུང་།
ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།།
ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།།
ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།།
རང་གི་འདོད་པ་དང་པོར་བླང་བར་བྱ།།
ཞེས་པ་འདི་ཀུན་གྱིས་བགྲང་ན་ཡང་། དོན་དངོས་ཐོག་ཇོ་བོའི་གསུང་ན། ཚིགས་བཅད་དེ་འདྲ་མེད་པ་ནི་བཀའ་གདམས་གསུང་བགྲོས་ནང་གསལ་བར་བཞུགས་པས་མིག་རས་དང་བ་ཀུན་གྱིས་མཐོང་ཐུབ།    དེ་བཞིན་མདོ་ཀུན་ལས་བཏུས་པ་ལྟ་བུའོ།།
དེ་བཞིན་ཡིག་རྙིང་གོ་དཀའ་བ་རྣམས་མིང་ཚིག་སླ་བོར་བསྒྱུར་བ་ཡང་ཡོད་དེ། དཔེར་ན། མང་སྲོང་མང་རྗེའི་སྐབས་ཀྱི་ཡིག་རྙིང་གལ་ཆེ་ཞིག་ཡོད་པ་དེ་གཡུ་ཡི་འཕྲེང་བའི་ནང་། དེང་རབས་ཀྱི་མིང་ཚིག་སྦྱོར་ནས་བྲིས་ཡོད་ཅིང་། ཡིག་ཆ་དེ་ལོ་གྲངས་བརྒྱ་ཕྲག་འགའ་ཤས་ཤིག་ཕྱིན་པའི་མཚམས་སུ་ཡིག་ཆ་དེ་དར་ཁྱབ་ཆེ་རུ་སོང་ན། ཡིག་ཆ་དེ་མང་སྲོང་སྐབས་ཀྱི་ཡིག་རྙིང་ཡིན་པར་ཁས་ལེན་མཁན་དཀོན་པོར་གྱུར་ཅིང་། ནང་དོན་གཅིག་པ་ཡིན་མིན་ལ་མ་ལྟོས་པར། ཡིག་ཆ་དེ་རིགས་མནའ་བོའི་ཡིག་རྙིང་ཞིག་ཡིན་མིན་ཐད་དྭོགས་གཞི་འབྱུང་བ་ནི་ལྡོག་ཏུ་མེད་པ་ཞིག་རེད། གཡུ་ཡི་ཕྲེང་བའི་ནང་དེང་རབས་ཀྱི་མིག་ཚིག་སྤྱད་དེ་བྲིས་པར་མ་ཟད་མནའ་བོའི་རྡོ་རིང་གི་ཡི་གེ་ཡང་རང་སོར་བཞག་པ་ནི་ཆེས་བསྔགས་བརྗོད་ཞུ་འོས་ཤིག་རེད།
དེས་ན། ཐོན་མིས་མཛད་པར་གྲགས་པའི་སུམ་རྟགས་གཉིས་ཀྱང་། དོན་དངོས་ཐོག་ཐོན་མིས་མཛད་པ་ཡིན་མིན་ནི་མངོན་ཤེས་ཡོད་པའི་མི་ཞིག་གིས་མ་གཏོགས་ཤེས་ཐབས་མེད་ལ། ང་ཚོས་ཞིབ་འཇུག་བྱེད་ཐབས་གཅིག་རང་ཡོད་པ་ནི། སྔོན་གྱི་ཡིག་རྙིང་དང་ལོ་རྒྱུས། དེ་བཞིན་ཚིག་སྦྱོར་ལ་བལྟ་རྒྱུ་དེ་རང་ཡིན། ཚིག་སྦྱོར་ལ་བལྟས་ན། དེ་ནི་ཐོན་མའི་དུས་སུ་བརྩམས་པ་ཞིག་ཡིན་པར་བརྗོད་དཀའ་བར་གྱུར་ཡོད་ལ། དེ་ནི་གོང་དུ་བརྗོད་པ་ལྟར། ཡིན་དང་མིན་གྱི་ཁ་ཚོན་སུས་ཀྱང་གཅོད་མི་ཐུབ་ཀྱང་། དྭོགས་གཞི་དེ་ལྟ་བུ་ཞིག་འབྱུང་བ་ཡང་རྟོག་ལྡན་ལ་སྐྱེས་པའི་དྭོགས་པ་ཞིག་ཡིན།
              དེ་བཞིན་དུ། ཐོན་མིས་མཛད་པའི་བསྟན་བཅོས་བརྒྱད་ཡོད་པའི་སྐོར་སྔོན་དང་ད་ལྟའི་འགྲེལ་བྱེད་མཁན་ཁ་ཤས་ཀྱིས་བཤད་འདུག་ཀྱང་། དེ་ནི་རང་རང་གི་ཚོད་དཔག་ཙམ་ལས། དོན་དངོས་ཤིག་སུས་ཀྱང་བཤད་ཐུབ་མེད་ལ། རྩ་བ་བརྒྱད་པོ་དེ་སུས་ཀྱང་མ་མཐོང་བས། རྩ་བ་བརྒྱད་པོ་དེའི་མཚན་བྱང་ཡང་རང་རང་གིས་ཚོད་དཔག་གིས་བཏགས་པ་ལས་ལྷག་མེད།
                             དེའི་ཕྱིར་སྔོན་གྱི་མཁས་པ་དག་གིས་རྩ་བ་བརྒྱད་བརྩམས་ཡོད་ཅེས་ཟེར་སྒྲོས་ཙམ་ལས་བརྩམས་པའི་ཕྱག་དཔེ་སུས་ཀྱང་མཇལ་དུ་མེད་པས། རང་རང་གིས་མཚན་གསར་པ་རེ་བཏགས་ནས་གྲངས་བརྒྱད་ལོང་པ་བྱེད་པ་ཡིན།                            འོན་ཀྱང་མཁས་པ་ཁ་ཤས་ཀྱིས་ཐོན་མིས་རྩ་བ་བརྒྱད་མཛད་ཅེས་གསུངས་ཏེ། དེ་ཡང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེ་དཀར་གཡའ་སེལ་དུ།[1]   རྒྱ་གར་ན་སྒྲའི་བསྟན་བཅོས་བརྒྱད་དུ་གྲགས་པ་བཞིན་དེ་དང་མཚུངས་པར་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད། ཅེས་གསུངས། 
        
ཞ་ལུ་ལོ་ཆེན་གྱི་འགྲེལ་བར། ཐོན་མིས་བརྩམས་པའི་རྒྱ་གར་སྐད་ཀློག་ཚུལ་མུན་པའི་སྒྲོན་མེ་བརྩམས་ཞེས་གསུངས།  
བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་རྒྱལ་རབས་གསལ་བའི་མེ་ལོང་དུ།[2] དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམས། ཀ་མད་སུམ་ཅུར་བསྒྱུར། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་བྱ་བ་ཡོད་ཀྱི་དེ་དག་ལ་གཟིགས་ཤིག
      
ཅེས་གསུངས་པ་དང་། དཀར་དྲུང་པད་མ་རྡོ་རྗེའི་སུམ་རྟགས་འགྲེལ་བ[3]་ཡི་ནང་དུ། ཀླུ་དབང་མགུལ་རྒྱན། ཞེས་བྱ་བའི་གཞུང་ཞིག་ཀྱང་ཐོན་མིས་བརྩམས་ཞེས་གསུངས་ཡོད་ཀྱང་། གསུང་མཁན་རང་ཉིད་ཀྱིས་དཔེ་ཆ་དེ་མཇལ་ཡོད་མེད་མི་ཤེས་སོ།།
             ཐོན་མིས་རྩ་བ་བརྒྱད་མཛད་ཡོད་མེད་མི་ཤེས་ཀྱང་། བརྡ་སྤྲོད་པའི་བསྟན་བཅོས་གཞན་ཁ་ཤས་ཤིག་མཛད་ཡོད་ཤས་ཆེ་ན་མ་གཏོགས། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་འདི་གཉིས་གཅིག་པུས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་ཁ་སྐོང་ཐུབ་ཐབས་མི་འདུག་པ་ནི། དངོས་ཡོད་རིང་ལུགས་ཀྱིས་བྱིན་པའི་བདེན་རྟགས་ཤིག་རེད།
                   གསུང་གཅིག་གིས་ཤེས་བྱ་ཡོད་ཚད་སྟོན་པའི་དག་སྣང་གི་བསམ་བློ་དེ་དོར་ན། སུམ་རྟགས་གཉིས་ཀྱིས་བོད་ཀྱི་བརྡ་སྤྲོད་པའི་གནད་དོན་ཡོད་ཚད་སྟོན་ཐུབ་མེད་ལ། དེའི་ཕྱིར་དེང་རབས་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས། དེང་རབས་དང་འཚམས་པའི་བརྡ་སྤྲོད་པའི་བསྟན་བཅོས་གསར་དུ་བརྩམ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན།

     
  སུམ་རྟགས་གཉིས་ཐོན་མིས་བརྩམས་མེད་པའི་རྒྱུ་མཚན་ཆེན་པོ་བཅུ།།

༡།        སྔོན་གྱི་ཡིག་རྙིང་ནང་ཐོན་མིས་བརྩམས་ཞེས་ཟུར་ཙམ་ཡང་མེད་པ།

         
སྔོན་གྱི་ལོ་རྒྱུས་ཡིག་རྙིང་ཀུན་གྱི་ནང་དུ་ཐོན་མིས་བརྩམས་པའི་སུམ་རྟགས་གཉིས་ཞེས་པ་ཟུར་ཙམ་ཡང་མི་རྙེད་དེ། བོད་ཀྱི་ལོ་རྒྱུས་རྙིང་གྲས་སུ་གཏོགས་པ་ཉང་ཆོས་འབྱུང་ནང་དུའང་ཐོན་མིས་བོད་ཡིག་གི་སྲོལ་གཏོད་ཚུལ་མང་དུ་བཀོད་པ་ལས་སུམ་རྟགས་གཉིས་ཞེས་པ་ཞིག་ཟུར་ཙམ་ཡང་གསུངས་མེད་པ་དེས་དེ་བར་དུ་ཐོན་མིས་བརྩམས་པའི་སུམ་རྟགས་གཉིས་མེད་པ་དང་། བརྩམས་པའི་སྐོར་ཡེ་ནས་གྲགས་ཐོས་མེད་པ་མཚོན་ཐུབ།
དེ་བཞིན་ལྡེའུ་ཇོ་སྲས་དུས་རབས་བཅུ་གཉིས་པའི་ནང་བྱུང་། [4]) སམ་ཡང་ན། ལྡེའུ་དགེ་བཤེས་སམ་དགེ་བཤེས་ཇོ་འབུམ་ཞུ་བ་དེས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ཞེས་པ་ལས་ཀྱང་སྲོང་བཙན་གྱི་དུས་སུ་བློན་པོ་དང་། ཁྲིམས་ལུགས། སྒྲིག་གཞི་སོགས་ཀྱི་སྐོར་བཤད་པ་ལས། སུམ་རྟགས་གཉིས་བརྩམས་པའི་སྐོར་ཡེ་ནས་གསལ་མེད་པ་དེས་ཀྱང་ཐོན་མིས་སུམ་རྟགས་གཉིས་བརྩམས་མེད་པ་གསལ་བཤད་བྱེད་ཐུབ།
                
དེ་བཞིན་ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་རྗེ་བཙུན་བསོད་ནམས་རྒྱལ་མཚན་(༡༡༤༧ ནས་༡༢༡༦།)གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་[5]ལས་ཀྱང་། རྒྱས་པར་འདོད་ན།ཐོན་མིས་དང་པོར་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམས། ཀ་སྨད་སུམ་ཅུར་བསྒྱུར། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་བྱ་བ་ཞིག་ཀྱང་ཡོད་ཀྱིས་དེ་དག་ལ་གཟིགས་ཤིག ཅེས་ཐོན་མིས་བརྩམས་པའི་མདོ་རྫིའི་སྒྲ་མདོ་བྱ་བ་ཞིག་ཡོད་རབས་གསུངས་པ་ལས་སུམ་རྟགས་གཉིས་བརྩམས་པའི་སྒྲ་དང་དྲི་མ་ཙམ་ཡང་མེད། དེས་ཀྱང་དུས་རབས་དེའི་ཡན་དུ་སུམ་རྟགས་གཉིས་ཞེས་པའི་མིང་ཙམ་ཡང་མེད་པ་གསལ་བཤད་བྱེད་པ་ཡིན།
ཐོན་མིས་བརྩམས་པའི་མདོ་རྫིའི་སྒྲ་མདོ་བྱ་བ་ཞིག་ཡོད་ན། དེ་གང་དུ་ཡོད་མེད་མ་གསུངས་ཤིང་། རྗེ་བཙུན་རང་ཉིད་ཀྱིས་གཟིགས་ཡོད་པའི་ཟོལ་དུ་གསུངས་ཀྱང་། གཟིགས་ཡོད་ན་དེའི་ཁུངས་ཙམ་ཡང་མི་དྲངས་པ་ཅི་ཡིན་སྙམ་པའི་དོགས་པ་ཡང་མ་ཤར་མ་ཀ་མེད་རེད།
གང་ལྟར། མདོ་རྫིའི་སྒྲ་མདོ་ཞེས་བྱ་བའི་གཞུང་ཞིག་ཡོད་མེད་བརྗོད་མི་གཏུབ་ཅིང་། དེ་དག་བསྟན་འགྱུར་གྱི་ཁྲོད་དུའང་མི་སྣང་བས་གཞུང་དེ་ཐོན་མིས་མཛད་མ་མཛད་ཕར་ཞོག ཤེས་བྱ་ལ་ཡོད་མེད་ཀྱང་མི་ཤེས་སོ།
             
སྤྱིར་ན། བོད་ཀྱི་བསྟན་འགྱུར་ནང་ཡོད་མེད་ཀྱི་སྒོ་ནས་ཁྱད་པར་ཡང་འབྱེད་དཀའ་བར་སྣང་སྟེ། ཞུ་ཆེན་རང་རང་གིས་གསར་དུ་བཅུག་པ་དང་། མར་འཐེན་པ་སོགས་ཀྱི་སྣོན་ཁྲི་སྤོ་ཆོག་འདྲ་མིན་བྱས་པ་ནི་ཡོངས་སུ་གྲགས་པ་ལྟར་རེད་ལ། བོད་རང་གིས་བརྩམས་པའི་བསྟན་བཅོས་ཁག་ཁ་ཤས་ཤིག་བོད་མར་བརྩིས་ནས་བསྟན་འགྱུར་ནས་བཏོན་པའི་ལོ་རྒྱུས་ཀྱང་འདུག་པས་སོ།།
      
གང་ལྟར། ད་ཕན་མཇལ་དུ་ཡོད་པའི་བོད་ཀྱི་ལོ་རྒྱུས་རྙིང་པའི་གྲས་ཀུན་གྱི་ནང་དུ་ཐོན་མིས་མཛད་པའི་སུམ་རྟགས་གཉིས་ཞེས་པ་ཞིག་ཡེ་ནས་མེད་པ་དང་དེ་ཡང་དུས་རབས་བཅུ་གཉིས་ཡན་གྱི་ལོ་རྒྱུས་ཐམས་ཅད་ཀྱི་ནང་དུ་སུམ་རྟགས་ཞེས་པའི་སྒྲ་ཡང་གྲགས་རྒྱུ་མེད།
                      
བོད་ཀྱི་ལོ་རྒྱུས་རྙིང་པར་གྲགས་པ་ལྔ་སྟེ། ཡོ་ག་ལྷ་གྱེས་ཅན། ཟངས་མ་གཞུག་རལ་ཅན། ལྟབ་མ་དགུ་བརྩེགས་ཅན།། ཟིང་པོ་མགོ་སྔོན་ཅན། གསང་བ་ཕྱག་རྒྱ་ཅན། ཞེས་པ་རྣམས་ད་ཕན་མཇལ་མ་མྱོང་བས། དེ་དག་གི་ནང་ཡོད་མེད་ཁ་ཚོན་བཅད་ནས་བརྗོད་མི་ཐུབ་ཀྱང་ཕལ་ཆེར་མེད་པའི་ཕྱོགས་སོ།
            
འདིར་དཔྱད་དགོས་པ་ཞིག་ལ། ས་པན་གྱིས་མཛད་པའི་ཡི་གེའི་སྦྱོར་བ་[6]ཡི་ནང་གི་ཚིག་སྦྱོར་དང་སུམ་རྟགས་ཀྱི་ཚིག་སྦྱོར་ཤིན་ཏུ་ནས་འདྲ་བས་མ་ཟད། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།། མིང་ཚིག་བརྗོད་པ་ཀུན་གྱི་གཞི།། ཡི་གེའི་སྦྱོར་བ་བཤད་པར་བྱ།། ཞེས་མགོ་ནས་ཚིག་ཇི་མ་ཇི་བཞིན་བཤུས་པ་བཞིན་པ་དང་། དེས་མ་ཟད་དཀྱུས་ཀྱི་ནང་དུ་སུམ་རྟགས་ཀྱི་ཚིག་ཇི་བཞིན་དུ་སྣང་བས། སུམ་རྟགས་གཉིས་ཞེས་པ་དེ་ནི་ཡི་གེའི་སྦྱོར་བ་འདི་ལས་འོས་མེད་དོ། །  ས་པན་གྱི་ཡི་གེའི་སྦྱོར་བ་དེ་ལ་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཡར་བཅད་མར་བཏུབ་ཀྱིས་སུམ་རྟགས་གཉིས་ཞེས་པའི་གཞུང་གསར་ཞིག་བཟོ་ནས་དེ་ཡང་ཕྱི་རབས་པ་རྣམས་ལ་སྲོང་བཙན་གྱི་དུས་སུ་ཐོན་མིས་མཛད་ཅེས་ཟེར་ན་ཀུན་གྱིས་མཐུན་མོང་དུ་སྦྱང་གཞིར་འགྱུར་ངེས་སྙམ་པ་དང་། ས་པན་གྱིས་མཛད་ཅེས་ཟེར་ན་ཆོས་ལུགས་བྱེ་བྲག་པ་ཞིག་ལས་གཞན་གྱིས་སློབ་གཞིར་མི་བྱེད་པར་བསམ་ནས་ཐོན་མིས་མཛད་ཅེས་མང་དུ་བཤད་བཤད་ནས་ད་ནི་ཐོན་མིས་མཛད་པ་རང་ཞིག་ཏུ་གྱུར་ཡོད། 
                  
ས་པན་གྱི་ཡི་གེའི་སྦྱོར་བ་མཛད་པ་ནས་སུམ་རྟགས་གཉིས་ཀྱི་འགྲེལ་བ་ཡིན་ཟེར་བ་མང་པོ་ཞིག་ཆར་རྗེས་ཤ་མོང་བརྡོལ་བ་བཞིན་དོན་པ་དེས་ཀྱང་སུམ་རྟགས་གཉིས་ནི་ཡི་གེའི་སྦྱོར་བ་དེ་རང་ཡིན་པ་གསལ་པོར་བསྟན་པ་རེད། 
འོན་ཀྱང་ཐོན་མིས་བོད་ཡིག་ལ་སྨན་པའི་ཞབས་རྗེས་གང་ཡང་མེད་དམ་ཞེ་ན་དེ་ནི་ཡེ་ནས་མིན་ཏེ། ཐོན་མིས་སྔར་ཡོད་ཀྱི་བོད་ཡིག་ལ་གསར་སྣོན་དང་དེ་བཞིན་ལེགས་སྤེལ་གང་འཚམས་གནང་ཡོད་ངེས་ལ། དེ་ནི་ས་པན་རང་ཉིད་ཀྱིས་ཞལ་གྱིས་བཞེས་ཏེ།  ས་པན་གྱི་བསྟོད་དབྱངས་འཕྲེང་བ་ལས།
                   
དེ་ཕྱིར་བོད་ལ་བོད་སྐད་དུ།།
                   
གསུང་ཕྱིར་སམ་བྷོ་ཏ་ལ་སོགས་པ།།
                   
འཇིག་རྟེན་མིག་འབྱེད་བྱིན་བརླབས་ནས།།
                     
ཐོན་མི་མཆོག་ལ་འདུད་ཅེས་གསུངས་ཡོད།[7] ཅེས་གསུངས་པས་སོ།།

༢།       དུས་རབས་བདུན་པའི་ནང་བརྩམས་པའི་ཚིག་སྦྱོར་ཡེ་ནས་མི་འདྲ་བ།

          ཐོན་མིས་སུམ་རྟགས་གཉིས་ཐོན་མིས་བརྩམས་ཡོད་ན་དུས་རབས་བདུན་པའི་ནང་བརྩམས་ཡོད་ངེས་པས། སུམ་རྟགས་གཉིས་མགོ་ནས་མཇུག་བར་ཐེངས་ག་ཚོད་ཅིག་ཀློག་ཀྱང་ང་ཚོས་མ་གོ་བའི་བརྡ་རྙིང་ཚིག་འབྲུ་གཅིག་ཀྱང་མི་རྙེད་པ་དེ་རང་གིས་དེ་དུས་རབས་བདུན་པའི་སྐབས་ཀྱི་གཞུང་ཞིག་མིན་པར་གོ་ཐུབ།
དུས་རབས་བདུན་པ་དང་དེ་བཞིན་བརྒྱད་པའི་དུས་སུ་བྲིས་པའི་བོད་གཞུང་རྣམས་ལ་ཞིབ་ཏུ་གཟིགས་དང་། དཔེར་ན། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་དུས་སུ་མཛད་པའི་སྒྲ་སྦྱོར་བམ་གཉིས་[8]ནང་རང་རེས་གོ་ནུས་པའི་མིང་ཚིག་འགའ་ཤས་ཡོད་ཀྱང་། དེའི་ནང་བརྡ་རྙིང་ཤིན་ཏུ་མང་པོ་ཡོད་པས་ང་ཚོས་བདེ་རླག་ཏུ་གོ་ཐུབ་པ་ཞིག་མེད་པ་རེད། གོང་དུ་བརྗོད་པ་ལྟར་ཚིག་གི་འགྲོས་དེ་ནི་དུས་རབས་དེའི་དུས་ཀྱི་ཚིག་སྦྱོར་ཡེ་ནས་མི་འདྲ་བ་ཞིག་གོ།
དེ་བཞིན་ཐོན་མིས་མཛད་པར་གྲགས་པའི་རྒྱལ་པོ་ལ་ཕུལ་བའི་གླུ་དབྱངས།
[9]
ད་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།།
ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།།
ལུང་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།།
ཁོང་མཁས་པ་བྲམ་ཟེ་ལེགས་བྱིན་ལ།།
ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།།
ཞེས་སོགས་བླངས་རབས་འདུག་ཀྱང་། དེ་ནི་ཐོན་མི་རང་གིས་བླངས་པའི་བཟོ་མི་འདུག་ཅིང་། ཚིག་སྦྱོར་ལ་བལྟས་པས་ཀྱང་དེ་ནི་ཕྱིས་ཀྱི་ཚིག་སྦྱོར་ཞིག་ལས་འོས་མེད་དོ།།
འོན་ཀྱང་།   ཐོན་མིས་ཡི་གེའི་ཕུད་ཕུལ་བའི་དབྱངས་ངེས་པའི་སྙན་ངག་ནང་།
ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།།
གདམས་ངག་ཟབ་ལ་མ་ཆད་ཐ་དད་དང་།།
ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།།
འཕགས་པ་མ་ཕམ་ཡང་དག་དམ་པ་ལ།།
བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ།།
ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས།།
ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག།
དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ།།
སྤྱན་རས་གཟིགས་དབང་ཐུགས་ཀྱི་སྲས།།
སྲོང་བཙན་སྒོམ་པོར་མཚན་གསོལ་བའི།།
ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ།།
ཞེས་པ་འདི་ཐོན་མིས་མཛད་པ་དང་། དེ་ཡང་ཛེན་ཁོག་སྣ་རྡོའི་ལྷ་ཁང་ལ་བྲག་ལ་བརྐོས་ནས་ཡོད་པ་རྒྱལ་རབས་གསལ་མེར་གསལ་[10] པ་ལགས་ཀྱང་། དེ་ཐོན་མིའི་ཚིག་སྦྱོར་ཡིན་མིན་ཡང་ཤིན་ཏུ་ནས་བརྟག་དགོས་ཏེ། དེ་སྐབས་བོད་དུ་དབྱངས་ངེས་པའི་སྙན་ངག་འབྲི་སྲོལ་ཡོད་མེད་དང་། མེད་ཀྱང་ཐོན་མིས་རྒྱ་གར་ནས་དཔེ་བླང་དུ་ཆུག་ཀྱང་། དེའི་ནང་ནང་ཆོས་ཀྱི་མིང་ཚིག་ཏིང་འཛིན་དང་། ཉོན་མོངས། དེ་བཞིན་ཡེ་ཤེས་སོགས་མང་དུ་སྤྱད་འདུག་པ་དང་། དེ་དག་ནི་དེ་སྐབས་སུ་དར་ཡོད་པའི་མིང་ཚིག་ཅིག་ཡིན་མིན་སྒྲ་སྦྱོར་བམ་གཉིས་ལ་བལྟ་དགོས་པ་དང་། དེ་ཡོད་དུ་ཆུག་ཀྱང་། ཡི་གེའི་ཕུད་ཕུལ་བའི་སྐབས་ཡིན་པས། ཐོན་མིས་དེ་ལྟར་བྲིས་པའི་དབང་དུ་བཏང་ཡང་སུས་ཀྱང་མི་གོ་བའི་ཚོད་དུ་སྣང་བས་དེ་བྲིས་ཀྱང་ཕན་ཐོགས་མེད་པ་ཞིག་རེད།
དེ་ལྟར་བསྟོད་པས་རྒྱལ་པོ་དགྱེས་ཐབས་ནི་དེ་བས་ཀྱང་ག་ལ་ཡོད།

༣།       ཆོས་རྒྱལ་སྐབས་ཀྱི་རྡོ་རིང་ལ་སུམ་རྟགས་གཉིས་ཀྱི་སྒྲིག་སྲོལ་དང་མི་མཐུན་པ་མང་བ།

གལ་ཏེ། སུམ་རྟགས་གཉིས་དེ་ཐོན་མིས་བརྩམས་ཡོད་ན་ཆོས་རྒྱལ་སྲོང་བཙན་གྱི་བཀའ་བསྒོས་འོག་བརྩམས་པ་གོར་མ་ཆག་ལ། དེ་ལྟར་ན། དེ་ནི་གཞུང་གི་བཀས་བཅད་ཀྱི་གཞུང་ཞིག་ཡིན་པས། གཞུང་གི་ཡིག་ཆ་དང་། དེ་བཞིན་རྡོ་རིང་སོགས་སུ་ནི་གཞུང་དེའི་ཚིག་འགྲོས་དང་མཐུན་པ་ཞིག་སྦྱར་དགོས་པ་ནི་བཤད་མི་དགོས་པ་ཞིག་རེད། ཡིན་ཡང་། སྔོན་གྱི་ཡིག་རྙིང་དང་། རྡོ་རིང་། དེ་བཞིན་ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་རྣམས་སུ་སུམ་རྟགས་ཀྱི་ཚིག་སྦྱོར་དང་མི་མཐུན་པ་ཤིན་ཏུ་མང་སྟབས་སུམ་རྟགས་གཉིས་དེ་དུས་རབས་བདུན་པའི་དུས་སུ་མེད་པར་གོ་ཐུབ། མཁས་དབང་ཐུབ་བསྟན་སྦྱིན་པའི་བོད་སྐད་ཀྱི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག་ལས། ཁོ་བོ་ལྟར་ན། སུམ་ཅུ་པ་ལས་རྟགས་འཇུག་དུས་རབས་ཀྱི་ཆ་ནས་ཕྱིས་པ་དང་། སྔོན་གྱི་རྡོ་རིང་དང་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་སོགས་སུ་སུམ་རྟགས་ནས་གཏན་འབེབས་མཛད་པའི་བརྡ་སྤྲོད་ཀྱི་ཁྲིམས་སྲོལ་མང་པོ་ཞིག་མི་རྩི་བ་སོགས་ཀྱིས་སུམ་ཅུ་པ་ལྟ་བུའི་སྒྲའི་བསྟན་བཅོས་དང་དེ་དང་འབྲེལ་བའི་བརྡ་སྤྲོད་པའི་ཁྲིམས་རྣམས་རྣམས་དྲིན་ཅན་ཐོན་མིས་གཏན་འབེབས་མཛད་པར་ངེས་མོད། བོད་ཀྱི་ཡི་གེ་རང་ཉིད་ཐོན་མིས་གསར་དུ་བཟོས་ཞེས་པ་དེ་ལ་དོགས་གཞི་ཆེ་ཙམ་འདུག་ཅིང་། འདིར་ནི་དཔྱད་པ་འདིའི་སྐོར་རེ་ཞིག་བཏང་སྙོམས་སུ་བཞག་ཡོད།  ཅེས་གསུངས་པ་དེ་ལ་དཔྱད་པར་བྱ་རྒྱུ་ཅུང་ཙམ་འདུག་ཀྱང་།  རེ་ཞིག་ཅང་མི་སྨྲ་བའི་ཚུལ་དུ་གནས་སོ།།

༤།       ས་སྐྱ་པན་ཆེན་བར་སུམ་རྟགས་གཉིས་ལ་འགྲེལ་བ་ཡེ་ནས་མེད་པ།
          གལ་ཏེ་སུམ་རྟགས་གཉིས་ཐོན་མིས་བརྩམས་ཡོད་ན་ས་པན་བར་མ་གཏོགས་སུམ་རྟགས་ཀྱི་འགྲེལ་གཅིག་ཀྱང་མ་བྱུང་བ་ཅི་ཞིག་ཡིན། བོད་པ་རྣམས་རྩ་བ་ཞིག་བྱུང་ན་འགྲེལ་པ་འབྲི་རྒྱུ་ལ་ཤིན་ཏུ་དགའ་བ་ཞིག་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་བོད་བསྒྱུར་ཟིན་མ་ཐག་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་རང་ཉིད་ཀྱིས་དེའི་འགྲེལ་བ་ཞིག་[11]མཛད་པ་དེས་མཚོན་ཐུབ།
དེས་མཚོན་ནས་བོད་པ་རྣམས་ནི་འགྲེལ་བ་འབྲི་སྲོལ་ཤིན་ཏུ་ཆེ་བས་ཐོན་མིས་སུམ་རྟགས་གཉིས་བརྩམས་ཡོད་ན་དེའི་འགྲེལ་བ་གཅིག་ཀྱང་མ་བྱུང་བ་དེ་ནི་ཡིན་མི་སྲིད་པ་ཞིག་རེད། ད་དུང་། ས་པན་གྱིས་སྡེབ་སྦྱོར་གྱི་གཞུང[12]་ནང་དུ། སུམ་རྟགས་གཉིས་ཀྱི་ཚིག་ཕལ་ཆེ་བ་གཅིག་མཚུངས་ཡིན་པ་དང། དེ་ནི་མི་གཅིག་གིས་བརྩམས་ཟེར་ཡང་ཡིད་མི་ཆེས་པ་མེད་པ་དེ་འདྲ་ཞིག་ཡོད་ཅིང་། དེའི་ནང་སུམ་རྟགས་གཉིས་ཞེས་པ་ཞིག་ཟུར་ཙམ་ཡང་མི་གསལ་བ་དང་། གལ་ཏེ་དེ་སུམ་རྟགས་ཀྱི་འགྲེལ་བ་ཡིན་ན་སུམ་རྟགས་ཀྱི་མཚན་ཙམ་ཡང་མི་གསལ་བ་དེ་ཅི་ལ་ཐུག་པ་ཡིན། དེས་ནི་ས་པན་གྱི་སྔོན་གྱི་སུམ་རྟགས་གཉིས་ཞེས་པ་ཞིག་ཡེ་ནས་མེད་པ་མཚོན་ཐུབ།
འོན་ཀྱང་དེང་སང་ང་ཚོས་མཇལ་དུ་ཡོད་པའི་བསྟན་འགྱུར་ཀུན་གྱི་ནང་དུ་ཚིག་འགྲོས་ཏོག་ཙམ་མི་འདྲ་བ་ཙམ་ལས་སློབ་དཔོན་ཨ་ནུས་མཛད་པའི་བྱ་ཀ་ར་ཎའི་བསྟན་བཅོས་ཞེས་པ་ཞིག་མཇལ་དུ་ཡོད་པ་དེ་ནི། ཕྱིས་ཀྱི་ཞུ་ཆེན་པ་རྣམས་ཀྱིས་གསར་དུ་བཅུག་པ་མིན་ནམ་སྙམ་སྟེ། ཞུ་ཆེན་པ་རྣམས་ཀྱིས། བསྟན་འགྱུར་འཕང་ཐང་དཀར་ཆག་གི་ནང་དུ། ཁྲི་སྲོང་ལྡེའུ་བཙན། མུ་རུག་བཙན་པོ་སོགས་ཀྱིས་བོད་ཀྱི་རྒྱལ་པོ་དང་ལོ་ཙཱ་རྣམས་ཀྱིས་བྲིས་པའི་བསྟན་བཅོས་རྣམས་བོད་མར་རྩིས་ནས་བསྟན་འགྱུར་ནས་བཏོན་པ་མང་དུ་བྱུང་ཡོད་པ་ཡིན་པས་ [13] བསྟན་འགྱུར་གྱི་ཁྲོད་ཡོད་དང་མེད་ཀྱི་སྒོ་ནས་རྣམ་པ་ཐམས་ཅད་དུ་ཡོད་མེད་ཐག་གཅོད་མི་ཐུབ་པ་ལགས་སོ། 


 
Read More༥།      ས་པན་གྱི་ཡི་གེའི་སྦྱོར་བ་དེ་རང་སུམ་རྟགས་གཉིས་ཡིན་པ།

                    
བོད་ཀྱི་ལོ་རྒྱུས་ཀུན་གྱི་ནང་དུ་ས་པན་གྱིས་བརྩམས་པའི་ཡི་གེའི་སྦྱོར་བ་ཞེས་ཡོངས་སུ་གྲགས་པས་མ་ཟད། ཡི་གེའི་སྦྱོར་བ་ལ་ཞིབ་ཏུ་གཟིགས་ན། དེ་ནི་སུམ་རྟགས་ཀྱི་ཚིག་ཇི་མ་ཇི་བཞིན་ལགས་ཤིང་། ས་པན་གྱིས་སུམ་རྟགས་གཉིས་ལས་བཤུས་པ་ཡིན་ན། དེ་ལས་གསུངས་ཞེས་ལུང་འདྲེན་གནང་ངེས་ཡིན་ལ། དོན་མེད་རྐུས་བཤུས་མི་བྱེད་པ་བོད་ཀྱི་མཁས་པའི་ཡང་རྩེ་འདི་ལ་ཡིད་ཆེས་མི་བྱེད་ན་གཞན་སུ་ཞིག་ལ་ཡིད་ཆེས་བྱེད། ས་པན་གྱི་ཡི་གེའི་སྦྱོར་བ་བརྩམས་པ་ནི་བཀའ་འབུམ་རང་དུ་གསལ་ཞིང་། ས་པན་གྱིས་ཡི་གེའི་སྦྱོར་བ་མ་བརྩམས་བར་དུ་སུམ་རྟགས་གཉིས་མིག་གིས་རིག་རྒྱུ་མེད་ཅིང་། རྣ་བས་ཀྱང་ཐོས་རྒྱུ་མེད། ཡི་གེའི་སྦྱོར་བ་བརྩམས་པ་དང། སུམ་རྟགས་གཉིས་ཀྱི་འགྲེལ་པ་ཡིན་ཟེར་བ་མང་པོ་ཞིག་གང་ཞིག་ནས་དོན་ཡོང་བ་རེད། སུམ་རྟགས་ཀྱི་འགྲེལ་བ་དེ་དག་ནི། ས་པན་གྱི་རྗེས་སུ་བྱུང་བ་ཞིག་ལས་དེའི་སྔོན་དུ་བྱུང་བ་གཅིག་ཀྱང་མེད། དེས་ཀྱང་ཡི་གེའི་སྦྱོར་བ་དང་། སུམ་རྟགས་གཉིས་རྩོམ་པ་པོ་ས་པན་རང་ཡིན་པ་ལས། ཐོན་མི་ཡིས་སུམ་རྟགས་ཟེར་བ་གཉིས་བརྩམས་མེད་པ་དེ་བས་གསལ་པོར་གྱུར་པ་རེད།

༦། སྔོན་གྱི་བསྟན་འགྱུར་དག་མ་རྣམས་སུ་སུམ་རྟགས་གཉིས་མེད་པ།

དེང་གི་བསྟན་འགྱུར་དང་དེའི་དཀར་ཆག་གི་ནང་དུ། ཚིག་མང་ཉུང་གི་ཁྱད་པར་ཡོད་པའི་བྱ་ཀ་ར་ན་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀ་སྣང་ཡང་། བུ་སྟོན་ཐམས་ཅད་མཁྱེན་པ་ཡིས་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་པའི་ནང་། སྔོན་ནས་དེ་དུས་ཀྱི་བར་བསྟན་འགྱུར་ཡོད་དོ་ཅོག་གི་དཀར་ཆག་བསྒྲིགས་ཡོད་ཅིང་། དེའི་ནང་བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་ཁག་འགའ་ཤས་ཀྱང་འཁོད་ཡོད་ལ། ཐོན་མིས་བརྩམས་པའི་སུམ་རྟགས་གཉིས་ཞེས་པ་ཞིག་མཚན་ཟུར་ཙམ་ཡང་མེད་པ་དེས། བུ་སྟོན་དང་དེའི་གོང་དུ་བསྟན་འགྱུར་གྱི་ནང་། སུམ་རྟགས་གཉིས་ཞེས་པ་ཞིག་ཡེ་ནས་མེད་པ་དེ་བས་གསལ་དུ་ཕྱིན་པ་རེད།

༧། སྔོན་གྱི་མཁས་པའི་རྣམ་ཐར་དུ་སུམ་རྟགས་སྦྱངས་ཞེས་ཡེ་ནས་མེད་པ། 

  
ས་པན་མ་བྱུང་གོང་གི་བོད་ཀྱི་ལོ་རྒྱུས་དང་། རྒྱལ་རབས། དེ་བཞིན་རྣམ་ཐར་སོགས་ཀུན་གྱི་ནང་བོད་ཀྱི་མཁས་པ་སུ་ཞིག་གིས་ཀྱང་སུས་མཛད་མིན་ལ་མ་ལྟོས་པར་སུམ་རྟགས་གཉིས་ལ་སྦྱངས་ཞེས་པ་ཞིག་ཟུར་ཙམ་ཡང་མེད་པར། ཀུན་གྱིས་སྒྲ་ཀ་ལ་པ་སོགས་དང་། སྨྲ་སྒོ་སོགས་སྦྱངས་ཞེས་འཁོད་པ་ལས་སུམ་རྟགས་གཉིས་སྦྱངས་ཞེས་ཡིག་འབྲུ་གཅིག་ཀྱང་འཁོད་མེད་པ་དེས་ནི། གཟུ་བོར་གནས་པའི་བློས་དཔྱད་ན། ཏོག་ཙམ་ཡ་མཚན་པ་ཞིག་མ་རེད་དམ།

དེའི་སྔོན་དུ་ཐོན་མིས་བརྩམས་ཟིན་ན། དེ་ནི་བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོར་གྱུར་པ་ཡིན་པས། བོད་ཀྱི་མཁས་པ་དག་གིས་དེ་དག་ལ་མ་གཟིགས་པ་ག་ལ་ཡིན་སྙམ་ཞིང་ངེས་པར་དུ་གཟིགས་དགོས་པ་ཞིག་ཡིན་པ་ལས། རྒྱ་གར་གྱིས་བརྩམས་པའི་སྨྲ་སྒོ་སོགས་ལ་ཨུ་ཚུགས་ཀྱིས་གཟིགས་དགོས་དོན་ཅི་ཞིག་ཡིན་དེ་ཡང་ཁ་ནང་དུ་ཕྱོགས་ནས་བསམ་བློ་གཏོང་དགོས་པ་ཞིག་འདུག  

༨། པན་ཆེན་སྨྲི་ཏིས་སུམ་རྟགས་གཉིས་ཀྱི་ཁུངས་ཡེ་ནས་མ་བགྲངས་པ། 
        
          
པན་ཆེན་སྨྲི་ཏི་དྲན་པ་ཡེ་ཤེས་གྲགས་པ་ཞེས་པ་དེས་མཛད་པར་གྲགས་པའི་སྨྲ་བའི་སྒོ་མཚོན་ཆ་ནི། པན་ཆེན་རང་ཉིད་བོད་ཡུལ་དུ་ཕེབས་པའི་ཕེབས་ལམ་དུ་རང་གི་དགེ་ཕྲུག་ལོ་ཙཱ་བ་གྲོངས་ཤིང་། རང་གིས་བོད་སྐད་མི་ཤེས་སྟབས་བོད་ཡུལ་དུ་ལུག་རྫི་གནང་ནས་བཞུགས་དགོས་ཐུག་པའི་ཡ་ང་བའི་ལོ་རྒྱུས་དུ་མ་ཞིག་བརྒྱུད་པའི་མཐར་རང་གིས་བོད་ཡིག་ལེགས་པར་སྦྱངས་ནས། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་དེ་བརྩམས་པའི་སྐབས། པན་ཆེན་རང་གིས་ཁོངས་སུ་གཏུགས་པའི་བརྡ་སྤྲོད་པའི་བསྟན་བཅོས་གཞན་གང་ཡང་རག་མེད་ལ། དེའི་སྐབས་སུ་སུམ་རྟགས་གཉིས་ཡོད་ན་སྨྲ་བའི་སྒོ་ཡི་ནང་སུམ་རྟགས་གཉིས་ཀྱི་ལུང་མ་དྲངས་པ་ཅི་ཞིག་ཡིན། ད་དུང་དེའི་རང་འགྲེལ་དུ་གྲགས་པ་དེའི་ནང་དུ་སུམ་རྟགས་ཀྱི་ལུང་འདྲེན་ཕར་ཞོག བཤད་སྲོལ་ཙམ་ཡང་མི་གསལ་ན། དེའི་དུས་སུ་སུམ་རྟགས་གཉིས་ཡོད་ན་དེའི་ནང་མ་དྲངས་པ་ག་ལ་སྲིད་སྙམ།

༩། རྩ་བ་བརྒྱད་ནས་སུམ་རྟགས་གཉིས་ཁོ་ན་ལུས་པ་དེ་བས་མི་འཐད་པ།

སུམ་རྟགས་གཉིས་ཐོན་མིས་མཛད་པར་མ་ཟད་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས་ཞེས་འུར་བརྗོད་པ་དེ་ཁུངས་མེད་ཀྱི་གཏམ་ཞིག་རེད། སུམ་རྟགས་གཉིས་བརྩམས་པའི་ལོ་རྒྱུས་ཁུངས་ཐུབ་གང་ཡང་མེད་པར་ད་དུང་དེའི་སྟེང་ལྷག་པོ་དྲུག་སྦྱར་བ་ནི་སྐྱག་རྫུན་གཅིག་བཤད་པས་མིས་ཤེས་པར་དོགས་ནས་དེའི་སྟེང་སྐྱག་རྫུན་ལྷག་པོ་བཤད་པ་དང་གཅིག་མཚུངས་རེད།
བསམ་བློ་ཞིབ་མོར་གཏང་ན། བསྟན་བཅོས་དྲུག་པོ་དེའི་མཚན་ཙམ་ཡང་མེད་པར་གྱུར་ཅིང་། སུམ་རྟགས་མཚན་བྱང་མ་ཟད་མགོ་ནས་མཇུག་བར་ཚིག་གཅིག་ཀྱང་མ་ལུས་པར་ཐམས་ཅད་ཁྲ་ལམ་མེར་མཐོང་རྒྱུ་ཡོད་པ་འདི་སྒྱུ་འཕྲུལ་འདྲ་ཡིན་ཟེར་ན་མ་གཏོགས་ལུང་རིགས་ཀྱི་འགྲེལ་བཤད་བྲལ་བ་ཞིག་རེད།

༡༠།སུམ་རྟགས་གཉིས་ཐོན་མིས་བརྩམས་པའི་ལུང་རིགས་གང་ཡང་མེད་པ།

མདོར་ན། སུམ་རྟགས་གཉིས་ཐོན་མི་ཡིས་བརྩམས་པའི་ལོ་རྒྱུས་ཀྱི་ཁུངས་དང་།  རྒྱུ་མཚན་ལྡན་པའི་རིགས་པ་གང་ཡང་མེད་པ་ཤིན་ཏུ་གསལ་བ་ནི། གོང་གི་རྒྱུ་མཚན་དེ་བས་གཞན་ག་ལ་དགོས།
              
འོ་ན། ཐོན་མིས་མཛད་པའི་སུམ་ཅུ་པ་དང་རྟགས་འཇུག་ཅེས་ཡོངས་སུ་གྲགས་པ་དེ་ནི།    འདི་ལྟར་ཡིན་སྲིད་དེ།       སུམ་རྟགས་གཉིས་ནི་ཐོན་མིས་དུས་སུ་མེད་ཅིང་། ས་པན་གྱིས་བརྩམས་པ་ཞིག་ཡིན་པ་ལ། སུམ་རྟགས་གཉིས་ནི་བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོར་གྱུར་པ་དང་། བརྡ་སྤྲོད་པའི་གཞུང་ལུགས་ཀུན་གྱི་རྩ་བར་གྱུར་པས། དེའི་མཛད་འཕྲིན་ཞིག་རྒྱས་ན་ཕྱོགས་ཡོངས་ནས་ཕན་ནུས་ཤིན་ཏུ་ཆེ་བ་དང་། ས་པན་གྱིས་མཛད་ཅེས་ཟེར་ན་ས་པན་གྱི་བོད་གངས་ཅན་ལྗོངས་ཀྱི་མཁས་པའི་ཡང་རྩེར་སོན་པ་ཞིག་ཡིན་ན་ཡང་། དེའི་སྐབས་ནས་ཆོས་ལུགས་ཀྱི་བསམ་བློ་ཅུང་གུ་དོག་པོ་ཡོད་པ་ནི་ལོ་རྒྱུས་ནང་ཤིན་ཏུ་གསལ་བས། ས་སྐྱ་པན་ཆེན་གྱིས་མཛད་པ་དེ་ལ་བོད་མི་ཀུན་གྱིས་ཁས་ལེན་གྱིས་སློབ་གཉེར་མི་བྱེད་པར་དགོངས་ནས། དེ་ནི་སྲོང་བཙན་གྱི་དུས་སུ་ཐོན་མི་ཞེས་པའི་བློན་པོ་བོད་ཀྱི་ཡི་གེ་ལ་བཀའ་དྲིན་ཆེ་བ་དེས་མཛད་ཅེས་ཟེར་ན་ཀུན་གྱིས་ཡིད་ཆེས་པའི་གནས་སུ་གྱུར་བས་ཐོན་མིས་མཛད་ཅེས་ཟེར་བ་ཡིན་ནམ་སྙམ།
དེ་ལྟ་བུ་ནི། བོད་ཀྱི་ལུགས་ལ་ཡོངས་སུ་གྲགས་པ་ཞིག་སྟེ། བོད་པ་རྣམས་ཀྱིས་རྒྱ་གར་མཁས་པ་རྩི་མཐོང་ཆེན་པོ་བྱས་པའི་སྐབས་བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་རྣམས་ཀྱང་རྒྱ་གར་མཁས་པས་མིང་བཏགས་ནས་བཏོན་པ་ནི་ཇི་སྙེད་ཅིག་བྱུང་བ། རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་གསེར་འཕྲེང་དུ་ཞིབ་མོར་དཔྱད་ཡོད་པས་འདིར་མི་སྤྲོ་ལ།[14]མཁྱེན་པར་འདོད་ན་དེ་དག་ལ་གཟིགས་ཤིག
ཐ་སྙད་རིག་གནས་རྩ་བ་རབ་བརྟན་ཅིང་།།
         
རིགས་པའི་ལམ་གྱི་ཡལ་འདབ་ཀུན་ཏུ་རྒྱས།།
         
གནའ་དེང་ཤེས་བྱའི་འབྲས་བུས་རབ་དུད་པའི།།
         
དུས་རབས་གསར་པའི་ལྗོན་དབང་སུ་ཞིག་ལགས།།
ཞེས་པ་འདི་ནི་ལོ་ཤས་གོང་དུ་ཁོ་བོའི་རྟོག་ངོར་ཤར་བའི་དོགས་གནས་ཁག་ཅིག་དང་། རང་ཉིད་ཀྱི་རྨོངས་འཆར་ཁག་རྣམས་ལུང་རིགས་ཀྱི་སྤྲོས་པ་དེ་ཙམ་མེད་པར་གོ་བདེའི་ལུགས་སུ་བྱས་ནས་རང་ལོ་ཉེར་གསུམ་སོན་པར་བྲིས་ཤིང་། མཁྱེན་ལྡན་ཁ་ཤས་ལ་སྤྱན་འབུལ་ཞུས་པས་ཞིབ་འཇུག་ལེགས་ཙམ་བྱུང་འདུག་པ་དང་། དཔྱད་གཞི་འགངས་ཆེ་ལུགས་ཀྱི་བཀའ་མཆིད་གནང་བ་དང་། ཕྱིས་སུ་ཁོ་བོའི་རིགས་པའི་གྲོགས་མཆོག་ས་རཱ་མཐོ་སློབ་ཀྱི་དགེ་རྒན་ཏྲེ་ཧོར་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས[15]་ཀྱིས་བྲིས་པའི་སུམ་རྟགས་གཉིས་ཐོན་མིས་བརྩམས་ཡོད་མེད་དཔྱད་པའི་རྩོམ་ཤོག་ཅིག་གནང་བ་དེར་མིག་བཤར་ཞིག་བྱས་སྐབས་རང་ཉིད་ཀྱི་བསམ་བློའི་ཁ་ཕྱོགས་དང་ཡོངས་སུ་མཐུན་སྟབས། རང་ཉིད་ལ་སྤོབས་པ་གསར་པ་ཞིག་དང་གདེང་ཚོད་སྣོན་མ་ཞིག་སླེབས་ཏེ་ད་དུང་འདིའི་ཐད་ཞིབ་འཇུག་ནན་པོ་ཞིག་བྱེད་རྒྱུའི་སྐུལ་མ་ཡང་ཐེབས་སོང་།
དེས་ན། འདིར་ནི་མགོ་སྨོས་པ་ཙམ་ལས་མ་བྱས་ཤིང་། ད་དུང་འདིའི་ཐོག་ཞིབ་འཇུག་བྱེད་བཞིན་མཆིས་ལ། ལོ་ཤས་རྗེས་འདོན་ལ་ཉེ་བའི་ཁོ་བོས་ཉམས་ཞིབ་བགྱིས་པའི་ <ཨིན་བོད་བརྡ་སྤྲོད་ཆེན་མོ།ཡི་ནང་དུའང་དེའི་སྐོར་གསལ་བར་འཁོད་ངེས་ཡིན་པས། དེ་ལ་གཟིགས་རོགས་ཞུ་རྒྱུ་དང་། རང་རེ་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁམས་ཚན་གྱི་བླ་མ་དགེ་བཤེས་འདུས་ཚོགས་དང་བཅས་པ་ཐུགས་མཐུན་ཁྲིམས་གཙང་དང། བཤད་སྒྲུབ་འཆད་ཉན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་དྭངས་མ་ཞིག་གིས་བརྒྱན་ཏེ།
འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁམས་ཚན་གྱི་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་མཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་མི་ཉུང་བ་ཞིག་ལ་འཆད་རྩོད་རྩོམ་གསུམ་གྱི་སྤོབས་པ་མི་དམན་པ། དེང་གི་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་པ། བྷུན་ཏར་དགེ་འོས་མཐོ་སློབ་ཀྱི་བོད་རིག་པའི་སློབ་དཔོན་གྱི་མིང་སྐམ་འཆང་བ། བེ་རི་དཔལ་ལྡན་རྣམ་རྒྱལ་དུ་འབོད་པས། ༢༠༡༢། ༢། ༥། ཉིན་ཕུལ།






[1] བེ་དཀར་གཡའ་སེལ་དུ་གསལ་ཡང་ཤོག་གྲངས་མ་དྲན།
[2] རྒལ་རབས་གསལ་བའི་མེ་ལོང་ཤོག་ངོས། 
[3] དཔེ་དེབ་འདི་དངོས་སུ་མ་མཇལ།
[4] དགེ་བཤེས་ལྡེའུ་ནི་དུས་རབས་བཅུ་གཉིས་པའི་ནང་བྱུང་བ་ཞིག་ཡིན་པས། ཞེས་བོད་ཀྱི་ལོ་རྒྱུས་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བྲིས་པའི་གསལ་མེའི་དཔར་སྐྲུན་གྱི་དབུར་གསལ། བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པ།
[5] རྒྱལ་རབས་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༧༠།
[6] ས་སྐྱ་བཀའ་འབུམ་ཐ་པ་ཤོག་ངོས་༤༠༡ནང་ཡོད།
[7] གླང་རི་བ་ཐུབ་བསྟན་སྦྱིན་པའི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག་ཤོག་ངོས་༣༡ ལ་དྲངས་འདུག
[8]  བསྟན་འགྱུར་སྣ་ཚོགས་ཅོ་དང་ཆོ། བཀའ་བསྟན་དཔེ་བསྡུར་མ་དེབ་ཨང་༡༡༥་ཡི་ཤོག་ངོས་༣༡༢ ནང་བཞུགས་ཡོད།
[9] རྒྱལ་རབས་གསལ་བའི་མེ་ལོང་། ཤོག་ངོས་༧༢་ནང་བཀོད་འདུག འདི་རྗེ་བཙུན་བསོད་ནམས་རྒྱལ་མཚན་གྱིས་མཛད་ཡོད་མེད་ཀྱང་དོགས་གཞི་ཆེན་པོ་འདུག
[10] རྒྱལ་རབས་གསལ་བའི་མེ་ལོང་། ཤོག་ངོས་༧༢་ནང་བཀོད་འདུག

[11]   ཆོས་རྒྱལ་གྱིས་མཛད་ཡོད་པ་ལེགས་བཤད་གསེར་འཕྲེང་ནང་གསལ་ཞིང་།   བསྟན་འགྱུར་གྱི་ཁྲོད་དུ། ཆོས་རྒྱལ་གྱི་མཛད་པའི་འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོའི་རྣམ་པར་བཤད་པ། ཞེས་པ་ཞིག་ཀྱང་འདུག་པ་དེ་ཡིན་ནམ་སྙམ།
[12] ས་སྐྱ་བཀའ་འབུམ་ད་པའི་ནང་བཞུགས།
[13] མཁས་དབང་བཀྲ་ཤིས་ཚེ་རིང་གི་བོད་ཀྱི་ལོ་རྒྱུས་བགྲོ་གླེང་བརྗོད་གཞི་གསུམ། ཞེས་པའི་ཤོག་ངོས་༢༨་ལ་གསལ།
[14] ལེགས་བཤད་གསེར་གྱི་འཕྲེང་བ་གཞུང་གསར་གྱི་སྐབས་སུ་གསལ་ཞིང་། བརྗེད་ངེས་ཀྱི་དབང་གིས་ཤོག་གྲངས་གསལ་པོར་མ་དྲན།  
[15] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བྲིས་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་ལ་ཐོག་མར་དཔྱད་པ་ཞེས་པ་དེར་སུམ་རྟགས་ཐོན་མིས་བརྩམས་པ་མིན་པའི་སྐོར་རྒྱས་བཤད་གནང་འདུག་པ་དང་།  དེའི་ནང་རྒྱུ་མཚན་རྣམས་ཀྱང་ཕྲ་ཞིབ་ཀྱི་རང་བཞིན་ལྡན་པས་ངེས་པར་ཀློག་རྒྱུ་གལ་ཆེ།