༄༅། །སུམ་རྟགས་ཀྱི་རྩ་འགྲེལ་ལས་གནད་དོན་འགའ་ཞིག་ལ་དཔྱད་པ།
རྩོམ་པ་པོ། མགར་རྩེ་རྟ་མགྲིན་རྒྱལ།
༼ འདི་ཡི་ནང་དོན་དངོས་ལ་སྙེག་མིན་ལ་མ་ལྟོས་པར་སུམ་རྟགས་ནང་གི་གནད་དོན་འགའ་ཤས་ཐད་དགག་སྒྲུབ་གནང་འདུག་པས་སུམ་རྟགས་སྦྱོང་མཁན་ཚོར་དཔྱད་གཞི་ཡག་པོ་ཞིག་རེད་འདུག་སྙམ་པས་འདིར་འདྲེན་བཀོད་ཞུས་པ་ཡིན། ༽
སུམ་ཅུ་པ་དང་རྟགས་འཇུག་གི་རྩ་བ་ནི་རང་སྐད་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་།
ཚན་རིག་གི་རང་བཞིན་ཤུགས་ཆེ་ལྡན་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་མཆོག་ཏུ་གྱུར་པ་ཞིག་ཡིན།
ལྷག་དོན་ཕྱིས་བྱོན་མཁས་པ་མང་པོས་ཐོན་མིའི་སུམ་རྟགས་ཀྱི་རྩ་བ་གཞིར་བཟུང་རང་རང་གི་བཞེད་སྲོལ་མི་འདྲ་བའི་འགྲེལ་པ་སྣ་ཚོགས་བརྩམས་ནས།
བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དེ་ཉིད་དེ་བས་ཡང་དག་པ་དང་།
འཐུས་སྒོ་ཇེ་ཚང་གི་ཕྱོགས་སུ་འཕེལ་རྒྱས་སོང་བ་གོར་མ་ཆག འོན་ཀྱང་ཐོན་མིས་བརྩམས་པའི་སུམ་རྟགས་ཀྱི་རྩ་བ་དང་སྔོན་བྱོན་མཁས་པ་དག་གིས་བརྩམས་པའི་འགྲེལ་པ་རྣམས་ལ།
རྟོན་པ་བཞི་དང་རིགས་པ་བཞིའི་སྒོ་ནས་རྟོག་ཞིབ་དག་ཐེར་དང་།
ཚུལ་གསུམ་ཚང་བའི་རིགས་པ་ཡང་དག་གིས་ཞིབ་དཔྱོད་བྱས་ན། བརྗོད་བྱའི་དོན་མི་ཚང་བ་དང་།
བསྟན་དོན་མི་གསལ་བ། ནང་འགལ་དུ་གྱུར་པ།
སྒྲ་ཇི་བཞིན་ཁས་བླང་དུ་མི་རུང་བ་སོགས་ཚིག་དོན་གྱི་ཆ་ལ་སྐྱོན་མི་ཉུང་བ་ཞིག་ཡོད་པས།
འདིར་སུམ་རྟགས་གཉིས་ཀྱི་རྩ་འགྲེལ་ལས་གནད་དོན་འགའ་ཞིག་ལ་རགས་ཙམ་དཔྱད་པའི་བྱའོ།
།
དེ་ཡང་སུམ་ཅུ་པའི་རྒྱན་སྡུད་ཀྱི་འཇུག་ཚུལ་བཤད་པའི་སྐབས་སུ།
རྩ་བ་ལས། “ ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།
།ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །”ཞེས་གསུངས་པ་ནི།
འཐད་པར་མི་སེམས་ཏེ། འབྲེལ་སྒྲའི་ཕྲད་ལྔ་ལས་ཕྲད་གང་གི་ཨཱ་ལི་དབྱུང་དགོས་པ་བསྟན་མེད་པའི་ཕྱིར།
ཚང་མས་མཁྱེན་གསལ་ལྟར། རྒྱན་སྡུད་ཀྱི་ཕྲད་ལ་ཀྱང་འང་ཡང་གསུམ་ཁོ་ན་འཇུག་པ་ལས།
ཡག་གྱ༵ང་ཡག་བཟང་ག༵ང་བཟང་ལྟ་བུ་འཇུག་པའི་སྲོལ་ཡེ་ནས་མེད་པས། སློབ་དཔོན་ཐོན་མིས་“ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར་”ཞེས་འབྲེལ་སྒྲའི་ཕྲད་ལྔའི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་སོར་སོར་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་དགོས་ཞེས་སྤྱི་ཁོག་གིས་བསྟན་པ་ཙམ་ལས།
འབྲེལ་སྒྲའི་ཕྲད་ལྔ་ལས་ཀྱི། འི།
ཡི་གསུམ་པོ་མ་གཏོགས་གི་གྱི་གཉིས་ཀྱི་ཨཱ་ལི་ཕྱིས་ནས་གཉིས་པ་སྦྱོར་མི་དགོས་ཞེས་གསུངས་མེད་པ་ནི་མངོན་སུམ་ཚད་མས་གྲུབ།
དེས་ན་སློབ་དཔོན་ཐོན་མི་དང་སྔོན་བྱོན་མཁས་པ་དག་གིས་འདིའི་སྐོར་ལ་ཞིབ་ཆ་མ་བཏོད་པ་ནི་ཤིན་ཏུ་ནས་མི་རིགས་པར་སེམས།
སུམ་ཅུ་པར་ནི་སྒྲའི་འཇུག་ཚུལ་བཤད་པའི་སྐབས་སུ།
རྩ་བ་ལས། “གང་མིང་མཐའ་དང་མཐུན་པ་ཡི།
།བཞི་པ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། །”ཞེས་གསུངས་པའི་དོན་འགྲེལ་གྱི་དཔེར་བརྗོད་ལ།
ཀརྨ་སི་ཏུ་པཎ་ཆེན་གྱིས་“ཁྱབ་འཇུག་ནི་ལྷ་རྣམས་ཀྱི་ནང་ནས་བརྟུལ་ཕོད་པའོ་”ཞེས་མཆོག་ཏུ་དང་དགར་བའི་དཔེར་བརྗོད་དང་། “རིགས་རྣམས་ལས་ནི་གདོལ་པའི་རིགས་ཐ་ཆད་དོ”ཞེས་དམན་པར་དགར་བ་དང་་“མཐིང་ག་ནི་སྔོན་སངས་ལས་གཞན་ནོ་”ཞེས་ཐ་དད་ཙམ་དུ་དགར་བའི་དཔེར་བརྗོད་དུ་བཞག་པ་དང་། པྲ་སྟི་རིན་ཆེན་དོན་གྲུབ་ཀྱིས།
“ལྷའི་ནང་ནས་བརྒྱ་བྱིན་ནི་མིག་སྟོང་དང་ལྡན་ནོ་”ཞེས་དམིགས་ཀྱིས་བཀར་བའི་དཔེར་བརྗོད་དང་། “ཉན་ཐོས་ལས་ནི་སངས་རྒྱས་མཆོག་ཏུ་འཕགས།
།གསེར་གྱི་བུམ་པ་ནི་ཟངས་ཀྱི་བུམ་པ་ལས་རྒྱུ་བཟང་། །ལྷ་ནི་མི་ལས་མཛེས་”ཞེས་རིགས་མི་མཐུན་པ་ལས་དགར་བའི་དཔེར་བརྗོད་དུ་བཞག་ཡོད་པ་དང་།
གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས། “རྒྱལ་བ་ཤཱཀྱ་ཐུབ་པ་ནི་རྣམ་འདྲེན་སྟོང་ལས་སྙིང་སྟོབས་ཕུལ་དུ་བྱུང་ངོ་།
”ཞེས་མཆོག་ཏུ་དགར་བར་བཞག་པ་དང་། “དམ་ཚིག་ཀུན་ལས་བླ་མའི་དམ་ཚིག་དང་འགལ་བ་ནི་ཤིན་ཏུ་ཐ་ཆད་དོ་”ཞེས་དམན་པར་དགར་བ། “ཟང་ཟིང་གི་སྦྱིན་པ་ནི་ཆོས་ཀྱི་སྦྱིན་པ་ལས་གཞན་ནོ་”ཞེས་ཐ་དད་ཙམ་དུ་དགར་བའི་དཔེར་བརྗོད་དུ་བཞག་ཡོད་པ་དང་།
ཨ་ལ་ཤ་བསྟན་དར་ལྷ་རམས་པས། “ཁྱབ་འཇུག་ནི་ལྷ་རྣམས་ལས་རྟུལ་ཕོད་པ་”ཞེས་མཆོག་ཏུ་དགར་བ་དང་། “རིགས་རྣམས་ལས་ནི་གདོལ་པའི་རིགས་ཐ་ཆད་”ཅེས་དམན་པར་དགར་བ་དང་། “མཐིང་ག་ནི་སྔོ་སངས་ལས་གཞན་ནོ་”ཞེས་ཐ་དད་ཙམ་དུ་དགར་བ་ལ་བཞག་པ་དང་། དམུ་དགེ་བསམ་གཏན་གྱིས། “རྟ་མཆོག་ནི་རྟ་གཞན་ལས་འགྲོས་མགྱོགས་”ཞེས་རིགས་མཐུན་དགར་བར་བཞག་པ་དང་།
“རྟ་ནི་བ་ལང་ལས་འགྲོས་མགྱོགས་”ཞེས་རིགས་མི་མཐུན་དགར་བར་བཞག་པ་དང་།
“རྟ་དང་བུང་བུ་གཉིས་ལས་ནི་བུང་བུ་དམན་ནོ་”ཞེས་དམན་པར་དགར་བ་དང་། “བུམ་པ་ནི་ཀ་བ་ལས་གཞན་ནོ་”ཞེས་ཐ་དད་ཙམ་དུ་དགར་བར་བཞག་པ་དང་། གསུང་རབ་རྒྱ་མཚོས། “ཉི་མའི་འོད་ནི་སྣང་བ་ཀུན་ལས་གསལ། །རྒྱ་ནི་མི་རིགས་གཞན་ལས་སྔོན་འགྲོ་ཡིན་”ཞེས་དགར་བར་བཞག་པ་དང་། ཚེ་ཏན་ཞབས་དྲུང་གི་སྒྲ་རིག་པའི་བསྟན་བཅོས་ལས། “རི་རབ་ནི་རི་གཞན་ལས་མཐོ་”ཞེས་དགར་བར་བཞག་པ་དང་།
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “སྤོས་ཀྱི་གླང་པོ་ཆེ་ནི་གླང་ཆེན་ཐམས་ཅད་ཀྱི་ནང་ནས་རྩལ་སྟོབས་ཆེ་ཤོས་ཡིན།
།མ་ལས་ཡའི་ཙན་དན་ནི་ཙན་དན་གྱི་རིགས་ཐམས་ཅད་ཀྱི་ནང་ནས་མཆོག་ཡིན་”ཞེས་དགར་བར་བཞག་པ་སོགས་ལ་བལྟས་ན།
དེ་ཚོའི་དོན་གྱི་དམིགས་བྱ་གཅིག་མཐུན་ཡིན་པས། དགར་གཞི་ལས་དགར་བྱ་ལོགས་སུ་བཀར་བ་དེ་རེད།
འོན་ཀྱང་དེར་སྐྱོན་ཅི་འདྲ་ཞིག་ཡོད་དམ་ཞེ་ན། གོང་དུ་དྲངས་པའི་དཔེར་བརྗོད་ནང་།
ལྷ་རྣམས་དང་། ལྷའི་ནང་། རྣམ་འདྲེན་སྟོང་སོགས་ནི་དགར་སའི་གཞི་ཡིན་པ་དང་།
ཁྱབ་འཇུག་དང་། བརྒྱ་བྱིན།
རྒྱལ་བ་ཤཱཀྱ་ཐུབ་པ་སོགས་ནི་དགར་བར་བྱ་བའམ་དགར་བྱ་ཡིན་པ་ཁ་ཤིན་ཏུ་ནས་གསལ་མོད།
འོན་ཏེ། འདི་འདྲའི་དགར་གཞི་ལས་དགར་བྱ་ལོགས་སུ་འགེར་ཐུབ་པའི་ཕྲད་དེ་ནི།
ནི་སྒྲ་ཡིན་ནམ་ལས་སྒྲ་ཡིན། ནི་སྒྲ་ཡིན་ཟེར་ན།
ནས་ལས་གཉིས་ཀྱི་ཕྲད་མེད་པར་མི་སྒྲ་རྐྱང་པས་དགར་བ་སྟོན་པའི་དཔེར་བརྗོད་ཅིག་འཇོག་འོས་ཀྱང་།
དེ་འདྲ་འཇོག་རྒྱུ་མ་རྙེད་པའི་རྒྱུ་མཚན་ཅི་ཡིན། དེ་ཡང་དོན་དངོས་ལ་རིགས་པས་དཔྱད་ན།
དགར་གཞི་ལས་དགར་བྱ་ལོགས་སུ་བཀར་བ་དེ་ནས་ལས་ཀྱི་སྒྲའི་ནུས་པ་ཡིན་པར་ཐལ།
ནི་སྒྲ་དགར་བར་འཇུག་པའི་དཔེར་བརྗོད་དག་ལ་ནི་སྒྲ་མད་ཀྱང་རུང་མོད།
ནས་ལས་ཀྱི་ཕྲད་གང་རུང་མེད་ན་མི་རུང་བ་དཔེར་ན། ལྷ་ནི་མི་མཛེས་དང་།
གསེར་གྱི་བུམ་པ་ནི་ཟངས་ཀྱི་བུམ་པ་རྒྱུ་བཟང་ལྟ་བུའི་ཚིག་དོན་འབྲེལ་མེད་དུ་འགྱུར་བའི་ཕྱིར།
འོན་ཀྱང་ཀརྨ་སི་ཏུ་སོགས་ཀྱིས་བཀོད་པའི་དཔེར་བརྗོད་དེ་དག་ལ།
ནི་སྒྲ་མ་སྦྱར་ཡང་ཆོག་སྟེ། ཁྱབ་འཇུག་ལྷ་རྣམས་ཀྱི་ནང་ནས་བརྟུལ་ཕོད་པའོ།
ལྷའི་ནང་ནས་བརྒྱ་བྱིན་མིག་སྟོང་དང་ལྡན་ནོ། གསེར་བུམ་ཟངས་བུ་ལས་རྒྱུ་བཟང་། ལྷ་མི་ལས་མཛེས་ཟེར་བ་ལྟ་བུའོ།
དེ་རྣམས་ནི་ནས་ལས་ཀྱི་ཕྲད་རིགས་མཐུན་ནས་རིགས་མི་མཐུན་པའི་དགར་བའི་དོན་ལ་འཇུག་པ་ཡིན་པ་མངོན་སུམ་ཚད་མས་གྲུབ་ཡོད།
མེར་གེན་མཁན་པོས་མཛད་པའི་སུམ་ཅུ་པའི་འགྲེལ་པ་ལེགས་བཤད་རིན་ཆེན་རྒྱུད་མངས་ལས།
ཀརྨ་སི་ཏུ་དང་པྲ་སྟི་རིན་ཆེན་དོན་གྲུབ་གཉིས་ཀྱིས་ནི་སྒྲ་ལ་བཞག་པའི་དཔེར་བརྗོད་སྐོར་ལ་“དེ་ནི་མ་གོ་བ་ཆེན་པོ་སྟེ། དེ་དག་ནི་ལས་སྒྲ་ཁོ་ནའི་ནུས་པས་བཀར་བའི་ཕྱིར།
མ་གྲུབ་ན། དེ་དག་ལ་ལས་སྒྲ་མ་སྦྱར་ན་འབྲེལ་མེད་ཅིང་།
ནི་བསྲུབས་ཚེ་བརྗོད་བདེ་བའི་ཕྱིར་རོ་“ཞེས་གསུངས་པ་འདི་ནི་མཁས་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་ལ།
ཚེ་ཏན་ཞབས་དྲུང་གིས་ཀྱང་ལེགས་བཤད་འདི་ལ་བདེན་དཔང་བྱས་ཡོད།
དེས་ན་གོང་དུ་ཀརྨ་སི་ཏུ་སོགས་ཀྱིས་ནི་སྒྲའི་འཇུག་ཚུལ་ལ་བཀོད་པའི་དཔེར་བརྗོད་དེ་རྣམས་ནི།
ནི་སྒྲ་ངེས་བཟུང་གིས་བརྣན་པའི་དོན་དུ་གོ་དགོས་པ་འདྲ་མོད། འོན་ཀྱང་འཐད་ལྡན་ཡིན་མིན་གྱི་ཁ་ཚོན་གཅོད་དཀའ་བས་གཟུར་གནས་པ་དག་གིས་དཔྱད་པར་འཚལ།
སུམ་ཅུ་པའི་རྩ་བ་ལས། “གང་མིང་གི་ནི་མ་མཐར་པ།
།པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །”ཞེས་པ་དང་། “གང་མིང་བརྗོད་པའི་ཡ་མཐའ་ན།
།སྟྲི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །”ཞེས་སོགས་བྱུང་བ་ལ་དཔྱད་པར་བྱ་སྟེ།
པུ་ལིངྒ་ཕོ་རྟགས་ཀྱི་རྐྱེན་དང་སྟྲི་ལིངྒ་མོ་རྟགས་ཀྱི་རྐྱེན་གྱིས་བདག་སྒྲ་དང་དགག་སྒྲ་སྟོན་མོད་ཀྱང་།
སྤྱིར་ཕོ་རྟགས་ཀྱི་རྐྱེན་གྱིས་བདག་སྒྲ་དང་མོ་རྟགས་ཀྱི་རྐྱེན་གྱིས་བདག་སྒྲ་བསྒྲུབ་པ་ནི།
ལེགས་སྦྱར་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ།
དེ་དག་བོད་སྐད་དུ་བསྒྱུར་ན་བདག་སྒྲ་ཕོ་དང་དགག་སྒྲ་མོ་ཡིན་དགོས་པའི་ངེས་པ་ཡེ་ནས་མ་མཆིས།
བདག་སྒྲའི་ཕྲད་པ་པོ་བ་བོ་མ་མོ་ཅན་ལྡན་མཁན་རྣམས་ཀྱི་ནང་ནས། པ་པོ་བ་བོ་བཞི་ལ་ཕོ་སྒྲ་བརྗོད་ཆོག་པ་ཙམ་ལས་གཞན་པ་རྣམས་ཕོ་སྒྲ་ཡིན་པའི་རྒྱུ་མཚན་གཏན་ནས་མེད།
དགག་སྒྲའི་ཕྲད་མ་མི་མིན་མེད་བཞི་རྣམས་ཀྱི་ནང་ནས།
མ་ལ་མོ་སྒྲ་བརྗོད་ཆོག་པ་ཙམ་ལས་གཞན་པ་གསུམ་ནི་མོ་སྒྲ་ཡིན་པའི་རྒྱུ་མཚན་གང་ཡང་མེད།
འདིར་ཞིབ་ཏུ་དཔྱད་ན། དགག་སྒྲའི་ཕྲད་མ་དེ་ཡང་། དགེ་བསྙེན་མ། ཆང་འཆོང་མ།
ར་མ་སོགས་ལྟ་བུའི་མིང་མཐར་སྦྱར་ཚེ། དེ་དགག་སྒྲ་མིན་ཞིང་། མ་ཤེས། མ་བཤད། མ་འགྲོ།
མ་བསད། མ་བྱས་སོགས་དགག་སྒྲ་ཡིན་མོད།
དོན་དངོས་ལ་བསམ་བློ་ཞིབ་ཏུ་བཏང་ན་མོ་ཡིན་པའི་ཚོར་སྣང་མི་འབྱུང་ངོ་།།
དེ་བས།
བདག་སྒྲ་དང་དགག་སྒྲ་ལ་ཕོ་མོའི་རྟགས་ཀྱིས་བཏགས་པ་ནི།
སཾ་སྐྲྀ་ཏའི་སྐད་ཀྱི་ཤན་ཤོར་བ་ཡིན་པས། བོད་ཀྱི་གནའ་དེང་མཁས་པ་དག་གིས་དེ་ཉིད་བདེན་པར་འཛིན་འོས་པའི་རྒྱུ་མཚན་ཇི་ལྟར་བཤད་ཀྱང་དོན་ལ་ཤིན་ཏུ་མི་གནས་ཏེ།
།པུ་ལིངྒ་ཞེས་པའི་པུ་ན་པ་སྡེ་ལ་གོ་དགོས་པས་ཕྱིར། རྒྱུ་མཚན་ནི།
སྒྲ་པཱ་ཎི་པ་དང་ཙནྡྲ་པ་ལས། “ཨུ་ཏུའི་སྡེ་དང་བཅས་པའོ།
།”ཞེས་དང་། དབྱངས་ཅན་སྒྲ་མདོ་ལས། “ཀུ་ཙུ་ཊུ་ཏུ་པུ་སྡེ་པ་རྣམས་སོ།
།”ཞེས་ཀུ་ཞེས་པ་ཀ་སྡེར་གོ་བ་དང་། ཙུ་ཞེས་པ་ཙ་སྡེར་གོ་བ།
ཊུ་ཞེས་པ་ཊ་སྡེར་གོ་བ། ཏུ་ཞེས་པ་ཏ་སྡེར་གོ་བ། པུ་ཞེས་པ་པ་སྡེར་གོ་དགོས་པས།
འདིའི་སྐབས་ཀྱི་པུ་ཞེས་པ་ཡང་པ་སྡེར་གོ་དགོས་པ་དེ་རེད།
དེས་ན་པུ་ལིངྒ་ཞེས་པའི་ཕོ་རྟགས་ཀྱི་རྐྱེན་ནི། ལེགས་སྦྱར་ལུགས་ལ་མ་གཏོགས་བོད་སྐད་ཀྱི་ལུགས་ལ་འདོགས་པ་ནི་འཐད་པར་མི་སེམས་སོ།
གཞན་དུ་ན། དགག་སྒྲ་ནི་སྐད་རིགས་ཐམས་ཅད་ལ་ཡོད་པ་དང་།
དགག་སྒྲ་ཡིན་ཕྱིན་མོ་སྒྲ་ཡིན་པས་ཁྱབ་ན། རྒྱ་ནག་སྐད་ཀྱི་མི་ཡའུ་དང་། པུ།
ཧྥའུ་སོགས་དང་། དབྱིན་ཇིའི་སྐད་ཀྱི་ནའུ་དང་ནོ་ཕྲ་སོགས་ཀྱང་དགག་སྒྲ་ཡིན་པས།
དེ་དག་ཀྱང་མོ་སྒྲར་འདོད་དགོས་པས་ན།
དེ་ནི་བླུན་པོས་ཟློས་གར་འཁྲབ་པའི་ཟླ་ལ་མི་འགྱུར་རམ།
དེར་བརྟེན་ཐོན་མིའི་སུམ་རྟགས་ཀྱི་རྩ་བ་དང་གནའ་དེང་མཁས་པའི་འགྲེལ་པ་རྣམས་ལ་སྐྱབས་སུ་ཁོ་ན་སོང་ཞིང་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེ་ལྟར།
ལུང་ཁོ་ནའི་རྗེས་སུ་འབྲངས་ནས་ལས་མོ་བྱེད་པའམ། ལྟ་བའི་ཕྱོགས་ལྷུང་འཛིན་པ།
བོད་སྐད་ཀྱི་འགྲོས་དང་མཐུན་མིན་གྱི་གཙོ་གནད་ལ་མི་དཔྱོད་པར།
གཞུང་དངོས་ཀྱི་གོ་བ་ལ་ཕན་ཐོགས་མི་ཆེ་བའི་རྟག་ཞི་བ་སོགས་གང་ཡིན་གྱི་རྩོད་པ་ཁོ་ནར་གཞོལ་བ་སོགས།
དོན་གྱི་སྙིང་པོས་དབེན་པའི་ཕྱོགས་འབའ་ཞིག་ཏུ་འཕེལ་མེད་རང་སོར་སྡོད་པ་མ་ཡིན་པར།
སུམ་རྟགས་ཀྱི་རྩ་འགྲེལ་གང་མིན་ཡང་དེ་དག་ལ་རྣམ་དབྱེ་བརྒྱད་དང་ཚིག་ཕྲད་སོགས་ཀྱི་འཇུག་ཚུལ་སྟེང་གི་ཕྲ་ཞིབ་ཀྱི་ཁྱད་པར་དང་།
ཇོན་མིའི་སུམ་རྟགས་ཀྱི་རྩ་བར་ས་བོན་ཙམ་ལས་མེད་པའི་མིང་དང་ཚིག་གི་རྣམ་བཞག་སོགས་ལ་རིག་པ་ཕྲ་མོས་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱོད་ལེན་བྱ་དགོས་རྒྱུ་ཤིན་ཏུ་གལ་ཆེ་བ་འདུག་སྙམ།
རྟགས་འཇུག་གི་རྩ་བ་ལས་སྔོན་འཇུག་བཤད་པའི་སྐབས་སུ། “ཕོ་ནི་ཕོ་དང་མོ་ལ་འཇུག་”ཅེས་པའི་མོ་ལ་འཇུག་ཅེས་པར་དཔྱད་ན།
སྔོན་འཇུག་ཕོ་བ་ཡིག་དེ་ཉིད་མིང་གཞིའི་མོ་ཡིག་ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་ང་ཉ་ན་མ་ར་ལ་ཧ་བཅས་བཅུ་དགུའི་ཁྲོད་ནས།
བ་མ་གཉིས་ནི་རང་སྡེ་ཡིན་པ་དང་། ཝ་ནི་བ་དང་འདྲ་བ། འ་ཡ་ལ་ཧ་བཞི་ལ་གོམས་སྲོལ་གྱི་དབང་གིས་མི་འཇུག་པ་ཕུད།
ལྷག་མ་ག་ཇ་ད་ཛ་ཞ་ཟ་ཤ་ས་ང་ཉ་ན་ར་བཅས་མོ་ཡིག་བཅུ་གཉིས་ལ་རྐྱང་འདོགས་མགོ་ཅན་ཅི་རིགས་ཀྱིས་འཇུག་པ་དེ་ཡིན།
འོན་ཀྱང་རྩ་བར་མོ་ལ་འཇུག་ཅེས་སྤྱི་ཁོག་གིས་བསྟན་པ་ཙམ་ལས་མོ་ཡིག་འ་ཡ་ལ་ཧ་བཞི་ལ་མི་འཇུག་པའི་གསལ་ཁ་གཏོད་མེད།
དེས་ན་ལ་ཡ་ལ་ཧ་བཞི་ལ་སྔོན་འཇུག་བ་ཡིག་ཞུགས་པའི་ཡི་གེ་ཞིག་སྟོན་རྒྱུ་ཡོད་དམ།
གལ་ཏེ་ཡོད་ཟེར་ན་ཡི་གེའི་གོམས་སྲོལ་དང་འགལ་བ་དང་། མེད་ཟེར་ན་“ཕོ་ནི་ཕོ་དང་མོ་ལ་འཇུག་”ཅེས་པའི་རྩ་བའི་ཚིག་དོན་དང་འགལ་བའ་ལན་ཇི་ལྟར་འདེབས།
སྔོན་འཇུག་རྣམས་ཇི་ལྟར་འཇུག་པ་འཆད་པའི་སྐབས་སུ།
རྩ་བར། “ཕོ་ནི་དྲག་པོའི་ཚུལ་གྱིས་ཏེ།
མ་ནིང་རན་པར་འཇུག་པ་ཡིན་”ཞེས་པ་ནི་དོན་ལ་མི་གནས་ཏེ། དཔེར་ན།
བཀའ་དང་དཀའ། བཏང་དང་གཏང་། བཅད་དང་གཅད།
བཀར་དང་དཀར་སོགས་ཉིས་ཚན་གྱི་ཕྱི་མ་རྣམས་སྔ་མ་ལས་སྒྲ་དྲག་པར་འདོན་ཅིང་། བགག་དང་དགག
བརྩེགས་དང་གཙགས། བདག་དང་གདགས་སོགས་སྔ་ཕྱི་སྒྲ་དྲག་ཞན་འདྲ་བར་འདོན་པ་མངོན་སུམ་དུ་གྲུབ་པས་ཕྱིར།
སྔོན་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་འཆད་པའི་སྐབས་སུ་ཡང་།
རྩ་བར། “ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར་”སོགས་ཀྱི་ཤློཀ་གཅིག་པོ་དེ་ལའང་བསྟན་དོན་མི་གསལ་བ་དང་། ཁྱབ་པ་མ་ངེས་པ།
བརྗོད་བྱ་མི་འདུམ་པ་སོགས་ཀྱི་སྐྱོན་མང་དུ་ཡོད་མོད། འོན་ཀྱང་འདིར་ཡི་གེ་མང་དོགས་ནས་མ་བྲིས་པས།
ཞིབ་པར་ཤེས་འདོད་ན་དེང་རབས་ཀྱི་སྐད་བཞི་སྨྲ་བའི་མཁས་པའི་གཙུག་རྒྱན་ཨ་ལགས་དོར་ཞི་རིན་པོ་ཆེས་འབྲི་གནང་མཛད་པའི་སུམ་རྟགས་ཀྱི་དཔྱད་པ་སོགས་སུ་གཟིགས་པར་འཚལ།
རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་འཆད་པའི་སྐབས་སུ།
རྩ་བར་རྗེས་འཇུག་གི་རྟགས་གསུམ་མམ་བརྒྱད་ཀྱི་མིང་ཙམ་ལས།
མཚན་གཞི་སོགས་ཀྱི་གསལ་ཁ་མཛད་མེད་པས།
རྩ་བར་འགྲེལ་པ་རྒྱག་མཁན་དག་གིས་རང་རང་གི་བཞེད་སྲོལ་མི་འདྲ་བ་རེ་རྩལ་དུ་བཏོན་ནས་བརྗོད་ཡོད་པའི་ནང་ཀརྨ་སི་ཏུ་པཎ་ཆེན་གྱི་ལུགས་དེ་ཅུང་ཟད་གྲགས་ཆེ་ཡང་ཞིབ་ཏུ་དཔྱད་ན་སྐྱོན་མང་དུ་ཡོད་དེ།
རྗེས་འཇུག་གི་ག་ད་བ་ས་བཞི་སྤྱིར་བཏང་གི་ཕོ་ཡིག་དང་། ག་ལ་ས་ཞུགས་པས་སྐྱེས་བུ་རབ།
བ་ལ་ས་ཞུགས་པས་སྐྱེས་བུ་འབྲིང་།
ག་བ་གཉིས་ལ་ཡང་འཇུག་མ་ཞུགས་པ་དང་ད་སའི་མཐའ་ཅན་རྣམས་ནི་སྐྱེས་བུ་ཐ་མར་བྱེད་པ།
དེ་ཡང་གཙོ་བོ་སྒྲ་དྲག་ཞན་གྱི་དབང་གིས་སྐྱེས་བུ་རིམ་པ་གསུམ་དུ་ཕྱེ་བ་ཞིག་རེད།
དེས་ན། འདེགས་གཏུབས། མངགས་བསྐྱབས། བརྒྱུགས་བལྟབས་སོགས་ལ་མཚོན་ན།
སྔ་མ་རྣམས་ནི་ཕྱི་མ་རྣམས་ལས་སྒྲ་དྲག་དགོས་ཏེ་སི་ཏུས།
སྐྱེས་བུ་རབ་ཏུ་གསུངས་པས་ཕྱིར། ཡིན་ནའང་།
དོན་དུ་སྔ་མ་རྣམས་ནི་ཕྱི་མ་རྣམས་ལས་སྒྲ་ཞན་པར་གྱུར་ཡོད། དེ་བཞིན། གཏུགས་གཏུབས།
སྐྱོགས་སྐྱོབས། རོགས་རབས་སོགས་ཀྱི་མིང་གཞི་གཅིག་མཚུངས་ཡིན་མོད།
འོན་ཀྱང་སྔ་མ་སྐྱེས་བུ་རབ་དང་ཕྱི་མ་སྐྱེས་བུ་འབྲིང་ཡིན་པའི་དབང་གིས་སྒྲ་དྲག་ཞན་གྱི་ཁྱད་པར་ཡོད་དགོས་ཀྱང་།
དོན་དུ་སྒྲ་དྲག་ཞན་གྱི་ཁྱད་པར་མེད་པར་གྱུར་པ་ལྟ་བུ་དང་། ཡང་། འཇིགས་དང་། འདེབས།
གཏག བསྐྲད། སྟོབ།
ལྟོས་བཅས་ལ་ཆ་མཚོན་ན། འཇིགས་དང་འདེབས་གཉིས་ཕྱི་མ་གཏག་སོགས་བཞི་ལས་སྒྲ་དྲག་དགོས་ཏེ་སྐྱེས་བུ་རབ་དང་སྐྱེས་བུ་འབྲིང་ཡིན་པས་ཕྱིར།
འོན་ཀྱང་། དོན་དུ་ཕྱི་མ་གཏག་སོགས་བཞི་སྔ་མ་གཉིས་ལས་སྒྲ་དྲག་པར་གྱུར་ཡོད།
འདིའི་ཐད་ཚེ་ཏན་ཞབས་དྲུང་གིས་“སི་ཏུས་གང་གསུངས་ལེགས་བཤད་དུ་སྣང་ལ།
འོན་ཀྱང་རྗེས་འཇུག་བ་ལ་ས་ཡིག་ཞུགས་པ་ནི་སྒྲ་དྲག་པའི་འབྲིང་དུ་འགྱུར་བས་སྐྱེས་བུ་འབྲིང་བའོ།
ཞེས་པ་ལ་དཔྱད་པར་བྱ་བ་འདི་ཡོད་དེ།
ག་དང་བ་གཉིས་རྗེས་འཇུག་གི་ཕོ་ཡིག་ཡིན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པ་དང་།
མ་ནིང་གསུམ་གྱི་ཐད་མ་གཏོགས་སྐབས་འདིར་མིང་གཞི་མི་འདྲ་བའི་ཁྱད་བཏོད་དགོས་པ་ཡང་བཤད་མེད་པས་ན་དེ་གཉིས་ལ་ཡང་འཇུག་ས་སྦྱར་བས་རྗེས་འཇུག་ནང་ཕྲད་སྟོབས་ལས་ཅིག་ཤོས་སྐྱེས་བུ་རབ་ཡིན་པ་དང་།
ཅིག་ཤོས་སྐྱེས་བུ་འབྲིང་ཡིན་དགོས་པའི་གནད་འགག་དེ་སི་ཏུས་མ་བསྟན་འདུག་གོ།
དེ་བཞིན་དུ་རྗེས་འཇུག་ནང་ཕྲད་སྟོབས་ལས་ཅིག་ཤོས་སྒྲ་དྲག་པས་དྲག་པར་འགྱུར་བ་དང་།
ཅིག་ཤོས་སྒྲ་དྲག་པའི་འབྲིང་དུ་འགྱུར་དགོས་པའི་གནད་ཀྱི་ཁྱད་པར་ཡང་མ་བསྟན་པས་སྐབས་དོན་ཡོངས་སུ་མ་རྫོགས་པའི་སྐྱོན་ཞིག་ཡོད་སྙམ་མོ་”ཞེས་གསུངས་པ་ནི་ཐུགས་ཤིན་ཏུ་ནས་མད་དོ་སྙམ།
གཞན་ཡང་ང་མ་འ་གསུམ་སྤྱིར་མོ་དང་ནང་གསེས་སུ།
ང་མ་གཉིས་ལ་ཡང་འཇུག་ཞུགས་པ་ནི་མོ་ཙམ་དང་།
དེ་གཉིས་ལ་ཡང་འཇུག་མ་ཞུགས་པ་དང་འ་རྗེས་འཇུག་ཅན་ནི་ཤིན་ཏུ་མོ་རུ་འདོད་པ་ཡིན་པས་ན།
དྭངས་དང་དང་། རྣམས་དང་རྣམ། ཆིངས་དང་ཆིང་།
རིམས་དང་རིམ་སོགས་ཀྱི་སྔ་མ་མོ་ཙམ་དང་ཕྱི་མ་ཤིན་ཏུ་མོ་ཡི་པའི་དབང་གིས་སྒྲ་དྲག་ཞན་གྱི་ཁྱད་པར་ཡོད་དགོས་ཀྱང་དོན་དུ་ཁྱད་པར་མེད་པ་དང་།
འགྱིངས། འདོམས། གཏོང་། སྐུམ། སྐ་ལྔ་ལས་ཕྱི་མ་གསུམ་ཤིན་ཏུ་མོ་ཡིན་པས་སྔ་མ་གཉིས་ལས་སྒྲ་ཞན་དགོས་ཀྱང་དོན་དུ་སྒྲ་དྲག་པར་གྱུར་པ།
འཇགས། འདེབས། བདག འདོད། བསྐྱངས། བསྐུམས། གཏོང་། རྟ་སོགས་ཀྱི་སྔ་མ་བཞི་ཕོ་དང་།
ཕྱི་མ་བཞི་མོ་ཡིན་པས་ཕོ་ནི་མོ་ལས་སྒྲ་དྲག་དགོས་ཀྱང་།
འདིར་མོ་ནི་ཕོ་ལས་སྒྲ་དྲག་པར་གྱུར་པ་མངོན་སུམ་ཚད་མས་གྲུབ་པ་སོགས་ཀྱིས་མཚོན་མ་ནིང་ན་ར་ལ་གསུམ་སོགས་ལའང་སྐྱོན་གྱི་ཆ་ཤིན་ཏུ་ནས་མང་མོད།
འོན་ཀྱང་ཡིག་ཚོགས་ཆེ་བར་སེམས་ནས་འདིའི་སྐོར་གྱི་དཔྱད་པ་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས།
ད་དུང་རྗེས་འཇུག་སྐབས་སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར་ཞེས་པ་དང་།
ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས་སོགས་ལ་རྒྱབ་འགལ་དུ་སོང་བའི་སྐྱོན་དང་། ཚིག་དོན་མི་འབྱོར་བ་སོགས་ཀྱི་གནོད་པ་དུ་མ་མཆིས་པས།
དེང་གི་བརྡ་སྤྲོད་སྨྲ་བ་དག་གིས་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་རྩ་བ་དང་གནའ་དེང་གི་འགྲེལ་པ་རྣམས་ལ་ཕྲ་ཞིབ་རིགས་པ་ཡང་དག་གིས་བརྟག་དཔྱད་དང་དག་ཐེར་སོགས་མཛད་ནས།
བོད་ཀྱིས་སྐད་ཡིག་ཏུ་ཡོད་ཀྱང་རྩ་འགྲེལ་རྣམས་སུ་མེད་པ་རྣམས་གསར་སྣོན་ཁ་སྐོང་དང་།
རྩ་འགྲེལ་སོགས་ཀྱི་ལེགས་པའི་ཆ་ཐམས་ཅད་བླངས། མི་ལེགས་པའི་སྐྱོན་གྱི་ཆ་རྣམས་དོར།
མ་གསལ་བའི་ཆ་རྣམས་ཇེ་གསལ་ཏུ་བཏང་།
རང་སྐད་ཀྱི་ཆོས་ཉིད་དང་མཐུན་ལ་སྐད་ཡིག་གི་ལག་ལེན་ཐོག་མ་རྟོགས་ལོག་རྟོག་གི་བརྡར་ཤ་གཅོད་ཐུབ་པ་བཅས་ཀྱི་ཚན་རིག་གི་བརྡ་སྤྲོད་རིགས་པའི་གཞུང་ལུགས་ཤིག་གསར་རྩོམ་བྱེད་རྒྱུ་ནི་རང་ཅག་ཚོའི་བཤོལ་དུ་མི་རུང་བའི་ལས་འགན་ཡིན་ནོ།
དེ་ལྟར་གོང་དུ་སུམ་རྟགས་ཀྱི་རྩ་འགྲེལ་གནད་དོན་འགའ་ཞིག་ལ་དཔྱད་པ་ཕྲན་བུ་བྱས་ཁུལ་ཡང་།
ཁོ་བོའི་རིག་གཞུང་གི་ཆུ་ཚད་དམན་པས་ནོངས་འགལ་གྱི་ཆ་ཡོད་ངེས་ན།
གཟུར་གནས་མཁས་པ་རྣམས་ཀྱིས་དཔྱད་པར་འཚལ།