Thursday, January 31, 2013

བོད་དུ།་རྐང་རྩེད་སྤོ་ལོ་དང་ཨིན་ཡིག་སློབ་གྲྭ


ཁོ་བོ་ལོ་བཅུ་གསུམ་ཙམ་གྱི་དུས་སུ་མོན་གྷོ་གཞིས་གྲོང་དྲུག་པའི་སྤོ་ལོའི་རྩེད་ཐང་དུ་སྤོ་ལོ་རྩེ་བར་ཕྱིན་པ་དང་། དགོན་པའི་ཁམས་ཚན་དགེ་རྒན་རྣམས་ཀྱིས་ཤེས་ནས་ང་དང་ངའི་གྲོགས་པོ་མང་པོ་ཞིག་བཟུང་སྟེ་གྲྭ་ཚང་ཆེན་པོའི་འདུ་ཁང་ནང་དུ་ཉེས་ཆད་དུ་ཚོགས་ཐེངས་ཁ་ཤས་རིང་ཕྱག་འཚལ་བཅུག་པ་དེ་དེ་རིང་ཡང་ཧ་ཅང་གསལ་པོར་དྲན་གྱི་འདུག 

དེ་ལས་ཀྱང་དམིགས་བསལ་བ་ཞིག་ནི། སྐབས་དེ་དུས་ཀྱི་དགེ་བསྐོས་༼ མཚན་དངོས་སུ་བྲིས་ན་སྟབས་མི་བདེ།༽ ཀྱིས་ང་ཚོ་ཟུར་དུ་བསྐོངས་ཏེ། " སྤོ་ལོ་བརྩེ་བ་དེ་ནི་དཔེ་མི་སྲིད་པའི་སྡུག་སྐྱག་རེད་ལ། དེ་ནི་སངས་རྒྱས་བསྟན་པ་ལ་གཏོར་སྐྱོན་ཆེན་པོ་རེད། ཁྱེད་ཚོས་སངས་རྒྱས་ཀྱི་དབུ་ལ་རྐང་པས་བཞུས་ཏེ་ལས་ངན་པ་དེ་འདྲ་གསག་གི་ཡོད་རེད་ཅེས་ཞལ་རས་ནས་ང་ཚོ་ལ་ཤ་ཚ་དང་སྙིང་རྗེའི་སྐྱོ་ཉམས་དང་བཅས་གསུངས་ནས་ང་ཚོས་དགེ་བསྐོས་ལགས་ཀྱི་ཞལ་རས་ལ་ལྟ་མ་ཕོད་པ་མ་གཏོགས་ཕལ་ཆེར་བཤུམས་ཀྱི་ཡོད་ཚོད་འདུག 

དེ་ནི་ངའི་མི་ཚེའི་ནང་དགོན་པ་གཞུང་ནས་ཉེས་ཆད་བཏང་བ་ཐོག་མ་དེ་ཡིན་ལ། སྤོ་ལོ་དེ་སངས་རྒྱས་ཀྱི་དབུ་ཡིན་པ་གོ་ཐེངས་ཀྱང་དང་པོ་དེ་ཡིན། གང་ལྟར་སྤོ་ལོ་ལ་ཧ་ཅང་དགའ་ཡང་སྤོ་ལོ་རྩེ་མ་ཕོད་པར་ལུས་པ་དང་། སྤོ་ལོ་རྩེད་མཁན་དེ་འདྲ་མཐོང་ཚེ་ཁོང་ཚོ་ནི་ནང་ཆོས་མ་ཤེས་མཁན་ཞིག་ཡིན་པར་ངོས་འཛིན་གྱིས་ལྟ་སྟངས་ཀྱང་མི་འདྲ་བ་ཞིག་བྱེད་ཀྱི་ཡོད 
ལོ་ཤས་རྗེས་བློ་གསལ་གླིང་དཔེ་མཛོད་ཁང་དུ་དཔེ་དེབ་ཅིག་འཚོལ་བཞིན་པའི་སྐབས་ཨིན་ཇིའི་རྩོམ་པ་པོ་ཞིག་གིས་བྲིས་པའི་བོད་བོད་ཅེས་པའི་དཔེ་དེབ་ཅིག་མཐོང་སོང་ལ། རྒྱུན་དུ་དཔེ་དེབ་གང་འདྲ་མཐོང་ཡང་མགོ་ནས་མཇུག་བར་ཀློག་པའི་གོམས་གཤིས་མེད་ཀྱང་ལྟ་ཙམ་རེ་བྱེད་རྒྱུར་ཤིན་ཏུ་དགའ་བས་དཔེ་དེབ་དེའི་དཀར་ཆག་ནས་བལྟས་ཙམ་བྱས་པས་དེ་ནི་རྩོམ་པ་པོ་རང་ཉིད་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་ཀྱི་ཆེད་བོད་དུ་བསྐྱོད་ནས་ཡུལ་སྐོར་རྩོམ་ཡིག་གི་ཚུལ་དུ་བྲིས་པ་རེད་འདུག་ཀློག་སྙིང་ཤིན་ཏུ་བྲོ་སྟེ། ཀློག་ཙམ་བྱས་པ་ཡིན། དེའི་ནང་གི་ལེ་ཚན་གཅིག་ནི་སྤོ་ལོའི་སྐོར་ཞིག་རེད། 
བོད་དུ་སྤོ་ལོ་རྩེ་བ་དེ་ནི་བསྟན་པ་ལ་གནོད་སྐྱོན་གཏོང་བར་རྩི་སྲོལ་དང་། དེ་ཡང་སྤོ་ལོ་དེ་ནི་སངས་རྒྱས་ཀྱི་དབུ་ཡིན་པ་དང་། མུ་སྟེགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཕྱོགས་སུ་ཁ་གཏད་གཅག་པའི་ཆེད་སངས་རྒྱས་ཀྱི་དབུ་འདྲ་བའི་སྤོ་ལོ་དེ་བཟོས་ནས་རྩེས་པས། བོད་པས་རྐང་རྩེད་སྤོ་ལོ་རྩེ་ན་ཤིན་ཏུ་མི་འོས་པར་རྩི་སྲོལ་འདུག 
ཅེས་བྲིས་ཡོད་པ་དེའི་ཡིག་འབྲུ་རྣམས་ད་དུང་ངས་གསལ་པོར་དྲན་གྱི་འདུག ༼རྩོམ་པ་པོ་དེའི་མིང་ལ་Franch Prick ཞེས་བརྗོད་པ་དང་། དཔེ་དེབ་ཀྱི་མིང་ནི་TIBET TIBET ཡིན་པ་དང་། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་གྲོགས་པོ་ཞིག་རེད་འདུག ༽
དེ་སྔོན་ང་ཚོའི་དགེ་བསྐོས་ལགས་ཀྱིས་གསུངས་པའི་བཀའ་མོལ་དེ་དེའི་ནང་འདུག་བསམ་ནས་ཚོར་སྣང་མི་འདྲ་བ་ཞིག་སླེབས་མྱོང་། 

སྤོ་ལོ་ལ་དགའ་བའི་འདུ་ཤེས་ནི་ནམ་ཡང་རླག་ཐབས་མི་འདུག་ཀྱང་སྤོ་ལོ་ནི་རྩེ་མི་ཆོག་པས་སྤོ་ལོའི་ལོ་རྒྱུས་དང་འབྲེལ་བའི་རྩོམ་ཡིག་ཅིག་འབྲི་དགོས་བསམ་ནས་ཡར་འབྲི་མར་འབྲི་འདྲ་བྱས་དུས། སྤོ་ལོ་ཞེས་པའི་མིང་ཚིག་གི་གྲུབ་ཚུལ་དང་། དེ་བཞིན་བོད་དུ་སྤོ་ལོ་དང་པོ་དར་ཚུལ། སྲོང་བཙན་སྐབས་ཀྱི་སྤོ་ལོ་རྩེད་མོའི་དར་རྒྱས་ཇི་ཙམ་ཡོད་མེད། དེ་ནས་ཨིན་དམག་བོད་དུ་སླེབས་སྐབས་ཀྱི་སྤོ་ལོའི་རྩེད་མོའི་འཕེལ་རིམ་བཅས་ལ་ཞིབ་ཀྱིས་བལྟས་དུས་དགོན་པའི་ནང་སྤོ་ལོ་བཀག་འགོག་བྱས་པ་དེར་ཐུགས་ཁག་མི་འདུག་སྙམ་པ་དང་། དེ་ཡང་བཙན་བྱོལ་ནང་གཅིག་པོ་མིན་པར་བོད་དུ་ཡོད་དུས་ནས་དཀའ་ངལ་དེ་བྱུང་འདུག་བསམ་པའི་བསམ་བློ་ཞིག་གཞི་ནས་སླེབས།

དེ་ཡང་། ༌རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་དེང་རབས་ཀྱི་ཕྱོགས་སུ་བསྐྱོད་པའི་ཆེད་སྲིད་འབྱོར་རིག་གསུམ་དང་དམག་དོན་བཅས་གང་ཅིའི་ཐད་ནུས་ཤུགས་བཏོན་པའི་ནང་ནས་གལ་གནད་ཆེ་ཤོས་གཅིག་ནི། བོད་དུ་ཨིན་ཇིའི་སློབ་གྲྭ་འཛུགས་རྒྱུ་དེ་ཡིན་པ་དང་། དེའི་ཆེད་བོད་ཀྱི་ན་གཞོན་བཞི་༼ སྨོན་གྲོང་། སྒེག་མཁར། བྱང་ངོས། སྐྱིད་སྦུག༽ ཨིན་ཡུལ་དུ་ཨིན་ཇི་བསླབ་ཏུ་བཏང་བ་དང་། 
དེ་ནས་༡༩༢༣ལོར་བོད་དུ་ཨིན་ཇིའི་སྐད་ཡིག་སློབ་གྲྭ་གསར་འཛུགས་གནང་ཡང་གདན་ས་གསུམ་གྱིས་དེ་ནི་སངས་རྒྱས་བསྟན་པ་ལ་གནོད་ཀྱི་འདུག་ཅེས་ངོ་རྒོལ་ཤུགས་ཆེར་བྱས་པས་མཇུག་བསྐྱལ་མ་ཐུབ་པ་དང་། 
སླར་ཡང་༡༩༤༥ལོར་ཨིན་ཇིའི་སློབ་གྲྭ་ཞིག་བཙུགས་པ་དེར་གདན་ས་གསུམ་གྱིས་ངོ་རྒོལ་ཡོད་མུར། སྐབས་དེ་དུས་ཀྱི་བོད་དམག་དང་གཞུང་ཞབས་སོགས་ཨིན་ཇི་དང་ལྷན་དུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱས་པའི་སྐབས་དེར། གློ་བུར་དུ་སེར་བ་དྲག་པོ་ཞིག་བབ་ནས་ཕྱི་ཉིན་བོད་ལྗོངས་ཚོགས་འདུའི་ཐོག་གདན་ས་གསུམ་གྱི་མཁན་ལས་ཚོས་སེར་བ་དྲག་པོ་རྒྱག་པ་དེ་ལྷ་ཀླུ་འཁྲུགས་པའི་རྟགས་རེད། དེ་ནི་ལྷ་སར་ཨིན་ཇིའི་སློབ་གྲྭ་བཙུགས་པས་རེད། སྤོ་ལོ་བརྩེ་བ་དེ་ནི་ཤིན་ཏུ་མི་འོས་པ་རེད། དེ་ནི་སངས་རྒྱས་ཀྱི་དབུ་ལ་རྐང་པས་བཞུས་པ་རེད། ཅེས་སྤྱན་ཆབ་བསིལ་བཞིན་གསུངས་པས་སློབ་གྲྭ་དེ་བཞིན་སྒོ་བརྒྱབ་དགོས་བྱུང་བ་རེད། 
དོན་དངོས་ཐོག་སྤོ་ལོ་རྩེད་མཁན་ནང་སློབ་གྲྭའི་སློབ་མ་རྐང་གཅིག་ཀྱང་མེད་ཀྱང་། དབང་ཡོད་དབང་མེད་ཀྱིས་སློབ་གྲྭ་དེ་སྒོ་རྒྱག་རྒྱུ་བྱུང་འདུག་པ་དང་། ཨིན་ཇི་ནི་སངས་རྒྱས་བསྟན་པའི་དགྲ་བོ་ཡིན་པ་དང་། རྒྱ་ནག་གོང་མ་ནི་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ། རྒྱལ་ཡུམ་ཆེན་མོ་དེ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་རང་དུ་ངོས་འཛིན་གྱིས་མཐའ་མཇུག་དེར་འཇམ་དབྱངས་རལ་གྲིས་བོད་ལེབ་ལེབ་བཟོས། སྒྲོལ་མའི་ཕྱག་གིས་བོད་ཡོངས་སུ་བཟུང་བའི་གཏམ་རྒྱུད་དེ་བྱུང་བ་རེད་སྙམ། 

དེ་རིང་རྒྱལ་བ་བཅུ་གསུམ་ཆེན་པོའི་མཛད་རྣམ་ཀློག་བཞིན་དུས་ཚོད་སྟོང་པའི་སྐབས་བསམ་གཞིགས་ཤིག་བྱེད་དུས་དྲན་འཆར་འདི་འདྲ་ཞིག་འདུག་པས་ཐོལ་བྱུང་དུ་ཤར་མར་ཡིག་རིས་སུ་ཕབ་པ་ཡིན། 

༢༠༡༣། ༢། ༡། ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་བསྟན་འཛིན་ཆོས་འཕེལ་གྱི་ཤག་ནས། 
*** བྲིས་ཐེངས་གཅིག་གིས་བྲིས་ཤིང་། ཞུ་དག་དང་ཡང་ལྟ་བྱས་མེད་པས་ཆད་ལྷག་ལ་དགོངས་འགལ་མེད་པར་ཞུ།