Friday, November 9, 2012

ཀ་རྩོམ་དབུ་འཛིན་བསྟོད་གླུ།



ཀ་རྩོམ་དབུ་འཛིན་བསྟོད་གླུ།

ཀ་ར་ལྟ་བུ་མངར་བའི་ཁྱེད་ཀྱི་བཀའ།།
ཁ་ཙམ་མིན་པར་སློབ་ཕྲུག་ང་ཚོའི་ཆེད།།
ག་དུས་ཡིན་ཡང་རྫ་ཆུ་བཞིན་དུ་འབབ།།
ང་ཚོ་ཚང་མས་སྙིང་ལ་བཅངས་ནས་ཡོད།།

ཅ་ཅོ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ།།
ཆ་ལུགས་བཟང་པོས་བོད་ལ་ཞབས་ཞུ་ཞུས།།
ཇ་ཡུན་སྐབས་ལའང་ཕྱག་ལས་གནང་མཛད་དེ།།
ཉ་གང་ཟླ་བ་ཁྱེད་འདྲ་རྙེད་པར་དཀའ།།

ཏཱ་ར་ན་ཐ་བཞིན་དུ་མཁས་པ་དང་།།
ཐ་མག་ཆང་རག་མི་བཞེས་སྤྱོད་བཟང་ལྡན།།
ད་དུང་མ་བཅོས་ཐུགས་ཁུར་ཆེན་པོ་ཡིས།།
ན་གཞོན་རྣམས་ལ་ལམ་སྟོན་ཁྱེད་ཀྱིས་གནང་།།

པ་ལགས་བཞིན་དུ་བཀའ་སློབ་བསྩལ་བ་དང་།།
ཕ་མ་བཞིན་དུ་བྱམས་སྐྱོང་གནང་མཛད་དེ།།
བ་སོ་བཞིན་དུ་དཀར་བའི་ཁྱེད་ཀྱི་ཐུགས།།
མ་བརྗེད་སེམས་ལ་བཞག་ཡོད་དབུ་འཛིན་ལགས།།

ཙ་ག་ཙིག་གེ་བྱ་བ་ཆེ་ཆུང་ཀུན།།
ཚ་ག་ཚིག་གེ་མེད་པར་གནང་མཛད་དེ།།
ཛ་ར་ཛོ་རེ་མེད་པའི་གནང་ལུགས་འདིས།།
ཝ་ལེར་ངེད་ཅག་རྣམས་ལ་ལམ་སྟོན་གནང་།།

ཞ་ག་ཞི་གེར་གྱུར་པའི་བོད་ཀྱོ་དོན།།
ཟ་ང་ཟིང་ངེར་མེད་པར་སྒྲུབ་གནང་བའི།།
འ་ཅག་སློབ་སྤྱི་མཆོག་གི་བཀའ་སློབ་དེ།།
ཡ་ཡ་ཞུས་ནས་ང་ཚོས་ཉན་དང་ཉན།།

ར་སྤྲོད་གནང་སྟངས་ཤིན་ཏུ་མཁས་པོ་ཡིས།།
ལ་ལུང་ཀུན་ནས་ཕེབས་པའི་སློབ་མ་ལ།།
ཤ་ཚ་སྙིང་རྗེ་ཆེན་པོས་བཀའ་གནང་མཁན།།
ས་སྟེང་འདི་ན་ཁྱེད་འདྲ་ཧ་ཅང་དཀོན།།

ཧ་ཧ་སྒྲོག་བཞིན་སློབ་ཕྲུག་ཀུན་དང་ལྷན།།
ཧ་ཅང་ཐབས་ལམ་མཁས་པས་སློབ་ཁྲིད་གནང་།།
ཨ་ཕྲུག་བོད་ཀྱི་སོན་རྩ་གཞོན་ནུ་ལ།།
ཨ་རེ་ཁྱེད་ནི་ཤིན་ཏུ་དགོས་མཁོ་ཆེ།།

༢༠༡༢། ༡༡།    ཉིན་བྷུན་ཏར་མཐོ་སློབ་ཀྱི་སྒྱུ་རྩལ་འཛིན་གྲྭའི་ནང་སྒྱུ་རྩལ་འཛིན་གྲྭའི་སློབ་མ་རྣམས་དང་དགེ་རྒན་མཉམ་རུབ་ཀྱིས་ཀ་ཁའི་གོ་རིམ་བཞིན་ངག་ནས་བརྗོད་བཞིན་ཚང་མས་དུས་གཅིག་ལ་བྲིས་ཤིང་། མཇུག་གི་ཤོ་ལོ་ཀ་གཅིག་དེ་དགེ་རྒན་གྱིས་བསྣན་པའོ།།