Wednesday, November 7, 2012

སློབ་ཚན་ཚར་དགོས་སམ་སློབ་ཚན་ཤེས་དགོས།



སློབ་ཚན་ཚར་དགོས་སམ་སློབ་ཚན་ཤེས་དགོས།

བེ་རི་དཔལ་ལྡན་རྣམ་རྒྱལ།
 


དེང་གི་སྤྱི་ཚོགས་ཀྱི་ནང་ཤེས་ཡོན་ཞེས་པའི་ཚིག་འབྲུ་གཉིས་དེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་ཁ་ཐོགས་ཚད་ཀྱིས་ཤེས་ཡོན་ཤེས་ཡོན་ཞེས་བརྗོད་བཞིན་ཡོད་ཀྱང། གང་ཞིག་ལ་ཤེས་ཡོན་ཟེར་མིན་དང། ཤེས་ཡོན་གྱི་དགོས་དམིགས་གང་ཡིན་མཁྱེན་མཁན་དཀོན་པོ་རེད་ལ་དོགས་འདྲི་གནང་མཁན་ཡང་ཉུང་ཉུང་རེད།     རྒྱ་གར་ནང་ Visva Bharati འམ Shantiniketan University སོགས་ཉུང་ཤས་ཤིག་གིསརྒྱ་གར་རང་གི་ཤེས་ཡོན་སྲིད་ཇུས་ཀྱི་ཐོག་ནུས་ཤུགས་འདོན་པ་ལས་ཕལ་མོ་ཆེས་ནུབ་ཕྱོགས་པའི་ཤེས་ཡོན་སྲིད་ཇུས་ཉིད་ལག་བསྟར་བྱེད་བཞིན་པ་དེས་རྒྱ་གར་གྱི་ཤེས་རིག་ཉམས་ཆག་དང་ལྷག་པར་དུ་སྲོལ་རྒྱུན་ཤེས་རིག་གི་ཉམས་ཆག་ཇི་ཙམ་སོང་བ་ནི་ང་ཚོས་མིག་མཐོང་ལག་ཟིན་རེད་ལ།  དེ་སྔོན་ཨིན་ཇིས་རྒྱ་གར་གྱི་ཤེས་ཡོན་སྲིད་ཇུས་ཐོག་མར་བསྒྲིགས་པའི་སྐབས་ཀྱི་འཆར་གཞི་ལྟར་ལུས་པོའི་པགས་པ་དང་ཤ་མདོག་མ་གཏོགས་ནང་བསམ་བློ་ཡོངས་རྫོགས་ཨིན་ཇི་རང་དུ་བསྒྱུར་ཡོད་པ་དང་། དེ་ལྟ་བུའི་དཀའ་ངལ་དེ་བོད་པའི་སྤྱི་ཚོགས་ཀྱི་ནང་དུའང་འཛུལ་མགོ་བཙུགས་ཟིན་འདུག  

 དེ་བཞིན་བོད་རང་གི་ཤེས་ཡོན་སྲིད་ཇུས་ནི་ཁྱད་དུ་འཕགས་པ་ཞིག་ཡོད་པའི་ཁར་དེང་རབས་དང་འཚམ་པའི་སྲིད་ཇུས་གཏན་འབེབས་གནང་ཟིན་ན་ཡང་། ད་བར་ཤེས་ཡོན་སྲིད་ཇུས་དེ་ཉིད་ལག་བསྟར་གནང་མཁན་ཧ་ཅང་དཀོན་པོ་རེད་འདུག  དེའི་ཕྱིར་བོད་ཀྱི་སློབ་གྲྭ་ཁག་དང་། དེ་བཞིན་སློབ་གཉེར་ཁང་ཕལ་མོ་ཆེའི་ནང་རྒྱ་གར་གྱི་ཤེས་ཡོན་སྲིད་ཇུས་ཀྱི་ལམ་ལུགས་གཞིར་བཟུང་གིས་ཕེབས་པ་ལས་བོད་རང་གི་ཤེས་ཡོན་སྲིད་ཇུས་ཀྱི་ལམ་ལུགས་ལྟར་ཕེབས་མཁན་མེད་པས་དེ་ནས་ཐོན་པའི་སློབ་མ་རྣམས་ཀྱང་ཕྱེད་ཀ་ཨིན་ཇི་ཞིག་དང་ཕྱེད་ཀ་བོད་པ་ཞིག་ལས་བོད་པ་གཙང་མ་གཙང་རྐྱང་ཞིག་དོན་ཐབས་མེད་པ་ཞིག་ཏུ་གྱུར་ཟིན་པ་རེད།

བོད་ཀྱི་སློབ་གྲྭ་ཁག་དང་མཐོ་སློབ་ཁག་ཁ་ཤས་ནི་རྒྱ་གར་གྱི་སློབ་གཉེར་ཁང་གི་སྒྲིག་འཛུགས་དང་འཆར་གཞིའི་འོག་འགྲོ་དགོས་སྟབས་རྒྱ་གར་གྱི་སྲིད་ཇུས་ཇི་བཞིན་མ་འགྲོ་ཐབས་ཡིན་པས་བྱ་ཐབས་གང་ཡང་མེད་མོད།   རིམ་བཞིན་བོད་པ་རང་གིས་འཛིན་སྐྱོང་དང་འཆར་འགོད་འོག་ཕེབས་ཐུབ་ན་བོད་ཀྱི་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་བཞིན་བོད་རང་གི་ཁྱད་ཆོས་ལྡན་པའི་བཟང་སྤྱོད་དང་། རང་དབང་གི་རྣམ་དཔྱོད་ཡོད་པའི་བོད་པའི་སློབ་མ་ཤེས་ཚད་དང་ལག་འཁྱེར་གཉིས་ཀ་ཡོད་མཁན་ཞིག་བསྐྱེད་བསྲིངས་ཐུབ་པའི་རེ་བ་འཆང་ཆོག་པ་ཞིག་རེད།


དེའི་ཕྱིར་སློབ་གྲྭ་ཁག་ནང་ཡོད་པའི་སློབ་དགེ་རྣམ་པས་ལོ་འཁོར་གཅིག་གི་སློབ་ཚན་དུས་ཐོག་ལ་ཚར་དགོས་སྟབས་གང་མགྱོགས་དང་གང་ཚར་ཚར་ལས་སློབ་མས་ཤེས་ཡོད་མེད་དང་སློབ་མའི་ཤེས་ཚད་ལ་དཔག་པའི་སློབ་ཁྲིད་ཀྱི་གོ་སྐབས་ཆེས་དཀོན་པོ་ཞིག་ཏུ་གྱུར་ཡོད། དེ་ལྟར་མགྱོགས་མྱུར་ངང་སློབ་ཁྲིད་བྱས་པས་མཐའ་མའི་ཡིག་རྒྱུགས་སྐབས་སློབ་མ་རྣམས་ཀྱིས་ཤེས་ཡོན་དངོས་ལ་སྦྱང་བརྩོན་མི་བྱེད་པར་གང་བསླབས་ཟིན་པའི་སློབ་དེབ་རྣམས་བློར་འཛིན་ཐབས་དང།    དྲི་བ་དྲིས་ལན་ཤ་སྟག་སྦྱང་ནས་ལུས་ཀྱི་འདུག སློབ་མ་རྣམས་ལའང་ཐུགས་ཁག་གཏན་ནས་མེད་དེ། གལ་ཏེ་སློབ་ཚན་བློ་ལ་མ་བཟུང་ན་རྒྱུགས་སྤྲོད་ལེགས་པོ་ཞིག་གཏོང་མི་ཐུབ་ལ།  རྒྱུགས་སྤྲོད་ལེགས་པོ་ཞིག་གཏོང་མི་ཐུབ་ན་ལག་འཁྱེར་ཡག་པོ་ཞིག་མི་རག   ལག་འཁྱེར་མེད་ན་སྤྱི་ཚོགས་ནང་ཞབས་ཞུ་ཞུ་ས་མི་རག་སྟབས་སློབ་མ་ཕལ་མོ་ཆེས་སློབ་ཚན་དང་དྲི་བ་དྲིས་ལན་བློ་ལ་བཟུང་ནས་རང་རང་གི་ཡིག་རྒྱུགས་ནང་བརྒྱ་ཆ་གང་མཐོ་མཐོ་ཞིག་རག་ཐབས་མི་བྱེད་ཀ་མེད་དུ་གྱུར་ཡོད།
 
དེས་ན། རང་ཉིད་ཀྱི་སློབ་དུས་ལོ་ཡུན་ཇི་ཙམ་ཡིན་ཡང་། ལོ་ཡུན་དེ་ནི་བང་རྩལ་འགྲན་པ་བཞིན་རྫོགས་འགྲོ་བ་དང་། རང་ཉིད་ཀྱི་ཀླད་པའི་ནང་ཅ་དངོས་གསར་པ་མང་པོ་ཞིག་བསགས་ཏེ རང་ཉིད་ཀྱི་ཀླད་པ་ནི་ཅ་དངོས་གསོག་ཉར་གྱི་ལས་ཀ་ཞིག་ལས་གང་ཡང་བྱས་མི་ཐུབ་པ་དང་  ཀླད་པའི་ནང་གི་ཅ་དངོས་དེ་ཚོ་ཡང་རྒྱུགས་སྤྲོད་ཀྱི་ལན་ཤོག་ཐོག་ལན་གཅིག་སྤྱུགས་ཚར་ན་རང་ཉིད་ཀྱི་ཀླད་པ་སྟོང་པ་སྟོང་རྐྱང་དུ་གྱུར་ནས་སློབ་གྲྭ་ནས་ཐོན་སྐབས་རང་ཉིད་ལ་ཡོད་པ་ནི་བརྒྱ་ཆ་མཐོ་བོ་ཡོད་པའི་ལག་འཁྱེར་གྱི་ཤོག་གུ་དེ་རང་ལས་གང་ཡང་མེད་པ་ཞིག་ཏུ་གྱུར་གྱི་ཡོད།  

དེས་ན།  ལག་འཁྱེར་ཧ་ཅང་མཐོ་བོ་ཡོད་པའི་སློབ་ཐོན་པ་དེ་ཚོས་བོད་ཡིག་ཐོག་གཏང་ཡིག་ཡག་པོ་ཞིག་བྲིས་མི་འདུག་ལ། ཨིིན་ཇིའི་སྐད་ཐོག་སྐད་ཆ་ཡག་པོ་ཞིག་ཀྱང་བཤད་མི་ཐུབ་པར་མཐོ་སློབ་ཆེ་གེ་མོ་ནས་ཐོན་པ་ཡིན་ཞེས་སྒྲོག་མཁན་ཧ་ཅང་མང་པོ་ཞིག་ཡོད་པ་ང་ཚོས་རྣ་བས་གོ་རྒྱུ་ཡོད་ལ་མིག་གིས་རིག་རྒྱུ་ཡང་ཡོད།
མདོར་བསྡུས་ནས་བཤད་ན།  སློབ་དགེ་ཞིག་གིས་སློབ་ཚན་འཁྲིད་པའི་སྐབས་སློབ་ཚན་ཚར་གང་ཐུབ་མི་བྱེད་པར་སློབ་མས་ཤེས་གང་ཐུབ་ཅིག་གནང་ན་དགེ་མཚན་ཤིན་ཏུ་ཆེ་ལ། གཏན་འབེབས་གནང་བའི་སློབ་ཚན་གཅིག་པུ་མིན་པར་དེ་དང་འབྲེལ་བའི་སྤྱི་ཚོགས་དང་གནས་སྟངས་ལ་གཞིགས་པའི་བསླབ་གཞི་ལ་འགྱུར་བ་བཏང་སྟེ་སློབ་མའི་བསམ་བློའི་འཆར་སྒོ་དང་མཐུན་པའི་སློབ་ཁྲིད་དང། དེ་ལས་གལ་ཆེན་བ་ཞིག་ནི་དགེ་སློབ་ཕན་ཚུན་རང་དབང་གི་བགྲོ་གླེང་གནང་རྒྱུ་ནི་ཆེས་ཤིན་ཏུ་གལ་གནད་ཆེན་པོ་ཞིག་ཏུ་མཐོང་། 
ཅི་སྟེ་འཆར་གཞི་དང་སྒྲིག་འཛུགས་འོག་ཡོད་ན་བསྟུན་མཁས་ཀྱིས་སློབ་ཚན་འཁྲིད་ཐབས་གནང་རྒྱུ་དང་། བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་རྣམས་ཤེས་ཡོན་ཡོད་པ་ཞིག་བསྐྲུན་དགོས་པ་ལས། ལག་འཁྱེར་མཐོན་པོ་ཡོད་པའི་བོད་མི་འབུམ་ཁ་ཤས་ཡོད་ཀྱང་བོད་མི་རིགས་ལ་ཕན་མི་ཐོགས་ལ་འཛམ་གླིང་སྤྱི་ལ་དེ་བས་ཀྱང་ཕན་མི་ཐོགས། ཐ་ན་སོ་སོའི་མི་ཚེ་དང་མདུན་ལམ་ལའང་ཕན་མི་ཐོགས་ཐག་ཆོད་རེད།
 
སློབ་དགེ་རྣམ་པས་སློབ་ཁྲིད་བྱེད་པའི་དམིགས་ཡུལ་ནི་སློབ་མས་སློབ་ཚན་གྱི་ནང་དོན་ཤེས་ཐབས་དང་རང་གི་རྣམ་དཔྱོད་ཡར་རྒྱས་འགྲོ་བའི་ཆེད་དུ་ཡིན་ན་སློབ་ཚན་ངེས་པར་དུ་ཤེས་པ་ཞིག་དགོས་ལ། གལ་ཏེ་ལག་འཁྱེར་དང་ཡིག་རྒྱུགས་མཐོན་པོ་ཞིག་གཏོང་བའི་ཆེད་དུ་ཡིན་ན་ནི་སློབ་ཚན་ཚང་མ་བློར་བཟུང་སྟེ་ཉིན་ལྟར་བློ་འཛིན་གནང་ནས་བསྡད་ན་འཐུས་པ་ལས་སློབ་གྲྭ་དང་འཛིན་གྲྭ་སོགས་ལ་བཅར་དགོས་དོན་མེད། 

 དེས་ན། ཁྱེད་ཉིད་ཀྱིས་སློབ་ཚན་ཤེས་དགོས་སམ། སློབ་ཚན་ཚར་དགོས། དེ་ནི་ཁྱེད་ལ་བཞག་པའི་གདམ་ཁ་ཞིག་ཡིན།  དེས་ན་བོད་ཀྱི་ཤེས་རིག་སྲིད་ཇུས་ཀྱི་དགོངས་དོན་བཞིན་སློབ་ཚན་འཁྲིད་ཐབས་རྣམས་ལག་བསྟར་གནང་གང་ཐུབ་དང་། འབྱུང་འགྱུར་གྱི་སློབ་ཕྲུག་དང་དགེ་རྒན་རྣམས་རང་དབང་གི་རྣམ་དཔྱོད་ལྡན་པའི་བོད་མི་ཞིག་ཏུ་འགྱུར་ཐབས་ཅིས་ཀྱང་གནང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་སྙམ། འདི་ནི་ཁོ་བོ་རང་གི་བསམ་ཚུལ་ལས་སྤྱི་ཚོགས་དང་ཚོགས་སྡེ་གང་དང་ཡང་འབྲེལ་བ་མེད་པས་དེ་དོན་དགོངས་འཇགས་ཞུ་རྒྱུ་དང་། དགག་བཞག་གི་དགོངས་ཚུལ་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན། ༢༠༡༢། ༡༡། ཉིན་བྷུན་ཏར་དཔེ་མཛོད་ཁང་ནས།