Monday, October 22, 2012

ཨིན་ཡིག་གི་Verb དང་བོད་ཡིག་གི་བྱ་ཚིག་བར་གྱི་ཁྱད་པར།



༢། ཨིན་ཡིག་གི་Verb དང་བོད་ཡིག་གི་བྱ་ཚིག་བར་གྱི་ཁྱད་པར། 

ཨིན་ཡིག་གི་Verb ཞེས་པ་དེ་ནི་བྱ་བ་སྟོན་པ་འམ་གནས་དང་ཡིན་པར་སྟོན་པའི་མིང་ཚིག་ཅིག་ལ་ཟེར་ཞིང་། དེ་ཡང་དཔེར་ན། I love Tibet ང་བོད་ལ་དགའ་ཞེས་པའི་love དེ་བྱ་ཚིག་ཡིན་ཞིང་། དེ་ལ་ཨིན་སྐད་ཀྱི་བརྡ་སྤྲོད་ནས་Action Verb བྱ་བ་སྟོན་པའི་Verb ཞེས་བརྗོད་ཅིང་། དེ་ནི་བོད་ཀྱི་བརྡ་སྤྲོད་ནས་བཤད་པའི་བྱ་ཚིག་ཀྱང་ཡིན། I am Tibetan ང་བོད་པ་ཡིན། ཞེས་པའི་ནང་གི་am ཡིན་ཞེས་པ་དེ་ནི་ཨིན་ཇིའི་བརྡ་སྤྲོད་ནས་བཤད་པའི་ Verb  ཡིན་ཞིང་། དེ་རིགས་ལ་Sate Verb ཞེས་བརྗོད་པ་ཡིན། འདི་ནི་ཨིན་ཇིའི་བརྡ་སྤྲོད་ནང་གི་Verb ཡིན་ཡང་བོད་ཀྱི་བརྡ་སྤྲོད་ནས་བཤད་པའི་བྱ་ཚིག་ནི་ནམ་ཡང་མིན་པས་དེ་གཉིས་ཀྱི་ཁྱད་པར་དབྱེ་ཤེས་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བ་ཡིན། 

དེང་གི་ཆར་ཨིན་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་འབྲི་མཁན་མང་ཆེ་བས་དེ་གཉིས་ཀྱི་ཁྱད་པར་མ་ཕྱེ་བར་Verb ཟེེར་དུས་བྱ་ཚིག་ལ་བསྒྱུར་རྐྱང་བྱས་པ་དང་། དེ་དང་འབྲེལ་ནས། ཨིན་ཇིའི་བརྡ་སྤྲོད་ནས་བཤད་པའི་ Subject ཞེས་པ་དེ་ཡང་བྱེད་པ་པོ་རང་ལ་བསྒྱུར་འདུག་ཅིང་། དེ་ལྟར་བསྒྱུར་ན་ཡེ་ནས་མི་འགྲིགས་ཏེ། དེ་ལ་སྐྱོན་གཉིས་ལས་དང་པོ། I am Tibetan ང་བོད་པ་ཡིན་ཞེས་པའི་ནང་ང་དེ་ཨིན་ཇིའི་བརྡ་སྤྲོད་ནས་བཤད་པའི་Subject ཡིན་ཡང་བྱེད་པ་པོ་མིན་ཏེ་དེས་བྱ་བ་གང་ཡང་མི་བྱེད་པས་སོ། ། དེས་མཚོན་ནས་State Verb ཙམ་གྱིས་བརྗོད་པ་གྲུབ་པའི་ Subject ཡོད་དོ་ཅོག་བོད་ཀྱི་བརྡ་སྤྲོད་ནས་བཤད་པའི་བྱེད་པ་པོ་ནམ་ཡང་མིན་པར་ནི་ཀུན་གསལ་ཡིན། 



སྐྱོན་གཉིས་པ། Action Verb བྱ་བ་སྟོན་པའི་བྱ་ཚིག་ཡིན་པའི་དབང་དུ་བཏང་ཡང་། Subject ཞེས་པ་དེ་བྱེད་པ་པོ་ལ་གོ་བའི་ངེས་པ་གཏན་ནས་མེད་དེ། དཔེར་ན། ཨིན་སྐད་ཀྱི་Active Voice and Passive Voice ཞེས་པའི་ནང་། I ate an apple ངས་ཀུ་ཤུ་ཞིག་བཟས་པ་ཡིན། ཞེས་པའི་ནང་གི་བྱེད་པ་པོ་དང་Subject གཉིས་ཀ་ I ང་   ཡིན་པ་དོགས་པ་མེད་ཀྱང་། ཚིག་སྒྲུབ་དེ་ Passive དུ་བསྒྱུར་བའི་སྐབས་ An apple was eaten by me. ཀུ་ཤུ་དེ་ངས་བཟས་པ་ཡིན། ཞེས་པའི་ནང་། An apple དེ་ཨིན་ཇིའི་བརྡ་སྤྲོད་ནས་བཤད་པའི་Subject ཡིན་ཡང་དེ་ནི་བྱེད་པ་པོ་གཏན་ནས་མིན། ཀུ་ཤུ་དེ་བྱེད་པ་པོར་འགྱུར་ན་བྱ་བའི་ཡུལ་དེ་  ང་ ཡིན་པར་འགྱུར་བས་ཀུ་ཤུས་ང་བཟས་པར་སྟོན་དགོས་པར་འགྱུར། 

དེས་ན་ཨིན་ཇིའི་བརྡ་སྤྲོད་ནས་བཤད་པའི་Subject དང་བྱེད་པ་པོ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་ནི་ཅིས་ཀྱང་མཁྱེན་དགོས་པའི་གནད་ཀ་ཞིག་ཡིན་ལ་ལྷག་པར་དུ་ཨིན་བོད་གཉིས་ཀའི་ཤེས་ཚད་གང་འཚམ་ཡོད་མཁན་རྣམས་ཀྱིས་འདི་རིགས་ལ་ཞིབ་འཇུག་ནན་པོ་དགོས་པ་ལས་འོལ་ཚོད་ཙམ་གྱིས་སྨྲ་བ་དང་ཐག་བཅད་པ་ནི་ཤིན་ཏུ་ནས་མི་འཚམ་མོ།།
བོད་ཀྱི་བརྡ་སྤྲོད་སྨྲ་བའི་མཁས་པར་གྲགས་པ་ཞིང་གཤེགས་མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་མཛད་པའི་བོད་ཀྱི་སྒྲ་རིག་པའི་གནས་ལ་དཔྱོད་པ་གསལ་བའི་མེ་ལོང[1]་ནང་དུ་ཡང་། བྱེད་པ་པོ་ཞེས་པ་དེ་Subject ལ་བསྒྱུར་བ་དང་། ད་དུང་ང་བོད་པ་ཡིན་ཞེས་པའི་མཚོན་ན་ང་ནི་ བྱེད་པ་པོ་དང་། བོད་པ་ཡིན་ནི་བྱ་བ་ཡིན་ཞེས་ཁ་ཚོན་བཅད་ནས་བྲིས་འདུག་པ་ནི་མཁས་པའི་མཉམ་པར་མ་བཞག་པའམ་ཡང་ན་ཨིན་བོད་གཉིས་ཀའི་བརྡ་སྤྲོད་ལ་ཉམས་ཞིབ་དེ་ཙམ་མེད་པའི་གཏམ་ཞིག་མིན་འགྲོ་སྙམ།
དེབ་འདི་རིགས་དེང་གི་ཆར་སློབ་གྲྭ་ཁ་ཤས་ནང་བསླབ་གཞིར་གཏན་འབེབས་གནང་ཡོད་པས་བསླབ་གཞིའི་ནང་དེ་རིགས་ཀྱི་འཁྲུལ་བ་ཡོད་ན་སློབ་མ་ཚོས་ནོར་བ་སྦྱོང་བ་དང་གཅིག་མཚུངས་སུ་སྣང་བས་དེ་རིགས་ལ་སྐབས་མཚམས་སུ་གསལ་བཤད་དགོས་རྒྱུ་གལ་ཆཻན་པོ་ཡིན་པ་ནི་གོར་མ་ཆག
དེས་ན། Subject ཞེས་པ་དེ་ལ་བྱེད་པ་པོ་ཞེས་བསྒྱུར་ན་མི་འགྲིགས་པས། དེ་ལ་བརྗོད་དོན་གཙོ་བོ་ཞེས་བསྒྱུར་དགོས་ཤིང་། Verb ཞེས་པ་དེ་ཡང་བྱ་ཚིག་ཏུ་མི་བསྒྱུར་བར་བྱ་བའམ་གནས་སྟོན་པ་ཞེས་བསྒྱུར་དགོས། དེ་ནི་ཤིན་ཏུ་འཐད་དེ། Active Voice ནང་གང་བྱེད་པའི་བྱེད་པ་པོ་དེ་གཙོ་བོ་དང་། Passive Voice ནང་བྱ་བའི་ཡུལ་དེ་གཙོ་བོ་ཡིན་པས། An Apple was eaten by me
ཞེས་པའི་ནང་གང་བཟའ་རྒྱུའི་ཀུ་ཤུ་དེ་གལ་ཆེ་བས་ An apple དེ་བརྗོད་དོན་གཙོ་བོ་ཡིན་པས་ Subject ཞེས་པ་དེ་ཡིན།
ཡིན་ཡང་འདི་ནི་བྱ་བ་བྱེད་མཁན་དེ་མིན་པས་བྱེད་པ་པོ་གཏན་ནས་མིན།
འདིའི་ཐད་ཨིན་བོད་གཉིས་ཀའི་ཐོག་མཁྱེན་དཔྱོད་མཆོག་ཏུ་ཡངས་པ་མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་དེང་དུས་དབྱིན་ཡིག་སྦྱོང་དེབ་[2]ཅེས་པའི་ནང་ཤིན་ཏུ་གསལ་ཞིང་། ལྷག་པར་དུ། ༸སྐུའི་གསུང་སྒྱུར་མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བརྩམས་པའི་བོད་སྐད་ཀྱི་བརྡ་སྤྲོད་སྨྲ་སྒོའི་ལྡེ་མིག[3]་ཅེས་པའི་ནང་དུའང་གསལ་བས་ཁོང་རྣམས་ནི་ཨིན་བོད་གཉིས་ཀའི་མཁྱེན་དཔྱོད་ལྡན་པ་ཞིག་ཡིན་པས་ཨིན་བོད་བརྡ་སྤྲོད་ཀྱི་མཐུན་མོང་མིན་པའི་ཁྱད་ཆོས་རྣམས་ཤེས་ཐུབ་པ་ཡིན།
ན་ཚོད་འདབ་མ་ཆེར་ཕྲ་ཡང་།།
ཨིན་བོད་བརྡ་སྤྲོད་ཟུང་འབྲེལ་གྱི།།
མེ་ཏོག་ཟེའུ་འབྲུ་རྒོད་པ་འདིས།།
མཁས་པའི་ཚོགས་རྣམས་དགའ་སྟོན་གྱིས།།
      ཞེས་པ་འདི་ཡང་བར་སྐབས་ཀྱི་དྲེགས་པ་དང་འདྲེས་པའི་ཉམས་དགའ་བའི་གཏམ་མོ། །



[1] མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བྲིས་པའི་བོད་ཀྱི་སྒྲ་རིག་པའི་གནས་ལ་དཔྱོད་པ། ཤོག་གྲངས།  
[2] མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་དེང་དུས་དབྱིན་ཡིག་སྦྱོང་དེབ། ཅེས་པའི་ཤོག་གྲངས།
[3] མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བརྩམས་པའི་སྨྲ་སྒོའི་ལྡེ་མིག ཤོག་གྲངས།