Monday, October 22, 2012

བྱ་ཚིག་དང་མིང་ཚིག་བར་གྱི་ཁྱད་པར།

༡། བྱ་ཚིག་དང་མིང་ཚིག་བར་གྱི་ཁྱད་པར།
              བོད་ཀྱི་བརྡ་སྤྲོད་ནས་བཤད་པའི་བྱ་ཚིག་དང་མིང་ཚིག་གི་ཁྱད་པར་ནི་ཅུང་སླ་བ་ཞིག་སྟེ། མིང་ཚིག་ཅེས་པ་དེ་ནི་དངོས་པོ་དེའི་ངོ་བོ་དང་ཁྱད་ཆོས་སྟོན་པ་ཙམ་ལས་བྱ་བའམ་ལས་སུ་བྱེད་པ་མི་སྟོན་པ་ཞིག་དགོས་ཤིང་། བྱ་ཚིག་ཅེས་པ་དེ་ནི་ལས་སམ་བྱ་བ་གང་ཞིག་སྟོན་པའི་ཁྱད་པར་དུ་བྱེད་པ་ཞིག་ཡིན། བོད་ཀྱི་བརྡ་སྤྲོད་ནང་མིང་ཚིག་མང་ཆེ་བ་ཞིག་མིང་ཚིག་ཙམ་དང་བྱ་ཚིག་ཡིན་མིན་ལས་སླ་བོའི་ཐོག་ནས་ཤེས་ཐུབ་ཀྱང་། མིང་ཚིག་ཁ་ཤས་བྱ་ཚིག་ཡིན་མིན་བརྗོད་དཀའ་བ་དང་མཁས་པའི་འདོད་ཚུལ་མི་འདྲ་བ་དེ་འདྲའང་མཆིས། 

              དཔེར་ན། དཀར། ཞེས་པ་དེ་མཚོན་དཀར་བའི་མིང་ཡིན་ཡང་མཁས་པ་ལ་ལས་དེ་བྱ་བའི་ཚིག་ཏུ་བཞག་ཅིང་ད་དུང་དེ་ལ་དུས་གསུམ་གྱི་རྣམ་གཞག་ཀྱང་ཕྱེས་འདུག དེ་ཡང་། རང་བཞིན་གྱིས་དཀར་བར་འགྱུར་བ། དཀར་བཞིན་པ། དཀར་ཟིན་པ། ཞེས་[1]མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་རྟགས་འཇུག་འགྲེལ་བའི་ནང་གསལ་འདུག་ན་དེ་ནི་དོགས་པའི་གནས་ཤིག་ལས་ལས་ལེན་རུང་མིན་བརྗོད་དཀའ་བ་ཞིག་རེད།  གལ་ཏེ་དཀར་ཞེས་པ་དེ་བྱ་ཚིག་ཡིན་ན། དམར་སེར་ལྗང་སོགས་ཁ་དོག་མཚོན་པའི་མིང་ཚིག་ཐམས་ཅད་བྱ་ཚིག་ཡིན་དགོས་པ་དང་། དེ་ཡིན་ན། རིང་ཐུང་མཐོ་དམའ་སོགས་དབྱིབས་མཚོན་པའི་མིང་ཚིག་ཐམས་ཅད་ཀྱང་བྱ་ཚིག་ཡིན་པ་ནི་རིང་ཐུང་སོགས་ལ་རང་བཞིན་གྱིས་ཐུང་དུ་ཕྱིན་པ་ཞེས་དང་། ཚེག་གཅིག་གིས་མཐོ་བ་སོགས་ཀྱང་སྦྱོར་རུང་བ་ཡིན་པས་དེ་དག་ཀྱང་བྱ་ཚིག་ཡིན་པར་ཐལ་ཞིང་། འདོད་ན་ཁྱད་ཆོས་བརྗོད་པའི་མིང་ཡོད་དོ་ཅོག་བྱ་ཚིག་ཏུ་འགྱུར་བའི་དོགས་པ་ནི་རྟོག་ལྡན་ལ་སྐྱེས་པའི་དོགས་པ་ཞིག་ཅིས་ཀྱང་ཡིན།

            ད་དུང་ཡིན་སོགས་ཀྱི་རྗེས་ཀྱང་དང་ཡང་གང་སྦྱོར་དགོས་མིན་ཐད་མཁས་པའི་བཞེད་ཚུལ་མི་མཐུན་ཞིང་། མཁས་པ་གཅིག་གི་གསུང་ནའང་ཡིན་ཀྱང་དང་ཡིན་ཡང་གཉིས་ཀ་འབྱུང་བས་གང་དག་པ་ཡིན་མིན་དཔྱོད་པའི་སྐབས་ཡིན་ཞེས་པ་དེ་བྱ་ཚིག་ཡིན་པས་མ་འོངས་པ་དང་ད་ལྟ་བ་ལ་ཡིན་རང་དང་། འདས་པ་ལ་ཡིནད་ཡིན་པས་དེ་ལ་ཀྱང་སྒྲ་ཐོབ་པ་ཡིན་ཞེས་ཀྱང་གསུང་མཁན་འདུག་ན་ཡིན་ཞེས་པ་དེ་ཨིན་སྐད་ནས་བཤད་པའི་Verb ཡིན་ཡང་བོད་ཀྱི་བརྡ་སྤྲོད་ནས་བཤད་པའི་བྱ་ཚིག་ཡིན་ན་ཡོད་དང་རེད་སོགས་ཀྱང་བྱ་ཚིག་ཏུ་འགྱུར་བའི་དོགས་པ་ཡང་སོ་ན་གནས་སོ། [2]


[1] ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་རྟགས་འགྲེལ་མུན་སེལ་གྱི་མཇུག་ཏུ་དུས་གསུམ་རེའུ་མིག་ནང་དུ་གསལ།
[2] ཐེངས་གཅིག་རྒན་བེ་རི་འཇིགས་མེད་ལགས་ཀྱིས་གསུངས་ཤིང་།  ད་དུང་དཔྱད་དགོས་པ་ཞིག་འདུག