Sunday, October 28, 2012

མགར་སྟོང་བཙན།




བོད་ཀྱི་ལོ་རྒྱུས་ནང་མཛད་རྗེས་རླབས་ཆེ་བའི་མགར་སྟོང་བཙན་ནི། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་ཆེན་སྐད་གྲགས་ཆེ་ཤོས་དེ་ཡིན་པ་དང་། ཁོང་གི་འཁྲུངས་ཡུལ་ནི་སྟོང་ལུང་རམ་པ་ཞེས་པ་དེ་ཡིན།
 
ཁོང་གི་མི་ཚེའི་ནང་བྱས་རྗེས་ཆེ་ཤོས་ནི། ཆོས་རྒྱལ་སྲོང་བཙན་སྒོམ་པོའི་དུས་སུ་བལ་ཡུལ་ནས་བལ་བཟང་གདན་དྲངས་པ་དང་། རྒྱ་ནག་ནས་རྒྱ་བཟའ་ཀོང་ཇོ་གདན་དྲངས་པ་སོགས་དང་། དེ་བཞིན་ཁོང་ནི་དམག་དང་སྲིད་ཇུས་ཤིན་ཏུ་མཁས་པའི་ཁར་ལྷན་སྐྱེས་ཀྱི་བློ་རིག་ཀྱང་ཤིན་ཏུ་རྣོ་སྟབས། སྲོང་བཙན་གྱིས་ཆབ་སྲིད་བསྐྱངས་པའི་རིང་ཁོང་གི་ཕྱོགས་གང་ཐད་ནས་ཞུབས་ཞུ་བླ་མེད་ཞུས་ཡོད།
དེང་གི་ཆར་མགར་སྟོང་བཙན་གྱི་བློ་རིག་ཇི་ལྟར་སྤྱད་ཡོད་མེད་ཀྱི་ལོ་རྒྱུས་དང་སྒྲུང་འདྲེས་པ་དེ་འདྲ་མང་དུ་འབྱུང་བཞིན་པ་ཡིན་ལ། རྒྱ་ནག་ནས་རྒྱ་བཟའ་ཀོང་ཇོ་བཙུན་མོར་བླངས་དུས་ཐང་གོང་མས་ཀོང་ཇོ་མ་གནང་བའི་དུས་སུ་བློ་རིག་འདྲ་མིན་སྤྱད་ཡོད་པ་རེད་ཅེས་ལོ་རྒྱུས་ཁག་མང་པོའི་ནང་གསལ་ཡོད།
 
ཁོང་གི་མཛད་རྗེས་ཆེ་ཤོས་ཤིག་ནི། ས་ཞིང་རྣམས་དུམ་བུ་དང་སྡེ་ཚན་ལྔ་རུ་ཕྱེ་ནས་ཁྲལ་བསྡུ་བའི་ལམ་ལུགས་གསར་གཏོད་མཛད་པ་དེ་ཡིན།
ཁོང་གི་ཚེ་སྨད་དུ་འ་ཞའི་ཡུལ་དང་གྲུ་གུའི་ཡུལ་བཅས་སུ་མཐའ་སྲུང་བློན་ཆེན་གྱི་ལས་ཁུར་ཞུས་ནས་ལོ་བཅུ་གཉིས་ཙམ་རིང་དེ་གར་བཞུགས་པ་རེད།
 
དེ་ནས་ཚུར་ཕེབས་ཁར་༦༦༧ལོར་ཚ་ནད་ཅིག་གི་རྐྱེན་བྱས་ཏེ་སྐུ་གྲོངས་པ་རེད། བློན་ཆེན་མགར་སྟོང་བཙན་རང་ཉིད་ནི་ཆེས་རླབས་ཆེ་བའི་བློན་ཞིག་དང་རྒྱལ་པོ་ལ་ལྷག་བསམ་རྣམ་དག་ཞུ་མཁན་ཞིག་ཡིན་ཡང་། ཁོང་གི་སྲས་རྣམས་ཀྱིས་སྔ་རྗེས་སུ་རྒྱལ་པོ་ལ་ངོ་ལོག་སྟེ་མཐར་སྲས་མང་པོ་ཞིག་བཙོན་འཇུག་དང་སྐུ་སྲོག་བཀྲོངས་པའི་གནས་ཚུལ་བྱུང་བ་རེད།
 
གང་ལྟར་ཡང་། མགར་སྟོང་བཙན་ཞེས་གྲགས་པ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་ཆེས་ཤིན་ཏུ་སྐད་གྲགས་ལྡན་པ་། ཆོས་རྒྱལ་སྲོང་བཙན་སྒོམ་པོས་ཆབ་སྲིད་བསྐྱངས་སྐབས་ཕྱོགས་གང་ཐད་ནས་མཛད་རྗེས་རླབས་ཆེན་བཞག་མྱོང་བའི་མི་སྣ་ཞིག་ཡིན།