མངའ་བདག་འོད་སྲུང་།
མངའ་བདག་འོད་སྲུང་ནི་བོད་ཀྱི་རྒྱལ་རབས་ཞེ་གཉིས་ཀྱི་ནང་དུ་མི་ཚུད་པའི་རྒྱལ་པོ་ཞིག་ཡིན་པ་དང་། ཁོང་ནི་ཡབ་འུ་དུམ་བཙན་པོའམ་གླང་དར་མར་གྲགས་པ་དང་ཡུམ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་། ཁོང་གི་ཡུམ་ནི་བཙུན་ཆུང་བ་ཡིན་པ་དང་། ཁོང་མོ་ལ་སྲས་ཤིག་འཁྲུངས་པ་དང་བཙུན་མོ་ཆེ་བས་ཕྲག་དོག་གིས་མ་བཟོད་ནས་ཁོང་མོ་ལའང་མདང་དགོང་སྲས་ཤིག་འཁྲུངས་ཞེས་བྱིས་པ་ཆུང་ཆུང་ཞིག་བཏོན་པ་དང་། དེ་ནི་སྲས་དངོས་མིན་པར་ཀུན་གྱིས་མཁྱེན་ཡང་ཡུམ་གྱི་བཀའ་ཤིན་ཏུ་བཙན་ཅིང་བརྟན་པས་སྲས་ཀྱི་མཚན་ལའང་མངའ་བདག་ཡུམ་བརྟན་ཞེས་བཏགས་པ་དང་། དེའི་སྐབས་བཙུན་མོ་ཆུང་བས་རང་གི་སྲས་ལ་ཉེན་ཁ་འཕྲད་དོགས་ཀྱིས་ཉིན་མོར་ཉི་མའི་འོད་དང་མཚན་མོས་སྒྲོན་མེའི་འོད་ལ་བརྟེན་ནས་སྲུང་བས་མཚན་དུ་མངའ་བདག་འོད་སྲུང་ཞེས་ཐོགས།
སྲས་གཉིས་ནར་སོན་པ་ན་ཁོང་གཉིས་ཀྱི་ཡུམ་གཉིས་མ་འཆམ་པ་དང་། ཡུམ་སོ་སོའི་ཕྱོགས་གཏོགས་ཀྱི་བློན་པའི་ཚོགས་ཀྱང་དུམ་བུ་གཉིས་སུ་ཆག་ནས་བོད་ནང་དུམ་བུ་གཉིས་ཀྱི་འཐབ་རྩོད་ངར་མ་དེ་བྱུང་བ་དང་། དེ་ནས་འོད་སྲུང་གིས་མངའ་རིས་ཕྱོགས་སུ་དབང་བསྒྱུར་དང་། ཡུམ་བརྟན་གྱིས་མདོ་སྨད་ཕྱོགས་སུ་དབང་བསྒྱུར་བྱས་ཏེ་བོད་སིལ་བུ་འཐོར་བའི་མགོ་ཚུགས་པ་རེད།
དེ་ནས་འབངས་གྱེན་ལོག་བྱས་ཤིང་། བོད་སྤྱི་ལ་ཁྱབ་པའི་རྒྱལ་པོ་ཡང་མེད་པས་དབང་དུ་བསྡུས་མ་ཐུབ་པར་བོད་ཀྱི་ཡུལ་ལུང་གང་སར་གྱེན་ལོག་དང་ཟིང་སློང་དུ་མ་བྱུང་སྟེ། མཐར་སོག་པོའི་རྒྱལ་པོ་ཇི་གིར་སི་ཁང་དམག་དཔུང་གིས་སྤྱི་ལོ་༡༢༠༠ ཙམ་ལ་བོད་དུ་བཙན་བཟུང་བྱས་ཤིང་། སྤྱི་ལོ་༡༢༥༣ ཙམ་ནས་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་སྤྱི་ལ་དབང་མ་བསྒྱུར་བར་བོད་སྤྱི་ལ་ཁྱབ་པའི་དཔོན་པོ་དང་གཞུང་ཞིག་མེད་པར་ལུས་པ་རེད།
བོད་ཉམས་ཆག་འགྲོ་བའི་མགོ་འདི་ནས་བཙུགས་པ་རེད་ཅེས་ལོ་རྒྱུས་སྨྲ་བ་མང་པོས་གསུང་གི་ཡོད་ལ། གཅིག་བྱས་ན་བདེན་དོན་ཞིག་ཀྱང་ཡིན་སྲིད་པ་རེད།