གྲྭ་རྐྱང་གི་སེམས་པ། སྦག་སུ་ཡི་ཆུ་རྩེད།
རླུང་བུ་རླུང་གིས་དེད་པའི་ཁུགས་སོ་ནས།།
གྲྭ་རྐྱང་ལུས་སེམས་གཉིས་ཀྱང་དེད་ནས་སོང་།།
གང་དུ་སླེབས་མིན་ཡེ་ནས་མི་ཤེས་ལ།།
གང་ནས་འོངས་པའང་ད་གཟོད་བརྗེད་ནས་ཐལ།།
རྐང་པ་གང་དུ་འཇོག་པ་ཕ་ཡུལ་དང་།།
ཉལ་ས་གང་ན་རག་པ་ཁྱིམ་ཚང་ལས།།
ནང་དང་ཁྱིམ་གྱི་ཐ་སྙད་དྲོན་མོ་དེ།།
ང་ཡི་མི་ཚེ་འདི་ལ་མེད་སོང་ཐལ།།
ང་ཡི་ལུས་ལ་གཟན་ཤམ་རལ་པོ་ཞིག།།
ང་ཡི་ལག་ན་དེབ་སྨྱུག་ཐེབས་ཆག་ཅིག།།
ང་ཡི་འཁྲིས་སུ་གྲྭ་རྐྱང་སྐམ་པོ་འགའ།།
ང་ཡི་མི་ཚེ་འདི་ལ་གཉིས་མེད་ཟེར།།
དབང་ཆེན་རྟེན་འབྲེལ་རྒྱལ་མོའི་བཀའ་ཤོག་འོག།།
མི་ཚེ་ཡུད་ཀྱིས་རྫོགས་པ་གཤིས་ལུགས་ཤིག།།
སྐྱིད་སྡུག་བར་གྱིས་བྲེས་པ་ཆོས་ཉིད་ཅིག།།
ལས་དབང་ཟེར་བ་མནའ་བོའི་བརྡ་ཆད་ཅིག།།
ཤཀྱཱ་ཐུབ་པའི་བཀའ་རྒྱ་ལྗིད་པོའི་འོག།།
མིག་རྣ་དབང་པོ་ཐམས་ཅད་བཙོན་དུ་བཙུད།།
འདོད་ཡོན་ལྔ་པོ་གོང་དུ་ཕུལ་བ་ལས།།
རང་དང་རིང་དུ་གྱུར་འདི་ཡིད་རེ་མུག།།
ཕྱག་དཔེ་མཐུག་པོའི་ནང་གི་སྦུགས་མཛོད་དུ།།
གཟུགས་ནས་རྣམ་མཁྱེན་བར་གྱི་ནོར་བུ་འཚེར།།
གཉིས་མེད་གྲྭ་རྐྱང་ཁོ་བོའི་ལོངས་སྤྱོད་ནི།།
སྟོང་པའི་དབྱིངས་སུ་བཞུགས་པ་ཡིད་རེ་སྐྱོ།།
བུ་དང་བུ་མོའི་འདོད་ཡོན་སྤྱོད་པའི་ཡུལ།།
རྡ་རམ་ཤ་ལའི་ནགས་ཀླུང་སྟུག་པོ་དེར།།
གྲྭ་རྐྱང་འགའ་ཡིས་སྦག་སུ་ཆུ་ངོགས་ན།།
ཆུ་རྩེད་བགྱིས་པའི་རྒོད་སྒྲ་ལྷག་པར་སྙན།།
ཀུན་གྱིས་བྱས་པ་གྲྭ་པས་མི་ཆོག་ལ།།
ཀུན་ལ་འཇུག་པ་གྲྭ་པས་མི་རུང་བས།།
སྦག་སུ་ཆུ་རྩེད་འགྱེད་ཀྱང་མྱི་ཁ་ཡིས།།
སྡང་ཡོང་བསམ་ནས་སེམས་པ་རྔམ་གྱིས་བསྡམས།།
ཨོ་ཤོ་མཁས་པའི་ལྟ་གྲུབ་བང་མཛོད་ན།།
རང་ཉིད་རང་གི་འདུ་ཤེས་འཛིན་ལུགས་དེས།།
འཇིག་རྟེན་མི་ཡིས་ཇི་ཙམ་འཕྱ་ན་ཡང་།།
རང་ཉིད་ངོ་བོ་འཛིན་པའི་སྟོབས་ཤུགས་བྱིན།།
འདས་དོན་ཕྱིར་དྲན་བྱེད་ན་ཕངས་སེམས་ཤིག།།
མ་འོངས་སྔོན་བསུ་བྱེད་ན་རྙོག་འཛིང་ཞིག།།
ད་ལྟ་སྐྱིད་པོ་གཏོང་ན་བདེ་སྐྱིད་ཅིག།།
བེ་རི་སྨྱོན་ཕྲུག་སྐྱིད་པའི་རྒོད་སྒྲ་སྒྲོག །
༢༠༡༡།༣།༢༦ཉིན་རྡ་རམ་ཤ་ལ་ནས།
མིག་རྣ་དབང་པོ་ཐམས་ཅད་བཙོན་དུ་བཙུད།།
འདོད་ཡོན་ལྔ་པོ་གོང་དུ་ཕུལ་བ་ལས།།
རང་དང་རིང་དུ་གྱུར་འདི་ཡིད་རེ་མུག།།
ཕྱག་དཔེ་མཐུག་པོའི་ནང་གི་སྦུགས་མཛོད་དུ།།
གཟུགས་ནས་རྣམ་མཁྱེན་བར་གྱི་ནོར་བུ་འཚེར།།
གཉིས་མེད་གྲྭ་རྐྱང་ཁོ་བོའི་ལོངས་སྤྱོད་ནི།།
སྟོང་པའི་དབྱིངས་སུ་བཞུགས་པ་ཡིད་རེ་སྐྱོ།།
བུ་དང་བུ་མོའི་འདོད་ཡོན་སྤྱོད་པའི་ཡུལ།།
རྡ་རམ་ཤ་ལའི་ནགས་ཀླུང་སྟུག་པོ་དེར།།
གྲྭ་རྐྱང་འགའ་ཡིས་སྦག་སུ་ཆུ་ངོགས་ན།།
ཆུ་རྩེད་བགྱིས་པའི་རྒོད་སྒྲ་ལྷག་པར་སྙན།།
ཀུན་གྱིས་བྱས་པ་གྲྭ་པས་མི་ཆོག་ལ།།
ཀུན་ལ་འཇུག་པ་གྲྭ་པས་མི་རུང་བས།།
སྦག་སུ་ཆུ་རྩེད་འགྱེད་ཀྱང་མྱི་ཁ་ཡིས།།
སྡང་ཡོང་བསམ་ནས་སེམས་པ་རྔམ་གྱིས་བསྡམས།།
ཨོ་ཤོ་མཁས་པའི་ལྟ་གྲུབ་བང་མཛོད་ན།།
རང་ཉིད་རང་གི་འདུ་ཤེས་འཛིན་ལུགས་དེས།།
འཇིག་རྟེན་མི་ཡིས་ཇི་ཙམ་འཕྱ་ན་ཡང་།།
རང་ཉིད་ངོ་བོ་འཛིན་པའི་སྟོབས་ཤུགས་བྱིན།།
འདས་དོན་ཕྱིར་དྲན་བྱེད་ན་ཕངས་སེམས་ཤིག།།
མ་འོངས་སྔོན་བསུ་བྱེད་ན་རྙོག་འཛིང་ཞིག།།
ད་ལྟ་སྐྱིད་པོ་གཏོང་ན་བདེ་སྐྱིད་ཅིག།།
བེ་རི་སྨྱོན་ཕྲུག་སྐྱིད་པའི་རྒོད་སྒྲ་སྒྲོག །
༢༠༡༡།༣།༢༦ཉིན་རྡ་རམ་ཤ་ལ་ནས།