ཁྱེད་སུ་ཡིན།
དབྱར་ཀའི་ལྷགས་རླུང་རྩུབ་མོ་དེ་ཡིས་ལྗོན་ཤིང་ཚོགས་ཀྱང་འདར་བ་བསྟེན།།
ཕྱི་བསྐྱོད་བཀའ་རྒྱ་དམ་དུ་བསྡམས་དུས་ཤག་ཏུ་མ་བསྡད་ཀ་མེད་གྱུར།།
རང་ཤག་ནར་མའི་སྒེའུ་ཁུང་གསེབ་ནས་ཕྱི་ཡི་མཛེས་སྡུག་ལོངས་སུ་སྤྱོད།།
མིག་ཟུང་བཙུམ་ནས་བསམ་གཞིགས་བྱེད་དུས་མཛའ་གྲོགས་ཁྱེད་ཉིད་དལ་གྱིས་དྲན།།
སུ་དང་གང་སོགས་དྲི་བ་མང་པོས་ང་ཡི་སེམས་སུ་འཚང་ཁ་ཞིག།
དྲི་བ་གཅིག་གི་ལན་ཡང་མ་ཐེབས་ད་དུང་དྲི་རྟགས་མང་དུ་ཕྱིན།།
དོགས་འཆར་ཁྲོད་ནས་མཛའ་གྲོགས་ཁྱེད་ཉིད་ཉིན་ལྟར་དྲན་དོན་ཅི་ལགས་སམ།།
དེང་རབས་ངོ་དེབ་དྲ་རྒྱའི་བརྒྱུད་ནས་ངོ་གདོང་མེད་པའི་གྲོགས་ཤིག་རྙེད།།
མི་ཡི་རི་མོ་ངོ་ལ་མེད་པས་ངོ་གདོང་ཡེ་ནས་མི་འཚོལ་བར།།
ཐར་ཐོར་ཚིག་འབྲུ་ཁ་ཤས་བྲིས་ནས་དྲ་གྲོགས་ཤིག་གི་འདུ་ཤེས་བསྟེན།།
དུས་ཀྱི་འཁོར་ལོ་ཤུགས་ཀྱིས་བསྐྱོད་པས་ནམ་དང་ཟླ་བ་ཡུད་ཀྱིས་རྫོགས།།
སེམས་དང་བསམ་པ་མཐུན་པར་གྱུར་ན་ཡུལ་གྱི་བསྐལ་བས་མི་ཆོད་པས།།
ཨིན་བོད་འདྲེས་མའི་ཁ་བརྡ་འགའ་ཡིས་སེམས་ཀྱི་སྐད་ཆ་བཤད་པར་བརྩམས།།
རང་འགྲེལ་མེད་པའི་ཚོར་སྣང་ཞིག་གིས་ང་ཡི་ལུས་སེམས་ཡོངས་སུ་འཁྱུད།།
དྲིས་ལན་མེད་པའི་དྲི་རྟགས་ཤིག་གིས་ཁོ་བོའི་རྗེས་དུ་རྟག་ཏུ་དེད།།
ངོ་དེབ་དྲ་རྒྱའི་སྒྱུ་འཕྲུལ་ཞིག་གིས་འཛམ་གླིང་ཟླུམ་པོ་ཆུང་དུ་བཏང་།།
གསུང་རབ་ནང་གི་ཕྱོགས་བཅུའི་འཇིག་རྟེན་ཚིག་གི་དབྱེ་བ་ཙམ་དུ་བསྒྱུར།།
ས་མཚམས་མེད་པའི་འབྲེལ་ཐག་འདི་ཡིས་འཛམ་གླིང་མི་མང་དམ་དུ་བཅིངས།།
ཁྱེད་དང་ང་ཡི་ལས་འབྲེལ་དེ་ཡང་ངོ་དེབ་དྲ་བའི་མཚམས་སྦྱོར་བཞིན།།
སེམས་ཀྱིས་བསམ་པ་ལག་པས་བྲིས་ནས་སེམས་ཀྱི་གསང་བ་དལ་གྱིས་འཚོལ།།
ཐད་གོ་(Voice chat)དྲ་བའི་བརྒྱུད་ལམ་འཚོལ་ནས་གང་ཁྱེད་གསུང་སྐད་དལ་གྱིས་ཐོས།།
ལག་ཐོགས་ཁ་པར་འཕྲུལ་ལམ་སྤྱད་དེ་ཁྱེད་དང་ངེད་གཉིས་སྙིང་གཏམ་གླེང་།།
མི་མངོན་དྲ་གྲོགས་སྲས་མོ་ཁྱེད་ཉིད་སྐུ་གཟུགས་བདེ་བར་བཞུགས་ལགས་སམ།།
གང་ཁྱེད་གསང་བའི་བཀའ་རྒྱ་དེ་ཡིས་གང་གི་བཞུགས་གནས་མ་ཤེས་ལ།།
སྙིང་གཏམ་གླེང་ནས་རྒྱུན་རིང་ཕྱིན་ཡང་ཁྱེད་ཀྱི་མཚན་ཙམ་མི་ཤེས་པས།།
རྨི་ལམ་ནང་གི་ལྷ་མོ་ཇི་བཞིན་རྟོག་འཆར་ཁྲོད་ཀྱི་སྲས་མོ་གང་།།
ཁྱེད་དང་ངེད་གཉིས་ལས་དབང་འདི་གོ་སྒྱུ་འཕྲུལ་ཞིག་གི་གསང་བ་ལགས།།
སེམས་ཀྱི་བརྩེ་བ་སེམས་ནས་འོངས་པས་ངོ་གདོང་རིག་པར་འབད་མ་མྱོང་།།
སྙིང་གི་མཛའ་བ་སྙིང་ནས་འབུས་པས་མིང་དང་ཁ་བྱང་འཚོལ་མ་མྱོང་།།
དྲ་གྲོགས་ཤིག་གི་རྐང་ལམ་བརྒྱུད་ནས་བརྩེ་དུང་དྲ་རུ་ཚུད་པ་དེ།།
འགྲེལ་བྱེད་མཁན་པོ་གྲགས་ཅན་དག་ཀྱང་སོམ་ཉིའི་རྒྱ་རུ་ལྷུང་བར་ངེས།།
སློབ་ཐུན་གྲོལ་ནས་བར་གསེང་ཡོད་ཚད་ངོ་དེབ་ནང་ནས་ཁ་བརྡ་བྱས།།
ཟླ་བ་ལྷ་མོའི་འཛུམ་མདངས་འོག་ཏུ་སེམས་ཀྱི་སྙིང་གཏམ་ལྷུག་པར་སྨྲ།།
ལག་ཐོགས་ཁ་པར་མྱུར་འཕྲིན་ནང་དུ་ཁྱེད་ཀྱི་འཕྲིན་ཡིག་ཁོ་ནས་གང་།།
ལྷད་མེད་མཛའ་བརྩེ་དང་མ་འདི་ཡིས་ཁྱེད་དང་ང་གཉིས་གཅིག་ཏུ་འདྲེས།།
གང་ཁྱེད་མཚན་གྱི་མགོ་བོ་ཙམ་ལས་མཚན་བཟང་སྙན་མོ་མི་ཤེས་ལ།།
བྱང་གི་སློབ་གྲྭའི་སློབ་མ་ཙམ་ལས་ཕྱོགས་དང་གནས་ཙམ་མི་ཤེས་ཀྱང་།།
ཁྱེད་ཀྱི་ལྷད་མེད་བརྩེ་དུང་དེ་ལ་ཁོ་བོས་ཡིད་ཆེས་ལོས་ཞུ་ལ།།
ང་ཡི་སེམས་ཀྱི་ཁང་ཆུང་འདི་ཡང་སྲས་མོ་ཁྱེད་ཉིད་རང་ལ་དབང་།།
ཆར་དང་རླུང་བུ་འཐབ་པ་འདི་ཡིས་ཁྱེད་ཉིད་བསྐྱར་དུ་དྲན་གསོ་གནང་།།
ད་ནི་ཁྱེད་ལ་ཁ་པར་བཏང་ནས་སྙིང་གཏམ་འགའ་ཤས་བཤད་དགོས་དྲན།།
གང་ཁྱེད་གསུང་སྐད་མངར་མོ་དེ་ལས་མི་ཟད་བདེ་བ་མྱོང་དགོས་བསམ།།
ཁྱེད་དང་ང་གཉིས་མིག་ཟུང་བཙུམ་ནས་མདུན་ནས་མདུན་དུ་བསྐྱོད་ན་སྙམ།།
གཞོན་ནུ་གཉིས་ཀྱི་ལྷད་མེད་སེམས་ལ་བརྩེ་དུང་ལྷ་ཡིས་བྱིན་གྱིས་རློབས།།
བརྩེ་དུང་དང་མའི་འགྲུལ་བཞུད་འདི་ལ་ལྷ་དང་ལྷ་མོས་འཕྲིན་ལས་མཛོད།།
དབང་ཆེན་རྟེན་འབྱུང་རྒྱལ་མོ་ཡིས་ཀྱང་གྲོགས་དང་རམ་འདེགས་མཛད་པར་སྨོན།།
མི་མངོན་བརྩེ་གྲོགས་དང་མ་ཁྱེད་ཉིད་མགྱོགས་ནས་མྱུར་དུ་མཇལ་བར་སྨོན།།