དབེན་རིའི་འཁྲེང་ཞེན།
ད་གྲྭ་རྐྱང་གི་སེམས་པ་དབེན་རི་ལ་ཤོར་སོང་།
ཡབ་ཆེན་དམ་པའི་ཁྲག་རུས་དེད་ནས་མིང་དང་རིགས་རུས་མ་བརྫེད་ཅིང་།།
དགེ་རྒན་མཁས་པའི་ཞབས་རྗེས་བསྙེགས་ནས་བླུན་པའི་གྲལ་དུ་མ་ལྷུང་ཡང་།།
བཤེས་གཉེན་དམ་པའི་རྣམ་ཐར་མཇལ་ནས་གང་གི་རྗེས་སུ་མ་ཞུགས་པར།།
འདི་ལྟར་འཁོར་བའི་གྲུ་ཁ་ཞིག་ན་མི་ཚེ་དོན་མེད་རྫོགས་འདི་སྐྱོ།།
དེབ་དང་སྙུ་གུའི་རྩེད་འཇོའི་འོག་ནས་ཤེས་བྱའི་མཛེས་མ་མང་དང་འཕྲད།།
ཕྱི་ཡི་ཤེས་བྱ་ཇི་ཙམ་སྦྱངས་ཀྱང་འཛད་དུ་མེད་པའི་རྦབ་ཆུ་བཞིན།།
ཚེ་ནི་ཡུན་ཐུང་ཤེས་བྱ་མང་བའི་ཇོ་བོ་ཆེན་པོའི་ལེགས་བཤད་འདིས།།
སྣ་མང་ཤེས་བྱའི་བསླུ་བྲིད་བོར་ནས་གྲྭ་རྐྱང་སེམས་པ་དབེན་རིར་ཤོར།།

སྤྲང་པོའི་ལམ་དུ་དལ་གྱིས་བསྐྱོད་དུས་མཐོང་ཆུང་འབུམ་གྱི་ཕྱག་དབང་གནང་།།
སྒོར་མོ་འགའ་ཡིས་ཨམ་ཕྲག་གང་ན་འདོད་པ་འཕར་མས་སེམས་ཁམས་དཀྲུགས།།
དབུལ་ཕྱུག་འཇིག་རྟེན་གྲུ་ཁ་འདི་ན་བདེ་སྐྱིད་དྲོད་ཁོལ་ཡོངས་སུ་དབེན།།
དབེན་པའི་རི་ཡི་འཕྲེང་ཞེན་དམར་པོས་གྲྭ་རྐྱང་སེམས་པ་དམ་དུ་བཅིངས།།

དོན་དམ་མཁས་པའི་རིན་ཐང་མ་ཤེས་བླུན་པའི་འོག་ཏུ་བཙན་གྱིས་བརྫངས།།
བླུན་པོ་མང་པོས་ལག་གདང་སྦྲེལ་ནས་ཟུག་རྔུ་སྟོང་གིས་གནམ་ས་བསྒུལ།།
སེམས་དཔའ་ཆེན་པོའི་སྨོན་ལམ་ཉམས་པའི་སྙིགས་མའི་དུས་ཀྱི་མཐའ་མ་འདིར།།
མགོ་མཇུག་མེད་པའི་ཁོར་ཡུག་བསྐྱུར་ནས་དབེན་པའི་བྲག་ཕུག་བསྟེན་དགོས་སྙམ།།

འདོད་པའི་ཞིང་ཁམས་གང་དུ་འགྲིམས་ཀྱང་འདོད་པའི་ཆུ་བོ་དེ་བས་འཕེལ།།
ཟང་ཟིང་འཁོར་བའི་འདུ་འཛི་འདི་ཡིས་སེམས་ཀྱི་ཞི་བདེ་རྩད་ནས་འཕྲོག།།
ད་དུང་འདི་རུ་བསྡད་ཡུན་རིང་ན་མི་ཚེ་དོན་མེད་རྫོགས་ཉེན་འདུག།།
དབེན་པའི་རི་ལ་ཡིད་ཀ་ཕྱོགས་ནས་ཐར་པའི་ལམ་སྣེ་འཚོལ་དགོས་སྙམ།།

མཁས་པ་ཆེན་པོས་མཚན་སྙན་འཚོལ་ནས་སེམས་ཁམས་སྦུགས་ནས་སྐུ་ངལ་མྱོང་།།
འབྱོར་པ་ཆེན་པོ་འདོད་རྔམ་འབར་ནས་ཁང་བཟངས་ནང་ནས་སྡུག་གིས་མནར།།
འཇིག་རྟེན་འཁོར་བའི་གྲུ་ཁ་འདི་ན་བདེ་སྐྱིད་འཚོ་བ་ཡོད་མ་ཡིན།།
དབེན་པའི་རི་ཁྲོད་གྲོགས་སུ་བསྟེན་ནས་བདེ་སྐྱིད་འོད་སྣང་འཚོལ་དགོས་སྙམ།།

མཁས་པ་ཞིག་གི་མཚན་ལ་རྔམ་ནས་ཤེས་རིག་སྦྱོང་བའི་ངལ་བ་བསྟེན།།
ཤེས་བྱ་གནས་ལུགས་ཇི་ལྟར་ཇི་ཙམ་སྦྱངས་ཀྱང་སེམས་ཀྱི་བདེ་སྐྱིད་ཡེ་ནས་མེད།།
རྙེད་དང་གྲགས་པས་སེམས་ཁམས་བཟི་བའི་ཆོས་བརྒྱད་གདོན་འདྲེ་རྒྱབ་བསྐྱུར་ནས།།
ངེས་པ་དོན་གྱི་བདེ་སྐྱིད་ཞིང་ཁམས་དབེན་པའི་རི་ཁྲོད་འགྲིམ་ན་སྙམ།།

མཁས་པ་ཞིག་གི་མཚན་སྙན་ཐོབ་ན་སེམས་ཀྱི་སྡུག་བསྔལ་སྣོན་མ་ཞིག།།
འབྱོར་ལྡན་ཞིག་གི་མིང་གྲགས་རག་ན་དོན་མེད་དངངས་སྐྲག་ཐོལ་བ་ཞིག།།
དཔོན་པོ་ཞིག་གི་གོ་གནས་ཐོབ་ན་སེམས་ཁྲལ་ཁུར་པོ་སྣོན་མ་ཞིག།།
དབེན་པའི་ཆོས་ཀྱི་རི་ཁྲོད་འགྲིམ་ན་དོན་དམ་སེམས་ཀྱི་བདེ་སྐྱིད་ཅིག།།

ཆར་རླུང་འཐབ་པའི་འཇའ་ཚོན་སྣ་ལྔས་མིག་གི་དབང་པོ་བྲིད་པ་དང་།།
མཛེས་སྡུག་འབར་བའི་སྒྱུ་མའི་འཕྲུལ་གྱིས་ཡིད་ཀྱི་བརྟན་པ་བརྐུས་པ་རྣམས།།
བསམ་བཞིན་བསམ་ན་འཁོར་བའི་ཆོས་ནི་རྫུན་གྱི་མགོ་ཁུངས་ཉིད་དུ་སྣང་།།
རྫུན་གྱི་འཕྲུལ་སྣང་ཡོད་ཚད་བོར་ནས་བདེན་པའི་འོད་སྣང་འཚོལ་དུ་འགྲོ།།
ཤེས་བྱ་སློབ་པའི་ངལ་དུབ་འདི་ཡིས་སེམས་ཀྱི་ཨ་ཐང་ཆད་པའི་སྐབས།།མཛེས་སྡུག་འབར་བའི་སྒྱུ་མའི་འཕྲུལ་གྱིས་ཡིད་ཀྱི་བརྟན་པ་བརྐུས་པ་རྣམས།།
བསམ་བཞིན་བསམ་ན་འཁོར་བའི་ཆོས་ནི་རྫུན་གྱི་མགོ་ཁུངས་ཉིད་དུ་སྣང་།།
རྫུན་གྱི་འཕྲུལ་སྣང་ཡོད་ཚད་བོར་ནས་བདེན་པའི་འོད་སྣང་འཚོལ་དུ་འགྲོ།།
ཆོས་ཕུང་བཞུགས་པའི་དཔེ་མཛོད་ཁང་ནས་བཀའ་གདམས་གསུང་འགྲོས་ཡིག་རྙིང་དང་།།
སྔོན་བྱོན་གོང་མའི་རྣམ་ཐར་དཔེ་ཚོགས་མིག་ཤར་དལ་གྱིས་བྱས་པ་ན།།
ཟང་ཟིང་འཁོར་བའི་ཡོ་ལང་བོར་ནས་དབེན་པའི་རི་ཁྲོད་འགྲིམ་དགོས་སྙམ།།
ཞེས་པ་འདི་ནི། དེང་གི་ཆར་ཁོ་བོས་ཨིན་བོད་ཀྱི་རིག་པའི་གནས་དུ་མ་ཞིག་ལ་འབད་པ་ཆེན་པོས་སྦྱངས་པ་བསྟེན་ཀྱང་སེམས་ཀྱི་བདེ་སྐྱིད་ཡེ་ནས་མེད་པར་མ་ཟད། དེ་མུར་ལུས་ཚེ་མི་ཚེ་དོན་མེད་དུ་རྫོགས་རྒྱུ་ངེས་སྙམ་ནས། བློ་གསལ་གླིང་དཔེ་མཛོད་ཁང་ནས་བཀའ་གདམས་གོང་མའི་གསུང་བགྲོས་ཐོར་བུ་དང་། སྔོན་བྱོན་མཁས་གྲུབ་ཁག་ཅིག་གི་ཆབ་ཤོག དེ་བཞིན་དེ་དག་གི་རྣམ་ཐར་དཔེ་རྙིང་དུ་མ་ཞིག་མཇལ་ཏེ་དེ་དག་གི་རྗེས་སུ་སློབ་ཐུབ་ན་ཅི་མ་རུང་སྙམ་པའི་ངེས་འབྱུང་སྤུ་སེང་བ་ཞིག་གིས་བསྐུལ་ནས། ཆོས་དང་འཇིག་རྟེན་གཉིས་ཀྱི་བར་དོ་བ་ཆོས་ནོར་གཉིས་མེད་ཀྱི་ཐ་ཤལ་བ་བེ་རི་དཔལ་ལྡན་རྣམ་རྒྱལ་གྱིས། ༢༠༡༡། ༢། ༡༢། ཉིན་དཔེ་མཛོད་ཁང་ནས་སྦྱར་བའོ།།