མ་སུ་རི་ཡི་མཚན་མོ།
བེ་རི་རྒྱལ་སྲས།
ཁ་སང་མ་སུ་རིར་སྐྱོད་དུས།།
ཉི་མ་ཁ་ཤས་ཀྱི་རིང་ལ།།
ཚེ་གང་བརྗེད་ཐབས་རང་མེད་པའི།།
དྲན་རྟེན་སྙིང་ཁ་ལ་བརྐོས་སོང་།།
ཉི་མ་རི་རྩེ་ནས་ནུབ་དུས།།
ང་ཚོ་ལག་གདང་དེ་སྦྲེལ་ནས།།
ཁྲོམ་གཞུང་འཆམ་འཆམ་དུ་བསྐྱོད་པའི།།
དུས་དེ་བརྗེད་ཐབས་རང་མི་འདུག།
ཁྱེད་ཀྱི་ཞལ་རས་ཀྱི་ངོས་ལ།།
ཡིད་འོང་འཛུམ་ཆུང་གི་མཛེས་ཀོང་།།
ཐེངས་མང་བརྗེད་ཐབས་ཤིག་བྱས་ཀྱང་།།
སེམས་ནས་གསུབ་ཐབས་རང་མི་འདུག།
ཁྱེད་ཀྱིས་ཁོ་བོ་ལ་བཅངས་པའི།།
ཡིན་ལུགས་ཚུལ་ལྡན་གྱི་གུས་ཞབས།།
ཁྲེལ་མེད་བུ་ཆུང་གི་ཚོར་བར།།
གེགས་དང་བར་ཆད་རང་རེད་འདུག།
གློག་འོད་དམར་པོ་ཡི་འོག་ཏུ།།
སྟོད་ཐུང་དམར་པོ་ཞིག་གྱོན་ནས།།
མཆུ་རྩི་དམར་པོ་དེ་བྱུག་དུས།།
ངའི་སེམས་རང་དབང་ཞིག་ཡོད་དམ།།
ཁྱེད་ཀྱི་ཞི་འཇམ་གྱི་གཤིས་ཀ།
ང་ཡི་སྙིང་ཁ་ལ་སིམ་སོང་།།
ཚོར་བའི་མེ་དཔུང་འདི་འབར་ཡང་།།
དུ་བ་དོན་ཐབས་ཤིག་མི་འདུག།
སྐྱིད་པའི་རི་གཤོངས་*ཀྱི་ཁྲོད་དུ།།
ང་ཡི་སེམས་པ་འདི་ལུས་འདུག།
ཚ་དྲོད་མ་ཡལ་བའི་གོང་དུ།།
ཁྱེད་ཀྱིས་ཕྱག་ཟུང་གིས་བཞེས་རོགས།།
སོ་སོའི་ས་མཚམས་ལས་བརྒལ་ནས།།
སྟོང་བསམ་ཞིང་ཁམས་ལ་འགྲིམ་པར།།
ཚོར་བར་གཅེས་སྤྲས་ཤིག་མེད་ཀྱང་།།
འཕྱ་སྨོད་མ་གནང་རོགས་གྲོགས་མོ།།
ཤར་ལྷོ་ནུབ་བྱང་དུ་འགྲིམས་ནས།།
མཛེས་མ་མང་པོ་ཞིག་མཐོང་ཡང་།།
སྙིང་གི་རྩ་བ་ནས་འཕྲོག་མཁན།།
བུ་མོ་ཁྱེད་ཉིད་ལས་མ་བྱུང་།།
ཟུངས་ཁྲག་དམར་དམར་དུ་འཛག་པའི།།
སྙིང་ཆུང་རལ་པོ་འདི་ཁུར་ནས།།
མིག་ཆུ་ཁོག་པ་རུ་མིད་བཞིན།།
རྒྱ་གར་ལྷོ་ཕྱོགས་ལ་ཆས་འགྲོ།།
སོ་སོའི་ཁ་སྟབས་ལ་མ་བལྟས།།
ཁྱེད་ལ་རེ་བ་ཞིག་བྱས་པ།།
ཟླ་བར་ལག་སྙོབ་དང་འདྲ་བས།།
རང་སྡུག་རང་ཉོས་རང་རེད་འདུག།
ཁྱེད་ཉིད་རང་འཚམ་གྱི་མི་དང་།།
མི་ཚེ་སྐྱིད་པོ་ཞིག་སྐྱོལ་དང་།།
ཁོ་བོས་ཁེར་རྐྱང་གི་ཤག་ནས།།
གསོལ་བ་སྨོན་ལམ་རེ་འདེབས་ཆོག།
༢༠༡༨/༤/༡༡ ཉིན་མེ་འཁོར་ནས།
ཕྱི་དྲོ།༧:༤༠
- Happy valley