Wednesday, November 23, 2016

རྒྱ་གར་གྱི་སྙན་ངག་ལ་མགོ་འདོགས་མི་དགོས།



                 
                                                                      
                    དེ་རིང་ཁོ་བོས་འདིར་གླེང་འདོད་པ་ནི། རང་ཅག་ཁ་བ་ཅན་པས་རིག་གཞུང་ཐམས་ཅད་ཀྱི་འབྱུང་ཁུངས་རྒྱ་གར་ལ་གཏུགས་རྒྱུའི་འཚང་ཁ་རྒྱག་པའི་ཁྲོད། བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་བརྡའི་ཤི་གསོན་གྱི་མཚམས་འདིར་བོད་རང་གི་ཕ་སྐད་གཙང་མའི་བླ་སྲོག་གཅེས་སྲུང་གི་ཆེད་དུ་བོད་ཀྱི་སྙན་ངག་རིག་པ་འདི་ཉིད་རྒྱ་གར་སྙན་ངག་གི་ཤན་ཤུགས་མ་ཐེབས་པར་རྩམ་དྲི་བྲོ་བའི་སྙན་ངག་གི་མེ་རོ་གསོ་བའི་སྐད་ཆ་ཁ་ཤས་ཞུ་འདོད་བྱུང་།
       བོད་རང་ལ་ཆེས་སྔ་མོའི་དུས་ནས་སྙན་ངག་གི་འགྱུར་ཁུག་ཆེས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ནི་ད་ལྟར་མཇལ་དུ་ཡོད་པའི་ཕ་ཡུལ་གྱི་མགུར་རྣམས་ལས་ཤེས་ཐུབ་མོད། འོན་ཀྱང་། སངས་རྒྱས་ཆོས་ལུགས་རྒྱ་གར་ནས་དར་སྤེལ་བྱས་པའི་སྐབས་དང་བསྟུན་ནས་སྟབས་མ་ལེགས་པ་ཞིག་ལ་རྒྱ་གར་གྱི་སྙན་ངག་མང་པོ་ཞིག་ཀྱང་བོད་སྒྱུར་བྱས་པ་ཙམ་མ་ཟད། དེའི་འཆད་ཉན་བགྱི་བའི་སྲོལ་ཞིག་ཀྱང་དར་བའམ་སྤེལ་བ་ནས་བཟུང་། བོད་རང་གི་ཐུན་མོང་མ་ཡིན་པའི་སྙན་ངག་དང་སྐད་ཆའི་སྒྱུ་རྩལ་རྣམས་ལྕགས་སྒམ་ནང་དུ་བསྡུས་པ་དང་། དེ་དང་འབྲེལ་ནས་བོད་རང་གི་བསམ་བློ་དང་། འདུ་ཤེས་སོགས་ཀྱང་རིམ་བཞིན་ཤེས་ཡོན་ཅན་གྱི་སྡེ་ནས་ཡལ་སོང་བ་རེད།
          བོད་པའི་ཤེས་ཡོན་གྱི་སྡེ་ཕལ་མོ་ཆེའི་ཆོས་ལུགས་ཀྱི་ལྟ་གྲུབ་ནི་རྒྱ་གར་གྱི་སངས་རྒྱས་པའི་ལྟ་གྲུབ་ཀྱིས་ཡོངས་སུ་བཟུང་བ་ནི་ལྟ་ཅི་སྨྲོས་ཏེ། ཐ་ན་སྐད་ཆའི་སྒྱུ་རྩལ་ཡན་ཆད་ནས་རྒྱ་གར་བས་བཙན་བཟུང་བྱས་པ་ལ་བརྟེན་ནས་མི་ལོ་བརྒྱད་བརྒྱ་ཙམ་གྱི་རིང་བོད་པའི་ཤེས་ཡོན་ཅན་གྱི་སྡེ་ཕལ་མོ་ཆེའི་ཀླད་པའི་གྲུབ་ཆ་མང་ཆེ་བ་ཞིག་ནི་རྒྱ་གར་བ་རེད་ཅེས་བཤད་ཆོག 
          དེང་གི་ཆར་བོད་མི་གཞོན་སྐྱེས་རྣམས་མི་རིགས་ཀྱི་རྟོགས་པ་སད་ཅིང་། རྒྱལ་ཕྱི་ནང་གི་མཐོང་རྒྱ་ཇེ་ཆེར་གྱུར་པའི་སྐབས་འདིར་སྙན་ངག་ནི་མི་རིགས་ཤིག་གི་ཕ་སྐད་གཙང་མའི་ཉིང་ཁུ་ཡིན་པ་དང་། ཕ་སྐད་གཙང་མ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་པའི་གནས་ལུགས་མཐོང་ནས། རྒྱལ་ཁབ་ཅིག་ལ་ཆོས་ལུགས་ཀྱི་ལྟ་གྲུབ་མི་འདྲ་བ་ཡོད་ཆོག་ལ་ཡོད་ན་ལེགས་མོད། རང་མི་རིགས་ཀྱི་སྙན་ངག་ནི་རང་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པ་ཞིག་དགོས་པའི་ངེས་པ་ཇེ་གསལ་དུ་ཕྱིན་ཡོད།
          དེས་ན། ཁ་བ་གངས་ཅན་པ་ཞིག་ཡིན་ན་བོད་རང་གི་ཐུན་མོང་མ་ཡིན་པའི་རྩམ་དྲི་བྲོ་བའི་སྙན་ངག་བྲིས་ནས་བོད་རང་གི་བསམ་བློའི་འདུ་ཤེས་ཡོད་དགོས། བོད་པའི་སྙན་ངག་པ་ཞིག་ཡིན་ན། བོད་རང་གི་ལྗོན་ཤིང་ལ་འཛེགས་དགོས་པ་ལས་རྒྱ་གར་བའི་ཙན་དན་གྱི་ཤིང་འོག་འཛུལ་དགོས་དོན་མེད་ལ། འཛམ་གླིང་འདི་ན་སུས་ཀྱང་མཐོང་མ་མྱོང་བའི་ཨུ་དུམ་ཝ་ར་ལ་འཐམ་དགོས་དོན་མེད། གངས་ལྷ་མེ་ཏོག སྤང་རྒྱན་མེ་ཏོག་ལྟ་བུའི་བོད་རང་གི་མེ་ཏོག་གི་མཛེས་སྡུག་མྱོང་དགོས་པ་ལས། བོད་དུ་མཐོང་རྒྱུ་མེད་པའི་མེ་ཏོག་པད་མ་ལྟ་བུ་དྲི་བ་ཞིམ་རབས་དང་། མཛེས་རབས་གླེང་དགོས་དོན་མེད། བོད་རང་གི་སྟོད་ཀྱི་ཆུ་བོ་ཆེན་པོ་བཞི་དང་། སྨད་ཀྱི་ཆུ་བོ་ཆེན་པོ་བཞི། དེ་བཞིན་མཚོ་དང་མཚོའུ་གྲངས་ཀྱིས་མི་ལོང་བ་ཞིག་མདུན་དུ་བཞག་ནས་རྒྱ་གར་གྱི་ཆུ་རྫོར་བོ་གང་ག་ལྟ་བུ་ལ་འགྲམ་ཆུ་ལྡང་དོན་ག་ལ་ཡོད། རྨ་ཆེན་སྤོམ་ར་དང་། ཡར་ལ་ཤམ་བོ། མི་ཉག་གངས་དཀར་རི་བོ་ལྟ་བུའི་བོད་ཀྱི་སྲིད་པ་ཆགས་པའི་གངས་རི་དང་རྫ་རི། སྤང་རི་དང་བྲག་རི་མང་མ་དྲགས་ན་ཉུང་མི་དྲགས་པའི་རི་བོ་དེ་ལ་འཛེགས་ནས་ཀི་སྒྲ་སྒྲོག་དགོས་པ་ལས། རི་བོ་འབིགས་བྱེད་ལྟ་བུ་ཞིག་ལ་རྒྱང་ལྟ་བྱས་ནས་སྨོན་ལམ་འདེབས་དགོས་དོན་གཏན་ནས་མེད།
          བོད་ཀྱི་མཁས་པས་བྲིས་པའི་སྙན་ངག་ཕལ་མོ་ཆེ་ནི་རྩོམ་ལུགས་མེ་ལོང་མའི་ཁོག་པ་ནས་དོན་ཐུབ་མེད་ལ། བརྗོད་བྱ་ཆོས་ལུགས་ཀྱི་ར་བས་ཐར་ཐུབ་མེད། སྒྱུ་རྩལ་ནི་སྔར་བྲིས་བསྐྱར་བྲིས་ལས་གསར་གཏོད་ཀྱི་རྣམ་པ་དོན་མེད། དཔེ་དོན་ནི་རྒྱ་གར་བའི་རི་ར་བ་དང་རྩི་ཤིང་མེ་ཏོག་ལས་བོད་རང་གི་ཁྱད་ཆོས་རྩ་ནས་བསྟན་ཐུབ་མེད། འབྲི་ཡུལ་ནི་ཆོས་ལུགས་གང་ཞིག་གི་བླ་མ་ལས་བོད་རང་གི་སྤྱི་ཚོགས་ཀྱི་རྣམ་པ་གཏན་ནས་བྲིས་མེད།
མདོར་བསྡུས་ན། སྔོན་གྱི་སྙན་ངག་ཕལ་མོ་ཆེ་ཀློག་ཡོང་ན་སུ་ཞིག་ལ་བྲིས་མེད་ཐག་གསལ་པོར་གཅོད་མི་ཐུབ་ལ། སུ་ལ་སྦྱར་ན་ཡང་སྦྱོར་ཆོག་ཆོག་ཡིན། དཔེར་ན། ཐུགས་ནི་མ་དྲོས་རོལ་བའི་མཚོ་ལས་ཟབ།། གསུང་ནི་ཀ་ལ་པིང་ཀའི་དབྱངས་བཞིན་སྙན།། སྐུ་ནི་རི་བོ་འབིགས་བྱེད་ལས་ཀྱང་བརྗིད།། རྒྱལ་བ་མཆོག་ལ་གུས་པས་ཕྱག་འཚལ་ལོ།། ཞེས་པ་ལྟ་བུར་མཚོན་ན། ཐུགས་ཀྱི་དཔེ་མ་དྲོས་རོལ་བའི་མཚོ་དང་། གསུང་གི་དཔེ་ཀ་ལ་པིང་ཀ་དང་། རི་བོ་འབིགས་བྱེད་སོགས་ནི་གྲིབ་ནག་ཙམ་ཡང་མཐོང་མ་མྱོང་བར་ད་དུང་དོན་དེ་གསལ་བར་བྱེད་པའི་དཔེ་སྦྱར་ནི་ཅི་འདྲའི་ཅོལ་ཆུང་ཞིག་མ་ཡིན་ནམ།
          ད་དུང་། གོང་གི་ཚིགས་བཅད་དེ་སུ་ཞིག་ལ་འབྲི་འབྲི་ཡིན་པས་སྙན་ངག་འབྲི་སྐབས་ཚོར་བ་གཏན་ནས་མི་དགོས། ཐུགས་ནི་མ་དྲོས་རོལ་བའི་མཚོ་ལས་ཟབ།། གསུང་ནི་ཀ་ལ་པིང་ཀའི་དབྱངས་བཞིན་སྙན།། སྐུ་ནི་རི་བོ་འབིགས་བྱེད་ལས་ཀྱང་བརྗིད།། རྒྱལ་མཆོག་ཀརྨ་པ་ནི་ཕྱག་གི་ཡུལ།། ཞེས་རྒྱལ་བ་ཀརྨ་པ་ཞེས་མཚན་བརྗེ་བ་ཙམ་གྱིས་ཆོག་ལ།  ཐུགས་ནི་མ་དྲོས་རོལ་བའི་མཚོ་ལས་ཟབ།། གསུང་ནི་ཀ་ལ་པིང་ཀའི་དབྱངས་བཞིན་སྙན།། སྐུ་ནི་རི་བོ་འབིགས་བྱེད་ལས་ཀྱང་བརྗིད།། ས་སྐྱ་གོང་མ་མཆོག་ནི་ཕྱག་གི་ཡུལ།། ཞེས་ས་སྐྱ་གོང་མ་ལའང་སྦྱོར་ཆོག་པས། སྙན་ངག་འདི་རིགས་འབྲི་སྐབས་ཚོར་བ་གཏན་ནས་མེད་པར་གང་བྱུང་དུ་འབྲི་ཆོག་པས་འབྲི་མཁན་རང་ཉིད་ལ་ཚོར་བ་དང་བྲོ་བ་གང་ཡང་མེད་ན་ཀློག་མཁན་ལ་ཚོར་བ་ཇི་ལྟར་སྦྱིན་ཐུབ་སྟེ་ཚོར་བ་གང་ཡང་མེད་པར་ཡིག་འབྲུ་ཁ་ཤས་མིག་སྔར་མངོན་པ་ཙམ་ལས་མེད།
དེས་ག་ལ་ཚོད་དེ། འབྲི་ཡུལ་གྱི་བླ་མ་དེ་ཉིད་སྐུ་གཟུགས་མདའ་ལྟར་གུག་ཟིན་ན་ཡང་། སྐུ་ནི་རི་བོ་འབིགས་བྱེད་ལས་ཀྱང་བརྗིད།། ཅེས་དང་། གསུང་འགག་ནས་གཞན་གྱིས་གོ་ཐུབ་པའི་ཚོད་དུ་ཡོད་ཀྱང་། གསུང་ནི་ཀ་ལ་པིང་ཀའི་དབྱངས་བཞིན་འཇེབས།། ཞེས་དོན་ལ་ཐོབ་མིན་ལ་མི་ལྟོས་པར་ཚིག་གི་རྐང་པ་གང་ཙམ་དང་། རྒྱན་གྱི་མཚན་ཉིད་ཚང་ཙམ་གྱི་སྒོ་ནས་སྙན་ངག་ཏུ་འཇོག་པ་ནི་ཆེས་ཡ་ང་བ་ཞིག་མ་ཡིན་ནམ།
          དེས་ན། རྩོམ་ཡིག་འབྲི་སྲོལ་དང་། མཛེས་ཉམས་གཏོད་སྟངས། བློས་སློང་བཟོ་ཚུལ་རྒྱལ་ཁབ་གཞན་དང་མི་རིགས་ཀྱི་ལེགས་ཆ་ལེན་དགོས་པ་ནི་སྨྲོས་ག་ལ་དགོས་ཀྱང་། མི་རིགས་གཞན་གྱི་འབྲི་སྲོལ་ནི་རྒྱན་ཆ་ཙམ་ལས་རང་མི་རིགས་ཀྱི་ཕ་སྐད་གཙང་མའི་བྲོ་བ་ཡལ་སོང་ན་མི་ཡོང་བས་བོད་རང་གི་སྙན་ངག་དང་མགུར་སོགས་ཀྱི་བྲོ་བ་མྱོང་མགོ་འཛུགས་དགོས་པ་ལས། རྒྱ་གར་བའི་སྙན་ངག་ཅིག་ལ་འགྲེལ་བཤད་ཆོད་ལ་མ་ཆོད་ལ་བྱེད་དགོས་དོན་གཏན་ནས་མེད་ཅིང་། དེ་ལྟར་བྱེད་པ་ནི་དུས་ཚོད་འཕྲོ་བརླག་ཉིད་དོ།། ཞེས་སྨྲའོ།།
          ཕ་སྐད་གཙང་མ་རྒྱལ་ལོ། བོད་ཀྱི་སྙན་ངག་རྒྱལ་ལོ།། ཞེས་བསམ་ཚུལ་ཙམ་དུ་ཞི་འཚོ་དཔེ་མཛོད་ཁང་དུ་ཐོལ་བྱུང་དུ་བྲིས་སོ།། ༢༠༡༦། ༡༡། ༡༥ ཉིན།