Monday, November 16, 2015

ཁུ་སིམ་སིམ་གྱིས་དྲན་པའི་ཁྱེད།

              ------- བེ་རི་རྒྱལ་སྲས།

ཁ་སང་སེམས་པ་འཁྲུག་པའི་གདོན་འཕྲུལ་གྱིས།།
དོན་མེད་ཁ་རྩོད་ཤོར་བའི་ནོངས་འགྱོད་ཀྱིས།།
སྙིང་དང་བཞིན་རས་བརླན་པའི་སྐད་ཆ་འདི།།
ཁྱེད་ཀྱིས་མ་གོ་ས་ནས་ཤུབ་བཞིན་ཡོད།།

མཚོ་མོ་ལས་ཀྱང་ཟབ་པའི་བརྩེ་དུང་ལ།།
ངར་འཛིན་རྡོ་བ་འཕངས་པའི་དཀྲུག་རྐྱེན་གྱིས།།
ས་སྙིགས་ཁ་རུ་ལྡིང་བའི་ཆུ་སྙོགས་འདི།།
ཡུད་ཙམ་ཞིག་ནས་སྔར་བཞིན་དྭངས་བར་འགྱུར།།

ང་ཡི་གཤིས་ཀ་ཇི་ཙམ་རྩུབ་ན་ཡང་།།
སེམས་ཀྱི་གཏིང་ན་ཡོད་པ་ཁྱེད་ཉིད་ཡིན།།
ཁྱེད་ཉིད་ང་ལ་ཇི་ཙམ་ཁྲོ་ན་ཡང་།།
ཁྱེད་ཀྱི་སེམས་ནས་དྲན་པ་ང་རང་ཡིན།།

ཁྱེད་ཉིད་རྟག་ཏུ་སྐྱིད་པོར་གནས་གྱུར་ན།།
ང་དང་རིང་དུ་གྱུར་ཡང་འཁང་ར་མེད།།
ཁོ་བོ་སྡུག་གིས་མནར་ཡང་འགྱོད་པ་མེད།།
ང་ལ་དགོས་པ་ཁྱེད་ཀྱི་བདེ་སྐྱིད་ཡིན།།

༢༠༡༥/༡༡/༡༧ ཚོུད། ༡༡:༥༠ སྔ་དྲོ། རང་སྤྱིལ།