Thursday, May 15, 2014

ཚིགས་བཅད་སྡེབ་སྦྱོར་གྱི་བརྗོད་པ་བཤད་པ།



 
དང་པོ། ཚིགས་བཅད་ཀྱི་སྡེབ་སྦྱོར་བཤད་པ།

ཚེག་བར་གསུམ་པ་ཅན།
སྙིང་ཁོང་གི།
བརྩེ་བ་འདི།།
ཁྱེད་ཉིད་ལ།།
ལེགས་སྐྱེས་འབུལ།།        ལྟ་བུ།

ཚེགས་བར་བཞི་པ་ཅན།
སྙིང་ཁོང་གཏིང་གི།
བརྩེ་དུང་དམར་པོ།།
མཛེས་ལྡན་ཁྱེད་ལ།།
ལེགས་སྐྱེས་ཕུལ་ཡོད།།     ལྟ་བུ།།

ཚེག་བར་ལྔ་བ་ཅན།
སྙིང་ཆུང་གི་གཏིང་ནས།།
ལྷད་མེད་ཀྱི་བརྩེ་དུང་།།
མཛེས་ལྡན་གྱི་བུ་མོར།།
ལེགས་སྐྱེས་སུ་ཕུལ་ཡོད།།   ལྟ་བུ།།

ཚེག་བར་དྲུག་པ་ཅན།
སྙིང་ཆུང་དམར་པོའི་གཏིང་གི།
ལྷད་མེད་བརྩེ་དུང་དམར་པོ།།
མཛེས་ལྡན་བུ་མོ་ཁྱེད་ལ།།
ལེགས་པའི་སྐྱེས་སུ་ཕུལ་ཡོད།།       ལྟ་བུ།

ཚེག་བར་བདུན་པ་ཅན། འདིའི་མན་ཆད་རིགས་གསུམ་དུ་ཕྱེ་ནས་བཤད་པར་བྱ་སྟེ།
༡༽ ཚེག་བར་བདུན་པ་ཅན་གསུམ་པ་ལ་ངལ་གསོ་ཐོབ་པ།
སྙིང་ཁོང་གི་རུས་པའི་གསེབ་ནས།།
ལྷད་མེད་ཀྱི་བརྩེ་དུང་དམར་པོ།།
མཛེས་ལྡན་གྱི་བུ་མོ་ཁྱེད་ལ།།
དྲན་རྟེན་གྱི་ལེགས་སྐྱེས་ཕུལ་ཡོད།།   ལྟ་བུ།
༢༽ ཚེག་བར་བདུན་པ་ཅན་ལྔ་པ་ལ་ངལ་གསོ་ཐོབ་པ།
དམར་ཆུང་སྙིང་ཁོང་གི་གཏིང་ནས།།
ལྷད་མེད་བརྩེ་དུང་གི་མེ་ཏོག།།
ང་ཡི་མཛེས་ལྡན་གྱི་བུ་མོར།།
དྲན་པའི་ལེགས་སྐྱེས་སུ་ཕུལ་ཡོད།།   ལྟ་བུ།
༣༽ ཚེག་བར་བདུན་པ་ཅན་ཐ་མ་ལ་ངལ་གསོ་ཐོབ་པ།
ཟུར་གསུམ་སྙིང་ཆུང་དམར་པོ་ཡི།།
ལྷད་མེད་བརྩེ་དུང་མེ་ཏོག་འདི།།
མཛེས་ལྡན་བུ་མོ་ཁྱེད་ཉིད་ལ།།
ཐུགས་སེམས་དགྱེས་པའི་ལེགས་སྐྱེས་ཕུལ།།  ལྟ་བུ།

ཚེག་བར་བརྒྱད་པ་ཅན། འདི་ལའང་རིགས་གསུམ་ཡོད་དེ།
༡༽ ཚེག་བར་བརྒྱད་པ་ཅན་ཐོག་མར་ལ་ངལ་གསོ་ཐོབ་པ།
ནང་དམར་ཆུང་སྙིང་གི་གཏིང་རུམ་གྱི།།
ལྷད་མེད་པའི་བརྩེ་དུང་མེ་ཏོག་འདི།།
ཆེས་མཛེས་སྡུག་ལྡན་པའི་བུ་མོ་ལ།།
བུ་ང་ཡིས་ལེགས་པའི་སྐྱེས་སུ་ཕུལ།། ལྟ་བུ།

༢༽ ཚེག་བར་བརྒྱད་པ་ཅན་ངལ་གསོ་མི་ཐོབ་པ།
ཟུར་གསུམ་དམར་ཆུང་སྙིང་ཁོང་གཏིང་གི།།
ལྷད་མེད་བརྩེ་དུང་མེ་ཏོག་ཆུན་པོ།།
མཛེས་སྡུག་ལྡན་པའི་བུ་མོ་ཁྱེད་ལ།།
བུ་ཆུང་ང་ཡིས་ལེགས་སྐྱེས་ཕུལ་ཡོད།།         ལྟ་བུ།
༣། ཚེག་བར་བརྒྱད་པ་ཅན་གསུམ་པ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།
དམར་ཆུང་གི་ཟུར་གསུམ་སྙིང་ཁོང་ནས།།
ལྷད་མེད་ཀྱི་བརྩེ་དུང་དངས་མ་འདི།།
མཛེས་ལྡན་གྱི་བུ་མོ་ཁྱེད་ཉིད་ལ།།
དྲན་རྟེན་གྱི་ལེགས་སྐྱེས་ཕུལ་ཡོད་ལགས།།     ལྟ་བུ།


ཚེག་བར་དགུ་པ་ཅན་གྱི་སྡེབ་སྦྱོར། འདི་ལའང་རིགས་གསུམ་ཡོད་པ་ལས།
༡། ཚེག་བར་དགུ་པ་ཅན་ཐ་མ་ལ་ངལ་གསོ་ཐོབ་པ།།
དམར་ཆུང་ཟུར་གསུམ་སྙིང་གི་གཏིང་རུམ་ནས།།
ལྷད་མེད་བརྩེ་དུང་དངས་མའི་མེ་ཏོག་འདི།།
ཡིད་འོང་མཛེས་ལྡན་བུ་མོ་ཁྱེད་ཉིད་ལ།།
མི་ཚེ་འདི་ཡི་ལེགས་སྐྱེས་ཟོལ་གྱིས་ཕུལ།།     ལྟ་བུ།

  ཚེག་བར་དགུ་པ་ཅན་བདུན་པ་ལ་ངལ་གསོ་ཐོབ་པ།

ཟུར་གསུམ་དམར་ཆུང་སྙིང་ཁོང་གི་གཏིང་ནས།།
ལྷད་མེད་ང་ཡི་བརྩེ་དུང་གི་མེ་ཏོག།
ཡིད་དབང་འཕྲོག་པའི་མཛེས་ལྡན་གྱི་བུ་མོར།།
ཁྱེད་ཉིད་དགྱེས་པའི་ལེགས་སྐྱེས་སུ་ཕུལ་ཡོད།།           ལྟ་བུ།

༣ ། ཚེག་བར་དགུ་པ་ཅན་ལྔ་པ་ལ་ངལ་གསོ་ཐོབ་པ།

ཟུར་གསུམ་སྙིང་ཆུང་གི་རུས་པའི་གསེབ་ནས།།
ལྷད་མེད་དངས་གཙང་གི་བརྩེ་དུང་དམར་པོ།།
ཡིད་འཕྲོག་མཛེས་ལྡན་གྱི་བུ་མོ་ཁྱེད་ལ།།
རིན་བྲལ་ལེགས་སྐྱེས་ཀྱི་ཟོལ་དུ་ཕུལ་ཡོད།།     ལྟ་བུ།

ཚེག་བར་བཅུ་པ་ཅན་གྱི་སྡེབ་སྦྱོར། འདི་ལའང་རིགས་གསུམ་ཡོད་པ་ལས།
༡།  ཚེག་བར་བཅུ་པ་ཅན་དང་པོ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།

ནང་སེམས་པའི་གཏིང་གི་སྙིང་ཁོང་གི་དབུས་ནས།།
ལྷད་མེད་པའི་བརྩེ་དུང་མེ་ཏོག་གི་ཆུན་པོ།།
ཡིད་དབང་མེད་འཕྲོག་པའི་མཛེས་ལྡན་གྱི་བུ་མོར།།
བུ་ང་ཡིས་དྲན་རྟེན་ལེགས་སྐྱེས་སུ་ཕུལ་ཡོད།།  ལྟ་བུ།




༢།  ཚེག་བར་བཅུ་པ་ཅན་གསུམ་པ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།

ཟུར་གསུམ་གྱི་སྙིང་ཆུང་དམར་པོ་ཡི་གསེབ་ནས།།
དྭངས་གཙང་གི་སེམས་པ་ལྷད་མེད་ཀྱི་བརྩེ་དུང་།།
མཛེས་སྡུག་གི་གོང་བུ་ཡིད་འཕྲོག་གི་ལྷ་མོར།།
མི་ཚེ་ཡི་སྙིང་པོ་ལེགས་སྐྱེས་སུ་ཕུལ་ཡོད།།               ལྟ་བུ།

༣།  ཚེག་བར་བཅུ་པ་ཅན་བདུན་པ་དང་བཅུ་པ་ལ་ངལ་གསོ་ཐོབ་པ།

ཡིད་ཀྱི་དབང་རྟེན་ཟུར་གསུམ་སྙིང་ཆུང་གི་གཏིང་ནས།།
དྭངས་གཙང་ལྷད་པ་མེད་པའི་བརྩེ་དུང་གི་མེ་ཏོག།
ཀུན་གྱི་ཡིད་དབང་འགུགས་པའི་མཛེས་ལྡན་གྱི་བུ་མོར།།
ལྷན་འཛོམས་དྲན་རྟེན་བསམས་ནས་ལེགས་སྐྱེས་སུ་ཕུལ་ཡོད།།    ལྟ་བུ།

ཚེག་བར་བཅུ་གཅིག་ཅན་གྱི་སྡེབ་སྦྱོར། འདི་ལ་རིགས་གསུམ་སྟེ།།
༡། ཚེག་བར་བཅུ་གཅིག་པ་ཐ་མ་ལ་ངལ་གསོ་ཐོབ་པ།

སེམས་ཀྱི་གཞི་རྟེན་ཟུར་གསུམ་དམར་ཆུང་སྙིང་ཁོང་ནས།།
དྭངས་གཙང་ལྷད་པ་མེད་པའི་བརྩེ་དུང་མེ་ཏོག་འདི།།
ཀུན་གྱི་ཡིད་དབང་འགུགས་པའི་མཛེས་ལྡན་བུ་མོ་ལ།།
ངེད་གཉིས་ལྷན་འཛོམས་དྲན་རྟེན་གྱིས་ལེགས་སྐྱེས་ཕུལ།།          ལྟ་བུ།

༢།  ཚེག་བར་བཅུ་གཅིག་པ་དགུ་པ་ལ་ངལ་གསོ་ཐོབ་པ།


ཟུར་གསུམ་སྙིང་ཆུང་དམར་པོའི་རུས་རྐང་གི་གསེབ་ནས།།
དྭངས་གཙང་ལྷད་པ་མེད་པའི་བརྩེ་དུང་གི་མེ་ཏོག།།
ཀུན་གྱི་ཡིད་དབང་ཕྲོག་པའི་མཛེས་ལྡན་གྱི་བུ་མོར།།
ནམ་ཡང་འགྱུར་བ་མེད་པའི་ལེགས་སྐྱེས་སུ་ཕུལ་ཡོད།།   ལྟ་བུ།

༣། ཚེག་བར་བཅུ་གཅིག་པ་ལྔ་པ་ལ་ངལ་གསོ་ཐོབ་པ།
ཟུར་གསུམ་སྙིང་ཆུང་གི་སེམས་པའི་གཏིང་ནས།།
དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་མེ་ཏོག་ཆུན་པོ།།
ཡིད་དབང་ཅིག་ཅར་དུ་འཕྲོག་པའི་མཛེས་ལྡན་བུ་མོ་ཁྱེད་ལ།།
ནམ་ཡང་འགྱུར་མེད་ཀྱི་མི་ཚེའི་ལེགས་སྐྱེས་ཕུལ་ཡོད།།            ལྟ་བུ།

ཚེག་བར་བཅུ་གཉིས་པའི་སྡེབ་སྦྱོར། འདི་ལ་རིགས་གསུམ་སྟེ།

༡༽ ཚེག་བར་བཅུ་གཉིས་པའི་རིགས་དང་པོ་ལྔ་པ་དང་བཅུ་པ་ལ་ངལ་གསོ་ཐོབ་པ།
ཟུར་གསུམ་སྙིང་ཆུང་གི་སེམས་ཁམས་ཀྱི་གཏིང་ནས།།
དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་མེ་ཏོག་གི་ཆུན་པོ།།
ཡིད་དབང་ཅིག་ཅར་དུ་འཕྲོག་པའི་མཛེས་ལྡན་གྱི་བུ་མོ།།
ནམ་ཡང་འགྱུར་མེད་ཀྱི་མི་ཚེའི་ལེགས་སྐྱེས་སུ་ཕུལ་ཡོད།།         ལྟ་བུ།།

༢༽ ཚེག་བར་བཅུ་གཉིས་པའི་རིགས་གཉིས་པ་ངལ་གསོ་མི་ཐོབ་པ།
ཟུར་གསུམ་སྙིང་ཆུང་དམར་པོའི་སེམས་པའི་གྲུ་ཁ་ཞིག་ནས།།
དྭངས་གཙང་ལྷད་མེད་པ་མེད་པའི་བརྩེ་དུང་མེ་ཏོག་ཆུན་པོ།།
ཡིད་དབང་ཅིག་ཅར་འཕྲོག་པའི་མཛེས་ལྡན་བུ་མོ་ཁྱེད་ལ།།
ནམ་ཡང་འགྱུར་བ་མེད་པའི་མི་ཚེའི་ལེགས་སྐྱེས་ཕུལ་ཡོད།།        ལྟ་བུ།།


༣༽ ཚེག་བར་བཅུ་གཉིས་པའི་རིགས་གསུམ་པ་དང་པོ་དང་བཅུ་པ་ལ་ངལ་གསོ་ཐོབ་པ།

ནང་སེམས་ཀྱི་དབང་རྟེན་ཟུར་གསུམ་སྙིང་ཆུང་གི་གཏིང་ནས།།
ལྷད་མེད་པའི་དྭངས་གཙང་བརྩེ་དུང་མེ་ཏོག་གི་ཆུན་པོ།།
ཡིད་དབང་མེད་འཕྲོག་པའི་མཛེས་ལྡན་སྙིང་སྡུག་གི་བུ་མོར།།
དུས་ནམ་ཡང་འགྱུར་མེད་མི་ཚེའི་ལེགས་སྐྱེས་སུ་ཕུལ་ཡོད།།       ལྟ་བུ།

ཚེག་བར་བཅུ་གསུམ་པ་ཅན་གྱི་སྡེབ་སྦྱོར། འདི་ལ་རིགས་གསུམ་ཡོད་པ་ལས།
 ༡༽ ཐ་མ་ལ་ངལ་གསོ་ཐོབ་པ།
ཟུར་གསུམ་སྙིང་ཆུང་དམར་པོའི་སེམས་པའི་གཏིང་རུམ་ནས།།
དྭངས་གཙང་ལྷད་པ་མེད་པའི་བརྩེ་དུང་མེ་ཏོག་ཆུན་པོ་འདི།།
ཀུན་གྱི་ཡིད་དབང་ཅིག་ཅར་འཕྲོག་པའི་མཛེས་ལྡན་ཁྱེད་ཉིད་ལ།།
ནམ་ཡང་མི་འགྱུར་ལེགས་སྐྱེས་འདི་ཉིད་དྲན་པའི་རྟེན་དུ་ཕུལ།།      ལྟ་བུ།             

༢༽ བཅུ་གཅིག་པ་ལ་ངལ་གསོ་ཐོབ་པ།

སེམས་ཀྱི་དབང་རྟེན་སྙིང་ཆུང་དམར་པོའི་སེམས་ཁམས་ཀྱི་གཏིང་ནས།།
དྭངས་གཙང་ལྷད་པ་མེད་པའི་བརྩེ་དུང་མེ་ཏོག་གི་ཆུན་པོ།།
ཡིད་དབང་ཅིག་ཅར་འཕྲོག་པའི་མཛེས་ལྡན་སྙིང་སྡུག་གི་བུ་མོར།།
ནམ་ཡང་འགྱུར་བ་མེད་པའི་མི་ཚེའི་ལེགས་སྐྱེས་སུ་ཕུལ་ཡོད།།     ལྟ་བུ།             


༣༽ ལྔ་པ་ལ་ངལ་གསོ་ཐོབ་པ།
ཟུར་གསུམ་སྙིང་ཆུང་གི་རུས་པའི་བར་སྲུབས་ཕྲ་མོ་ཞིག་ནས།།
དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་དམར་པོའི་མེ་ཏོག་ཆུན་པོ།།
ཀུན་ཡིད་དབང་མེད་དུ་འཕྲོག་པའི་མཛེས་ལྡན་བུ་མོ་ཁྱེད་ལ།།
ནམ་ཡང་འགྱུར་མེད་ཀྱི་མི་ཚེའི་ལེགས་སྐྱེས་ཟོལ་དུ་ཕུལ་ཡོད།།     ལྟ་བུ།