Sunday, January 5, 2014

Simple Poem on Napkin

ཞག་དང་ཟླ་བ་བང་རྩལ་འགྲན་པ་ཡིས།།
ལོ་ཡི་རི་མོ་ཐོད་པར་རིམ་བཞིན་གྱིས་ཤར།།
མཛུབ་མོ་རང་གི་གདོང་ལ་བཙུགས་བྱས་ཏེ།།
བསམ་གཞིགས་ཕྲ་མོའི་ཀློང་ན་ཐེངས་གཅིག་འཛུལ།།

བྱིས་པ་ལོ་བདུན་བར་དུ་ཕ་ཡུལ་ལ།།
ཐལ་རྩེད་རྡོ་རྩེད་ཅིག་གི་རྩེད་འཇོ་ལས།།
དེབ་སྨྱུག་ལག་ཏུ་ལེན་པའི་སྐལ་བ་དེ།།
ཉམ་ཆུང་ད་ཕྲུག་ང་ལ་ཐོབ་མ་གྱུར།།

དེ་ལྟར་ན་ཡང་ཨ་ཕ་དྲིན་ཅན་གྱིས།།
བྱམས་དང་བརྩེ་བས་བསྐྱངས་པའི་དྲོད་ཁོལ་འོག།
མཁས་མང་བློ་གསལ་བྱེ་བའི་གླིང་ཆེན་ན།།
ཤེས་རིག་སྦྲང་རྩི་འཇིབ་པའི་སྐལ་བ་བྱིན།།

བློ་གསལ་གླིང་གི་སློབ་ཆུང་ར་བ་དེར།།
ལོ་ངོ་བཅུ་རིང་ཨིན་བོད་ཤེས་བྱའི་གནས།།
རོབ་ཙམ་སྦྱངས་པའི་སྐལ་བ་བཟང་པོ་དེས།།
མི་ཚེའི་མདུན་ལམ་ཞིག་གི་རྐང་པ་བསྐྲུན།།

སློབ་ཐོན་རྗེས་སུ་སྙན་དེབ་དང་པོ་བཏོན།།
བློ་གསལ་ཤེས་ལྷན་ཁང་གི་ཨིན་དྲུང་བྱས།།
བློ་གླིང་དཔེ་མཛོད་དོ་དམ་པ་ཡང་བྱས།།
འདི་ལོ་ཆུང་ཆུང་དུས་ཀྱི་རྐང་རྗེས་ཤིག།


ས་རཱ་མཐོ་སློབ་ཁང་དུ་ཡིག་རྒྱུགས་ཕུལ།།
ཤེས་རིག་ཉམས་ཞིབ་པ་ཡི་ཁོངས་སུ་ཚུད།།
རིག་གནས་རབ་འབྱམས་པ་ཡི་ཤོག་བུ་བླངས།།
ཨིན་བོད་བརྡ་སྤྲོད་ཆེན་མོའི་གཞུང་ལུགས་བརྩམས།།

ཕོ་ལོ་ཉི་ཤུ་རྩ་ལྔའི་སྨད་ཆ་དེར།།
བྷུན་ཏར་མཐོ་སློབ་ཁང་གི་སློབ་དཔོན་བྱས།།
རང་རིགས་སློབ་མ་རྣམས་ལ་རྩོམ་རིག་གི།
ས་བོན་མི་དམན་ཙམ་ཞིག་བཏབ་ཁུལ་བྱས།།

མགོ་ནས་ཡར་འདྲེན་བྱེད་མཁན་མགོན་སྐྱབས་མེད།།
བར་དུ་ཕན་ཚུན་སྐྱོར་བའི་ཚ་ཞང་མེད།།
མཇུག་ནས་ཤུགས་ཀྱིས་འབུད་མཁན་གཉེན་ཚན་མེད།།
མེད་ཀྱང་མེད་ས་དེ་རུ་ལྷག་མྱོང་མེད།།

དྲིན་ཆེན་ཕ་མའི་ཐུགས་རེ་སྙིང་ལ་འཁྱིལ།།
ཕུགས་བསམ་འཚོལ་བའི་སྙིང་སྟོབས་རྟག་ཏུ་འབར།།
ལག་གཉིས་མིག་གཉིས་ཡོད་པའི་སྤོབས་པ་ཡིས།།
ཁ་གཅིག་གྲོད་གཅིག་ཅིའི་ཕྱིར་གསོ་མི་ཐུབ།།

ཆུང་ངུའི་དུས་ནས་ལས་དང་འབྲེལ་བ་ཡིས།།
མེ་ཚིའི་སྣེ་ཐག་གཅིག་ཏུ་འདྲེས་གྱུར་པའི།།
སྤུན་ཆུང་གཉིས་ནི་ཁོ་བོའི་མི་ཚེའི་ནང་།།
འདོར་དུ་མེད་པའི་འགན་འཁྲི་ཞིག་ཏུ་གྱུར།།

སྤུན་ཆུང་བཀྲ་རྡོར་རི་མོའི་སློབ་གྲྭར་ཐོན།།
རང་མགོ་ཐོན་ནས་འཚོ་བ་རང་གིས་སྐྱེལ།།
སྤུན་ཆུང་ཆོས་འཛོམས་རིག་རྩལ་ཤིན་ཏུ་རྒོད།།
མཐོ་སློབ་ཆེན་པོར་སློབ་གཉེར་བྱེད་བཞིན་མཆིས།། MCC) 

དེ་རིང་འདི་ན་ལྡི་ལི་གྲོང་ཁྱེར་དུ།།
ནེ་རུ་གཙུག་ལག་སློབ་གྲྭ་ཆེན་པོའི་ནང་།།
ངེད་ཅག་ཁ་ཤས་ལྟ་སྐོར་བྱེད་དང་ལྷན།།
རྗེས་མའི་སློབ་གཉེར་འཆར་གཞི་འདི་ནས་བསྒྲིགས།།

རིང་ནས་འདྲིས་ཀྱང་ཞལ་མཇལ་མ་བྱུང་བའི།།
ཨིན་ཇི་ཆེད་ལས་མཁས་མ་བསོད་ནམས་ཀྱིས།།
འདི་གའི་མཐོ་སློབ་ཆེན་པོའི་ར་བའི་ནང་།།
ཁྲིད་ནས་རྐང་པའི་མཐིལ་ཡང་འགད་ལ་ཁད།།

མི་ཚེ་ཞེས་པ་ནམ་དུས་ཤིག་དང་མཚུངས།།
དགའ་དང་སྐྱོ་བ་རིམ་བཞིན་འཁོར་ནས་ཡོང་།།
དྲོ་དུས་སྟོད་གོས་ཡེ་ནས་ཕུད་མི་ཉན།།
སྡུག་དུས་མགོ་བོ་ཡེ་ནས་བཏུམ་མི་ཉན།།

ཉིས་སྟོང་བཅུ་བཞི་རང་གི་མདུན་ན་འབྱོར།།
འཆར་གཞི་སྟོང་གིས་མགོ་བ་ན་རུ་བཅུག།
གོམ་པ་རེ་རེ་སྤོ་དུས་རྐང་རྗེས་ལ།།
ལྟ་བཞིན་གཟབ་གཟབ་དགོས་པ་བསླབ་བྱ་ཞིག།

༢༠༡༣། ༡། ༢། ཉིན་གྱི་ཞོགས་པར་ལྡི་ལི་མན་ཇུ་ཏྲི་ལ་ནས་སྐར་མ་བཅོ་ལྔའི་རིང་ཤར་མར་བྲིས། 
སྙན་ཆ་དང་སྒྱུ་རྩལ་ཨ་ཡོང་མ་བལྟས་པས་ཟིན་ཐོ་ཙམ་ཞིག་གི་ཆེད་དུ་བྲིས།